Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2017

ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་གའི་སྒོ་ནས་དགའ་ལྡན་ཁྲི་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་པ།

དེ་རིང་ཕྱི་ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པའི་སྔ་དྲོ་ཚོུད་ ༦། ཐོག་ཁྲི་རིན་པོ་ཆེའི་སྐུ་གདུང་ཁྲི་རིན་པོ་ཆེ་བླ་བྲང་ནས་ཕེབས་བྱམས་ནང་གདན་འདྲེན་ཞུས་ཏེ་ཐོག་མར་བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་ཞབས་སྐོར་གཅིག་སྐྱོན་ཏེ་བློ་གསལ་གླིང་གི་ཆོས་རའི་ནང་དུ་ཞུགས་འབུལ་གྱི་སྟེག་བུའི་ཐོག་གདན་ཞུ་གནང་ཡོད་པ་རེད། སྐུ་གདུང་ཞུགས་འབུལ་གྱི་མཛད་རིམ་དེའི་ཐོག་ལ་མི་སྣ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ལྷོ་ཕྱོགས་བོད་མིའི་སྤྱི་ཁྱབ་པ་ཆོས་འཕེལ་ཐུབ་བསྟན་ལགས། དགའ་ལྡན་ཁྲི་ཐོག་ཁང་གི་སྐུ་ཚབ་དྲུང་ཆེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག གདན་ས་གསུམ་དང་རིས་མེད་དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ་དང་མཁན་ཟུར་རྣམ་པ། ཀུན་བདེ་གླིང་རིན་པོ་ཆེ་སོགས་བླ་སྤྲུལ་ཁག་ཅིག བོད་མི་མང་སྤྱི་འཐུས་ཁག་ཅིག་མོན་གྷོ་ས་གནས་འགོ་འཛིན་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་གཙོས་པའི་ཕྱོགས་མཐའ་ཁག་གི་གལ་ཆེའི་སྐུ་ཚབ་མང་དག་ཞིག་ཕེབས་འདུག སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་ཡུལ་ཁང་བརྩེགས་མཆོད་རྟེན་ནང་དུ་བཞུགས་སུ་གསོལ་རྗེས་གལ་ཆེའི་གནད་ཡོད་མི་སྣ་ཚོས་སྐུ་གདུང་ལ་མཇལ་ཁ་དང་མཇལ་དར་ཕུལ་ཡོད་པ་རེད། དེ་རིང་སྐུ་གདུང་ཞུགས་འབུལ་གྱི་ཆོ་ག་དེ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་གི་ཆོ་གའི་སྒོ་ནས་སྒྲུབ་གནང་ཡོད་པ་མ་ཟད། སྐུ་གདུང་ཆོག་གི་རྡོ་རྗེ་སློབ་དཔོན་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གི་གཡོན་ཕྱོགས་བཞུགས་གྲལ་དུ་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་བསྟན་འཛིན་མཆོག་གིས་དབུས་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ ༡༥ བཞུགས་ཡོད་པ་དང་གཡས་ཕྱོགས་བཞུགས་གྲལ་དུ་གདན་ས་གྲྭ་ཚང་ཁག་གི་མཁན་པོ་དང་མཁན་ཟུར་རྣམ་པ་དང་ཀུན་བདེ་གླིང་སྟ་ཚག་རིན་པོ་ཆེ་སོགས་བླ་སྤྲུལ་ཁག་ཅིག་བཅས་བཞུགས་ཐོག་སྐུ་གདུང་ཞུགས་འབུལ་གནང་སོང་། དེ་བཞིན་དགེ་འདུན་འདུས་མང་གིས་གདུང་ཤུགས་དྲག་པོས་བླ་མ་མཆོད་པ་སོགས་སྨོན་ལམ་ཁག་གསུང་འདོན་གནང་ཡོད། དེ་རིང་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་ཏེ་ཉིན་ཤས་རིང་ཁང་བརྩེགས་མཆོད་རྟེན་གི་སྒོ་མ་ཕྱེ་བར་དུ་ཉིན་ལྟར་དེའི་མདུན་དུ་ཆོ་ག་དང་སྨོན་ལམ་གསུང་འདོན་གནང་དགོས་པ་དང་། དེ་རྗེས་པུར་ཐལ་ནང་ནས་རིང་སྲེལ་གདན་འདྲེན་ཞུ་རྒྱུ་སོགས་གནང་སྒོ་ཁག་ཅིག་གནང་དགོས་ཀྱི་ཡོད་པ་རེད་འདུག གཞན་ཡང་ཞུགས་འབུལ་གྱི་གནང་སྒོ་དེར་གདན་ས་འབྲས་སྤུངས་ཀྱི་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་དང་གདན་ས་དགའ་ལྡན་སོགས་ཉེ་འཁོར་དགོན་སྡེ་ཁག་གི་དགེ་འདུན་པ་དང་འདི་བཞིན་དད་ལྡན་མང་ཚོགས་བཅས་སྟོང་ཕྲག་ལྷག་ནས་ཡིད་གདུང་དྲག་པོས་མཉམ་ཞུགས་གནང་ཡོད་པ་རེད།

དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་དབུ་བཞུགས་ཐོག་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག

དེ་རིང་ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་གཙུག་ལག་ཁང་གསར་པའི་ནང་དུ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་གདན་ས་སེ་ར་ཐེག་ཆེན་གླིང་གི་མཁན་རིན་པོ་ཆེ་དང་། བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་གི་གནད་ཡོད་མི་སྣ་དང་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་གཅིག་ལ་ཉེ་བ་མཉམ་ཞུགས་གནང་འདུག མཛད་སྒོ་དེའི་ཐོག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་འཁྲུངས་སྐར་དང་འབྲེལ་བའི་བཀའ་སློབ་གནང་སྐབས་ཐོག་མར་འཚམས་འདྲི་གནང་པ་དང་སྦྲགས། དེ་རིང་གི་ཉིན་མོ་འདིར་ང་ཚོ་བོད་རིགས་སེར་སྐྱ་ཚང་མས་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཐོག་གོང་མ་མཆོག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་རླབས་ཆེན་གྱི་མཛད་པ་བསྐྱངས་པའི་བཀའ་དྲིན་དེ་དག་ཡིད་ལ་དྲན་དགོས་གལ་ཡིན་པ་བཀའ་གནང་སོང་། ༸པཎ་ཆེན་སྐུ་ཕྲེང་བཅིུག་པ་ཆེན་པོ་མཆོག་གི་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུའི་རེ་བ་མངོན་འགྱུར་ཡོང་བར་ཚང་མས་ཚོགས་དང་བསོད་ནམས་གསོག་གལ་ཆེ་བ་དང་། རྣམ་ཀུན་ལས་དོན་གང་བརྩམ་ཀྱང་༸རྒྱལ་བའི་བཀའ་དང་མ་འགལ་བ་གནང་དགོས་པ་གསུངས་སོང་། ལྷག་དོན་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ཀྱང་༸པཎ་ཆེན་སྐུ་གོང་མ་མཆོག་དང་ཐེངས་མང་མཇལ་མྱོང་ཡོད་པ་མ་ཟད་རིན་པོ་ཆེ་མཆོག་ནི་ཆེས་བཀའ་དྲིན་ཆེན་པོ་ཡིན་པ་སོགས་གསུངས་ཡོད། དེ་བཞིན་ཆོས་སྡེ་བཀྲིས་ལྷུན་པོ་དེའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བའི་ཐོག་དགེ་འདུན་འདུས་ཚོགས་དང་སློབ་གཉེར་གོང་འཕེལ་ཡོང་བཞིན་པར་ཡི་རངས་བསྔགས་བརྗོད་གནང་པ་དང་། སངས་རྒྱས་ཀྱི་ལུང་རྟོགས་གཉིས་ཀྱི་བསྟན་པ་ཡུན་གནས་ཐུབ་པར་ཐོས་བསམ་སློབ་གཉེར་ལ་སྔར་ལྷག་འབད་བརྩོན་གནང་སྐྱོང་ཡོང་བའི་གཞེན་སྐུལ་ནན་པོ་གནང་སོང་བ་དང། ཁྱད་པར་དུ་༸གོང་མ་ཁྲི་ཆེན་མཆོག་གིས་ཉེ་ལམ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡནཁྲི་ཐོག་ ༡༠༣ པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་མྱ་ངན་དང་འབྲེལ་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་ཏེ་༸སྐུ་གོང་མའི་རྣམ་ཐར་སྐྱོང་བའི་ཐུགས་སྨོན་ཡང་གནང་ཡོད་པ་རེད། བཀྲིས་ལྷུན་པོའི་མཁན་ཚབ་གཟིགས་རྒྱབ་རིན་པོ་ཆེ་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོ་དང་པཎ་ཆེན་ཨེར་ཏི་ནི་ལས་དོན་ལྟེ་གནས་ཁང་གཉིས་ཐོུང་གིས་འཁྲུངས་སྐར་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཤིག་སྤེལ་བ་སྒྲོག་སྦྱངས་གནང་སོང་། བསྒྲགས་གཏམ་དེའི་ནང་འཁོད་དོན་རྒྱ་གཞུང་གིས་མ་འོངས་པར་