སང་ཉིན་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་ཉིན་མོ་དང་བསྟུན། འདི་ག་བཞུགས་སྒར་དུ་ཨོ་གླིང་དང་ནིའུ་ཛི་ལནྜ་དེ་བཞིན་ཧྥི་ཇི་བཅས་ནས་གྲོས་ཚོགས་འཐུས་མི་དྲུག་ཆེད་ཕེབས་གནང་འདུག

དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་ནས་བཟུང་ཕྱི་ཚེས་ ༡༢ བར་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཨོ་གླིང་བོད་དོན་ལྷན་ཁང་གི་འཛིན་སྐྱོང་འགན་འཛིན་ Dr. Zoe Bedford ལགས་གཉིས་ཀྱི་འགན་འཁུར་འོག ཨོ་གླིང་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ Barbara Pocock ལགས་དང་ཨོ་གླིང་ངལ་སྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ Satah Witty ལགས་དང་ Ducan Webb ལགས། ཨོ་གླིང་རང་སྐྱོང་གྲོས་ཚོགས་འཐུས་མི་ Kate Chaney ལགས། དེ་བཞིན་ནིའུ་ཛི་ལནྜ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Grag Fleming ལགས་དང་། ཧྥི་ཇི་རང་སྐྱོང་གྲོས་ཚོགས་འཐུས་མི་ Virendra Lal བཅས་བཞུགས་སྒར་དུ་ཆེད་ཕེབས་གནང་རྒྱུ་རེད་འདུག
གྲོས་ཚོགས་འཐུས་མི་རྣམས་ཀྱིས་སང་ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐབས་སྐུ་མགྲོན་དུ་ཆེད་བཅར་ཞུ་རྒྱུ་ཡིན་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཐུགས་འཕྲད་ཀྱིས་ལྷན་ཁང་ཁག་ཏུ་འཚམས་གཟིགས་གནང་རྒྱུ་རེད་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་ཨོ་གླིང་གི་ ABC གསར་ཁང་གི་རུ་ཁག་གཅིག་ཀྱང་མཉམ་ཞུགས་ཀྱིས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུ་དང་ལོ་རྗེས་མའི་༸སྐུའི་འཁྲུངས་སྐར་ཉིན་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག
རྩ་བའི་དེ་སྔ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་ Oslo ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་དང་འབྲེལ། སང་ཞོགས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཟེངས་རྟགས་དེ་ཉིད་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་མ་ཟད། སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Sukhvinder Singh Sukhu མཆོག་ཆེད་ཕེབས་གནང་རྒྱུ་ཡིན་པ་རེད་འདུག



