Tibetan Royal Year of 2151 | Year of the Wood Dragon

ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ཐུགས་དམ་ལ་བཞུགས་མུས།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དེ་རིང་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་པ་དང་། ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་རེད་འདུག

ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ The Foundation for the Preservation of the Mahayana Tradition (FPMT) དྲ་རྒྱར་སྤྱི་བསྒྲགས་ཤིག་སྤེལ་བར་གཞིགས་ན། ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་རེས་གཟའ་ཟླ་བ་ནས་བལ་ཡུལ་ཙུམ་གྲོང་གསེབ་རི་མགོར་བཞུགས་ཞག་མཛད་ཀྱང་ལ་དུག་གམ་ས་མཐོ་མི་འཕྲོད་པའི་དབང་གིས་༸སྐུ་གཟུགས་བདེ་མིན་བྱུང་བ་མ་གཏོགས་སྙུང་གཞི་གཞན་གང་ཡང་བཞེད་མེད་པ་དེ་ལྟར་ཡང་། དེ་རིང་རེས་གཟའ་ཕུར་བུ་ཉིན་ Kathmandu ཁུལ་དུ་ཕྱིར་ཕེབས་རྗེས་དབུགས་ཆད་སྟབས་ Karuna  སྨན་ཁང་གི་སྨན་པ་གཙོ་གྲས་ཀྱིས་སྨན་བཅོས་ཇི་ལྟར་ཞུས་ཀྱང་ཕན་འབྲས་མ་སོན་པས་བལ་ཡུལ་ནང་གི་སྔ་དྲོ་ཚོུད་ ༩༌༣༠ སྟེང་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ་དང་ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་ཡིན་སྐོར་བཀོད་འདུག

དེ་བཞིན་འབྲེལ་ཡོད་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་༸སྐུ་ཚེ་མ་ཟིན་པའི་སྐོར་སྙན་སེང་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ལམ་སྟོན་ཇི་ལྟར་མཛད་པ་བཞིན་མཁའ་འགྲོ་ཀུན་དགའ་ལགས་དབུ་བཞུགས་གཙོས་ཞབས་རིམ་ཁག་གསོག་སྒྲུབ་གནང་དང་གནང་མུས་རེད་འདུག

ལྷག་པར་དུ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཟིན་ཀྱང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་རིན་པོ་ཆེ་མཆོག་གི་སློབ་མ་དང་རྗེས་འཇུག་པ་ཚོས་རིན་པོ་ཆེ་མཆོག་གིས་རྣམ་ཀུན་ནས་མི་རྟག་པ་ལ་སོགས་པའི་བཀའ་ཆོས་ཇི་སྩལ་ཁག་ཉམས་བཞེས་གནང་རྒྱུ་དེ་ནི་རྗེས་དྲན་ལེགས་ཤོས་དེ་རེད་ཅེས་དང་ཆབས་ཅིག རིན་པོ་ཆེ་མཆོག་གི་འཁྲུལ་བྲལ་ཡང་སྲིད་རིན་པོ་ཆེ་གང་མྱུར་ཕེབས་ཏེ་བསྟན་འགྲོའི་དོན་མཛད་ཐུབ་པར་ཐུགས་སྨོན་གནང་སྐྱོང་ཡོང་བའི་གཞེན་སྐུལ་གྱི་སྤྱི་བསྒྲགས་ཤིག་སྤེལ་འདུག

རྩ་བའི་རིན་པོ་ཆེ་མཆོག་གི་ངོས་ནས་རིང་མིན་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་པ་དང་། དེའང་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་མུ་ནེའི་སྐུ་བརྙན་ ༡༠༠༠ ཐམ་པ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོར་ཆེད་འབུལ་ཞུ་རྒྱུ་སྟ་གོན་གནང་བཞིན་ཡོད་པ་རེད། 

ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༤༦ ལོར་བལ་བོད་མཐའ་མཚམས་ཤར་ཁུམ་བུའི་ཁུལ་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྦྱིན་པ་གནང་རྒྱུ་མཚོན་རྣམ་དཀར་གྱི་ལས་ལ་རང་བཞིན་གྱིས་སྤྲོ་བ་ཆེ་བ་སོགས་ཕལ་བའི་སྤྱོད་ཚུལ་ལས་འདས་པའི་རྟགས་མཚན་མང་དུ་ཡོད་སྟབས། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སོགས་བླ་མ་ལྔ་ནས་གསང་སྔགས་རྙིང་མ་པའི་རྣལ་འབྱོར་པ་ཀུན་བཟང་ཡེ་ཤེས་ཞུ་བ་ཡོངས་གྲགས་སུ་ལཱུའུ་རྡོ་བླ་མ་ཞེས་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་དགུང་ལོ་ ༧ ཙམ་ནས་འབྲི་ཀློག་སོགས་དབུ་ཚུགས། དགུང་ལོ་ ༩ ཐོག་གྲོ་མོ་དུང་དཀར་དགོན་དུ་ཕེབས་ནས་གྲོ་མོ་དགེ་བཤེས་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་ལོ་གསུམ་ལྷག་དེ་ཕྱོགས་སུ་བཞུགས།

༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་བཞུགས་པ་དང་། ༡༩༦༧ ལོར་༸སྐྱབས་རྗེ་བླ་མ་ཐུབ་བསྟན་ཡེ་ཤེས་ལགས་དང་ལྷན་དུ་བལ་ཡུལ་དུ་ཕེབས་ནས་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་ངམ་ཀོ་པན་དགོན་པ་དང་། བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་ཕྱག་བཏབ་པ་མ་ཟད། ༡༩༧༤ ལོར་ནུབ་ཕྱོགས་སུ་ཐོག་མར་ཕེབས་ཏེ་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ཞེས་པའི་ཆོས་ཚོགས་བཙུགས་པ་དང་། དེ་ནས་རིམ་བཞིན་ཨེ་ཤ་ཡ་དང་ཡོ་རོབ། བྱང་ཨ་མི་རི་ཀ་སོགས་སུ་རྒྱལ་ཁབ་ཁག་སོ་བདུན་ཙམ་ནང་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་ཡན་ལག་ཆོས་ཚོགས་བརྒྱ་དང་ང་བཞི་ཙམ་འཛུགས་གནང་མཛད་དེ་སེམས་ཅན་ལ་ཕན་ཐོགས་དང་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་མཛད།

ཕྱི་ལོ་ ༢༠༠༤ ལོ་ནས་བལ་ཡུལ་དུ་ཐུབ་བསྟན་བཤད་སྒྲུབ་གླིང་དང་། ཙུམ་ར་ཆེན་དགོན། མུ་དགོན་བཅས་ཀྱི་འཛིན་སྐྱོང་ཡོངས་རྫོགས་གནང་བ་སོགས་དགོན་ཁག་མང་པོར་འཚོ་བའི་མཐུན་རྐྱེན་སྦྱར་ཏེ་དགེ་འདུན་སློབ་གཉེར་བ་སྟོང་ཕྲག་མང་པོའི་འཚོ་བའི་དཀའ་ངལ་སེལ་གནང་མཛད་པ་དང་། གཞན་ཡང་ས་གནས་གང་སར་སློབ་གྲྭ་དང་སྨན་ཁང་། དྭ་ཕྲུག་ཁང་སོགས་སུ་ཟས་གོས་གནས་མལ་དང་ཤེས་ཡོན་སློབ་སྦྱོང་ལ་སོགས་པའི་ཉེར་མཁོའི་མཐུན་རྐྱེན་ཇི་སྙེད་ཅིག་གསོལ་སྩལ་གྱི་མཛད་པ་བསྐྱངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།