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་ཐད་བོད་མི་ཡོངས་ནས་ངོས་ལེན་རྩ་བ་ནས་མེད་པའི་༸པཎ་ཆེན་རྒྱལ་མཚན་ནོར་བུར་རེ་སྟོང་བཅོལ་བ་དེ་ཧང་ངས་དགོས་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་བླ་སྤྲུལ་སྤྱི་དང་ཡང་སྒོས་༸རྒྱལ་བ་པཎ་ཆེན་གྱི་ཡང་སྲིང་ངོས་འཛིན་ཞུ་ཕྱོགས་དེ་ནང་བསྟན་ཆོས་ལུགས་ཀྱི་ཚད་ལྡན་བརྒྱུད་རིམ་ངེས་ཅན་ཞིག་གི་ཐོག་ནས་ཐུགས་ཐག་གཅོད་ཐུབ་པ་ལས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་གནང་ཐབས་མེད་སྐོར་མངོན་གསལ་གནང་འདུག ད་བར་༸པཎ་ཆེན་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་བཙན་དབང་ལས་མྱུར་དུ་གྲོལ་བའི་ལས་འགུལ་སྣ་མང་སྤེལ་མུས་ལྟར་ད་དུང་ཡང་རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་གཞིས་འགོ་མཆོག་ནས་དུས་དྲན་དང་འབྲེལ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་རྗེས་དྲན་གནང་པ་དང་ཆབས་ཅིག ཁོང་གིས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ནི་ཆེས་རླབས་ཆེན་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་སོགས་གསུངས་ཡོད། མཐར་མཛད་སྒོ་གྲུབ་མཚམས་སུ་སེར་སྐྱ་མང་ཚོགས་ཚོས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་ཆེན་པོ་མཆོག་གི་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས་པ་སོགས་ཀྱི་སྒོ་ནས་མཇུག་སྒྲིལ་གནང་ཡོད་པ་རེད། གཞན་ཡང་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་བོད་ཀྱི་གཞོན་ནུ་བེུད་ཚོགས་པས་གོ་སྒྲིག་འོག་མོན་གྷོ་ནོར་བུ་རིར་མང་ཚོགས་རྣམས་ཀྱིས་བསང་གསོལ་འཕྲིན་སྐུལ་དང་རླུང་རྟ་དར་འཛུགས་དང་། ༸རྒྱལ་མཆོག་ཡབ་སྲས་ཀྱི་༸ཞབས་བརྟན་གསོལ་འདེབས་གསུང་འདོན་སོགས་གནང་ཐོག་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། སྦེལ་ཀོབ་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་ཐོུང་གིས་གོ་སྒྲིག་འོག་དེ་རིང་༸པན་ཆེན་རིན་པོ་ཆེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་དང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་།

བཞུགས་སྒར་དུ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༠༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་ས་གཉིས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་ཐོག་མེག་གྷན་གྱི་ཁྲོམ་གཞུང་དུ་རྒྱ་གར་གྱི་ཡུལ་མི་དང་ས་གནས་བོད་མི་མང་ཚོགས། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་མངར་ཟས་བགོས་འགྲེམས་དང་མཚན་རྟགས་བསྡུ་རུབ། དེ་བཞིན་བགྲོ་གླེང་ལས་རིམ་སོགས་ཀྱི་བརྒྱུད་ནས་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོའི་མིང་ཐོག་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང། ད་ལྟ་གནས་སྟངས་གང་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་མངོན་གསལ་དགོས་པ་དང་། རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་ཞུ་ཡིག་ཐོག་ཏུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་ལས་འགུལ་ངེས་སྟོན་པ་རིན་འཛིན་ཆོས་སྒྲོན་ལགས་ཀྱིས་ལོ་གཅིག་ཙམ་གོང་ནས་དབུ་བཙུགས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེར་ད་བར་དྲ་རྒྱ་དང་ཡིག་ཐོག་གཉིས་ཀྱི་བརྒྱུད་ནས་མང་ཚོགས་ ༨༠༠༠ ཙམ་གྱིས་མཚན་རྟགས་བཀོད་གནང་ཟིན་པ་དང་། ཚོགས་པའི་ངོས་ནས་ལས་འགུལ་དེ་ལྟར་མུ་མཐུད་སྤེལ་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་དེ་རིང་སྔ་དྲོ་ཚོུད་ ༡༠།༣༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་དུ་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བགྲོ་གླེང་ལྷན་ཚོགས་ཤིག་གནང་སོང་བ་དང། ལས་རིམ་འདིའི་ཐོག་གཏམ་བཤད་གནང་མཁན་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་གྲྭ་བག་གྲོ་ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་རྣམ་གཉིས་མགྲོན་འབོད་གནང་འདུག སྐབས་དེར་ཚེ་རིང་མཚོ་མོ་ལགས་ཀྱིས་༸པཎ་ཆེན་རིན་པོ་༸སྐུ་ཕྲེང་བཅུ་པ་མཆོག་གིས་སྐུ་ལས་བསྐྱོན་པར་བརྟེན་ནས་རྒྱ་ནག་གཞུང་གིས་བོད་ལྟ་བུའི་གྲངས་ཉུང་མི་རིགས་ཤིག་གི་སྐད་ཡིག་སྲུང་སྐྱོབ་ཐོག་ལ་ཁྲིམས་གཞི་གཏན་འབེབས་གནང་དགོས་འཁེལ་ཡོད་པ་སོགས་༸པཎ་ཆེན་རིན་པོ་ཆེ་ལ་བཀྲིན་རྗེས་དྲན་ཞུས་དགོས་གལ་ཡིན་པ་གསུངས་པ་དང་འབྲེལ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅིུག་པ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དེས་ཆོས་ཕྱོགས་ཁོ་ནའི་གནད་དོན་ཙམ་མིན་པར་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བཀག་བསྐྱིལ་བྱེད་པའི་བརྒྱུད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་པའི་ཆབ་སྲིད་ཀྱི་དོན་གནད་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་མི་ལོ་ ༢༢ རིང་རྒྱ་ནག་གཞུང་གིས་ཕྲུ་གུ་ལོ་ན་ ༦ ཡིན་པ་ཁོང་གི་ཡབ་ཡུམ་དང་བཅས་པ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་བཟོས་པ་དེ་ནི་རྒྱལ་སྤྱི་ཁྲིམས་དང་ཡོངས་སུ་འགལ་གྱི་ཡོད་པ་སོགས་དོན་གནད་གསུམ་གྱི་ཐོག་ནས་གལ་ཆེ་ཆགས་ཡོད་པ་གསུངས་ཡོད། དེ་བཞིན་གྲྭ་བག་གྲོ་ལགས་ཀྱིས་༸པཎ་ཆེན་༸སྐུ་ཐོག་གོང་མའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཁོང་གིས་གཙོས་པའི་ཆབ་སྲིད་བཙོན་པ་དགེ་འདུན་པ་མང་དག་ཞིག་བཙོན་གྲོལ་ཐོབ་ཡོད་པ་དང་། ལྷག་པར་དུ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་བོད་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་རྒྱུར་ཐུགས་འགན་ཆེ་བཞེས་གནང་པའི་ཤུགས་རྐྱེན་དུས་ད་ལྟའང་བོད་གཞིས་བྱེས་གཉིས་ཀྱི་ནང་དུ་མངོན་རྒྱུ་ཡོད་པ་མང་ཚོགས་ལ་ངོ་སྤྲོད་གནང་པ་མ་ཟད། ༸པཎ་ཆེན་༸སྐུ་ཕྲེང་གོང་མས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེའི་གལ་གནད་བཅས་ཀྱི་སྐོར་གསུངས་སོང་། མཐར་བགྲོ་གླེང་གི་ལས་རིམ་ལས་དྲི་བ་འདྲི་ལན་སྐབས་གྲྭ་བག་གྲོ་ལགས་ཀྱིས་ཁོང་ནི་༸པཎ་ཆེན་རིན་པོ་ཆེའི་བཀྲིན་ལས་གཤིན་རྗེའི་ཁ་ནས་ཐར་བ་ལྟ་བུ་ཆག་སཡོད་པ་དང་། ༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་ཁོང་སྒེར་ཙམ་མིན་པར་བོད་སྤྱི་ལ་གལ་ཆེ་ཆགས་ཡོད་པས་ཁོང་མ་ཤི་བར་དུ་ལས་འགུལ་དེ་ལྟར་མུ་མཐུད་སྤེལ་ངེས་ཡིན་པ་སོགས་གསུངས་ཡོད། རྩ་བའི་གྲྭ་བག་གྲོ་ལགས་ཀྱིས་ཉེ་ཆར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གཞུང་ཚབ་ཁག་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེ་ཡང་ཁོང་སྒེར་གྱིས་ཉིན་གྲངས་ ༡༠ རིང་སྤེལ་ཡོད་པ་དང། དེའི་ཁྲོད་ནས་ཁོང་གིས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་དང་རྒྱ་ནག་གཞུང་ཚབ་གཙོས་པའི་རྒྱལ་སྤྱིའི་གཞུང་ཚབ་ལས་ཁུངས་ ༥༥ ལ་སྙན་ཞུ་ཕུལ་ཐུབ་པ་བྱུང་འདུག དེའི་བར་ན་དེ་རིང་བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་༸པཎ་ཆེན་བླ་མ་ཞེས་པའི་དམིགས་བསལ་བརྙན་འཕྲིན་བཟོ་སྒྲིག་གནང་པ་ཞིག་འདོན་སྤེལ་དང་འབྲེལ། ༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་འདུག བོད་མིའི་སྒྲིགས་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་བརྙན་ཐུང་དེའི་ནང་ཕ་རན་སི་དང་ཁེ་ན་ཀྲ། Australia, South Tyrol, རྒྱ་གར་དེ་བཞིན་སུད་སི་བཅས་རྒྱལ་ཁབ་དྲུག་གི་གྲོས་ཚོགས་འཐུས་མི་སོགས་ཆབ་སྲིད་མི་སྣ་ ༡༡ གི་ཁྲོད་ནས་རྒྱ་མིའི་དོ་དམ་འོག་གནས་པའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་དགོངས་ཚུལ་བསྡུ་རུབ་གནང་ཡོད་པ་དང། ཁོང་རྣམ་པས་བརྙན་ཐུང་དེའི་བརྒྱུད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་འདྲི་ཞུས་པ་མ་ཟད། འདས་པའི་ལོ་ངོ་ ༢༢ རིང་རིན་པོ་ཆེ་མཆོག་རྩ་བ་ནས་མཇལ་རྒྱུ་མེད་པའི་གནས་སྟངས་ཐད་སེམས་འཚབ་དང་སྦྲགས་ཏེ་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་ཞུས་འདུག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དེ་རིང་གི་དུས་ཚིགས་དེ་དང་བསྟུན། སྤྱིར་དེ་རིང་གི་ཉིན་མོ་དེ་ནི་དགའ་སྤྲོ་བྱེད་དགོས་པའི་དུས་ཚིགས་ཤིག་ཡིན་ནའང་། རིན་པོ་ཆེ་མཆོག་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༢ འཁོར་བཞིན་ཡོད་སྟབས། ཡིད་སྐྱོ་དགོས་པའི་དུས་ཚོད་ཅིག་ཆགས་ཡོད་ཅེས་གསུངས་འདུག་པ་དང། དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ཀྱང་བོད་མི་གཙོ་བོར་འགྱུར་པའི་ནང་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་གར་སོང་ཆ་མེད་གྱུར་བའི་རིན་པོ་ཆེ་མཆོག་ཡིད་ལ་དྲན་ཞིང་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་རེ་སྒུག་ཞུ་བཞིན་ཡོད་ཅེས་གསུངས་འདུག

རེས་གཟའ་མིག་དམར། ༢༠༡༧།༠༤།༢༥

ཉན་པ།: Listen ཕབ་ལེན། Download འདི་ལོའི་སྐུ་ཞབས་ ML Sondhi རྗེས་དྲན་གྱི་གཟེངས་རྟགས་༸གོང་ས་མཆོག་ལ་འབུལ་གཏན་འཁེལ་འདུག བཞུགས་སྒར་དུ་ལས་འགུལ་རྣམ་པ་འདྲ་མིན་སྤེལ་ནས་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང། ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་བཀྲིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བོད་མིའི་ཚོང་པ་ཚོས་དཔྱ་དངུལ་བརྒྱ་ཆ་ལྔ་རེ་འབུལ་ཐུབ་པ་གནང་དགོས་པའི་རེ་སྐུལ་གནང་སོང། བོད་ཀྱི་ཞོ་སྟོན་རྒྱས་ཐེངས་༢༢པ་མཇུག་སྒྲིལ་གནང་འདུག Tuesday 25/04/2017 Dalai Lama to be conferred with 2017 ML Sondhi Memorial Award, leaves for Delhi today Exile Tibetans mark 28th Birthday of Panchen Lama with calls for his release 41st Sakya Trizin graces Panchen Lama birthday celebrations at Tashi Lhunpo Monastery Sikyong calls for 5% voluntary business tax from Tibetan businesses 22nd Shoton Festival concludes in Dehradun

འདི་ལོའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་རྗེས་དྲན་གྱི་གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་གཏན་འཁེལ་འདུག

རྒྱ་གར་གྱི་ཕུལ་བྱུང་ཤེས་ཡོན་མི་སྣར་ངོས་འཛིན་ཞུ་བཞིན་པ་སྐུ་ཞབས་ ML Sondhi དམ་པ་དེ་ཉིད་རྗེས་དྲན་གྱི་འདི་ལོའི་ཆེ་བསྟོད་གཟེགས་རྟགས་དེ་བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་གཏན་འཁེལ་འདུག ཆེ་བསྟོད་གཟེངས་རྟགས་དེ་ནི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་དམ་པ་དེ་ཉིད་རྗེས་དྲན་ཞུ་ཆེད་དུ་བཙུགས་གནང་པ་སོན་དྷི་ཐེབས་རྩ་ཁང་དང་དེ་བཞིན་དམ་པ་དེ་ཉིད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ལྟེ་གནས་ཁང་ཟུང་འབྲེལ་ཐོག་ཟླ་ ༤ ཚེས་ ༢༧ ཉིན་འབུལ་གཏན་འཁེལ་འདུག དེའང་རྐང༸གོང་ས་མཆོག་གིས་རྒྱ་གར་དང་འབྲེལ་ནས་འཛམ་གླིང་སྤྱིའི་ཆབ་སྲིད་ཐོག་མཛད་འཕྲིན་བླ་ན་མེད་པ་བསྐྱངས་ཡོད་པར་ཆེ་བསྟོད་ངོས་འཛིན་ཞུ་ཆེད་དུ་རེད་འདུག གཞི་རྩའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་ལགས་དམ་པ་དེ་ཉིད་ནི་རྒྱ་གར་གྱི་ཕུལ་བྱུང་ཤེས་ཡོན་མི་སྣ་ཞིག་ཆགས་ཡོད་པ་ཁོང་གི་སྐུ་ཚེ་ཧྲིལ་པོ་དེའི་ནང་རྒྱ་གར་གཞུང་དང་གྲོས་ཚོགས། དེ་བཞིན་འཛམ་གླིང་རྒྱལ་ཚོགས་སུ་རྒྱ་གར་གྱི་སྐུ་ཚབ་འཐུས་མི་སོགས་གནང་འདུག་པ་མ་ཟད། སྐུ་ཚེ་སྨད་ལ་རྒྱ་གར་གྱི་སྙན་གྲགས་ཆེ་བའི་ JNU གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོའི་མཛད་འགན་སོགས་བཞེས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཤེས་ཡོན། དཔལ་འབྱོར་སོགས་ཀྱི་ཐོག་ནས་ཞབས་འདེགས་རྒྱ་ཆེ་ཞུས་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཉིན་གུང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་མཛད་འཆར་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་མགོན་པོ་༸གང་ཉིད་མཆོག་དེ་རིང་ཉིན་རྒྱབ་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་བསྟུན་ཉིན་གསུམ་རིང་བཞུགས་ཞག་མཛད་ཀྱི་ཡོད་པ་དང་དེའི་ཁྲོད་གཙོ་བོ་སོན་དྷི་ཐེབས་རྩ་ཁང་ནས་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་དང་། དེ་རྗེས་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ནང་གི་ཤེས་ཡོན་མི་སྣ་ཁག་ཅིག་དང་ལྷན་དུ་ Secular Ethics འམ་ཆོས་དང་འབྲེལ་བའི་བཟང་སྤྱོད་ཀྱི་ཚོགས་འདུའི་ཐོག་དབུ་བཞུགས་མཛད་ཀྱི་ཡོད་པ་སོགས་གསུང་སོང་། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་དམ་པ་དེ་ཉིད་རྗེས་དྲན་གྱི་ཆེ་བསྟོད་གཟེགས་རྟགས་དེ་དང་ལྷན་ཧིན་སྒོར་འབུམ་གཅིག་མ་གཏོགས་མེད་ཀྱང་། གཟེངས་རྟགས་དེ་ལ་རྒྱ་གར་རྒྱལ་ཡོངས་ནང་གི་ཤེས་ཡོན་ཅན་དང་མཁས་པ་མང་པོས་གདེང་འཇོག་དང་རིན་ཐང་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༧།༠༤།༢༤

ཉན་པ།: Listen ཕབ་ལེན། Download དགའ་ལྡན་ཁྲི་ཐོག་ ༡༠༣ མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཐུགས་སྨོན་མཛད་པ། ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ལ་བཞུགས་པ་ལས་རྒྱ་གར་དུ་ཕེབས་པ་འདིས་ཕན་ཐོགས་ཆེ་བ་བྱུང་ཞེས་གསུངས་པ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ པ་དབུ་འཛུགས། དཀར་མཛེས་ནང་དུ་རང་ལུས་མེར་སྲེག་གནང་མཁན་གཉིས་པོའི་གནས་ཚུལ་ཁ་གསལ་བཟོ་དགོས་པའི་རེ་འདུན་བཏོན་འདུག བོད་མི་མང་སྤྱི་འཐུས་ཁག་གཅིག་ཉི་ཧོང་དུ་ཕྱོགས་བསྐྱོད་གནང་བཞིན་པ། Monday 24/04/2017 CTA mourns demise of 103rd Gaden Tripa, 41st Sakya Trichen sends prayers and condolences Karmapa Rinpoche launches new book, says it has been more beneficial for him to be India than in Tibet Amnesty calls on China to disclose whereabouts of 2 Tibetan self-immolators in Kardze 12th General meeting of Tibetan Chamber of Commerce kicks off in Dharamsala Tibetan Parliamentary delegation visits Japan

བཞུགས་སྒར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ པ་དབུ་འཛུགས།

དེ་རིང་ཟླ་ ༤ ཚེས་ ༢༤ ཉིན་རྒྱབ་ཚོུད་ ༢།༠༠ ཡོལ་ཙམ་ཐོག་བཞུངས་སྒར་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ དབུ་འཛུགས་གནང་སོང་། གཞི་རྩའི་བོད་མིའི་ཚོང་ལས་བདེ་ཚོགས་ཞེས་པའི་རང་དབང་ཅན་གྱི་ཚོགས་པ་དེ་ནི། བཀའ་ཤག་སྐབས་ ༡༣ པ་དང་དཔལ་འབྱོར་ལས་ཁུངས་གཉིས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཚོང་ལས་སྤྱི་ཡོངས་ཀྱི་གནས་བབ་ལ་དགོས་གལ་དུ་གཟིགས་ཏེ་རྒྱ་གར་དང་བལ་ཡུལ། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་ཚོང་གཉེར་བ་རྣམས་བསྡུ་རུབ་ཀྱིས་ཕྱི་ལོ་ ༢༠༠༥ ལོར་ཆེད་བཙུགས་གནང་པ་ཞིག་ཡིན་པ་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བོད་རིགས་ཚོང་གཉེར་བ་རྣམ་པའི་དབར་ལ་འབྲེལ་ལམ་ཡོང་ཆེད་། ཚོང་དོན་གྱི་ཁེ་ཕན་བསྐྲུན་རྒྱུ། དེ་བཞིན་བོད་པའི་ཚོང་པ་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་དབར་ལ་འབྲེལ་ལམ་ཡོང་ཕྱིར་ཆེད་དམིགས་གནང་པ་ཞིག་ཡིན་པ་རེད། དེ་རིང་གི་ཚོགས་ཆེན་འདིའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་རྒྱ་གར་གྱི་དངུལ་རྩིས་མཁས་པ་སྐུ་ཞབས་ Sathya Kumar ལགས་བཅས་ནས་མཉམ་ཞུགས་ཀྱིས་ཚོགས་བཅར་བ་རྣམས་ལ་གསུང་བཤད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དྲུང་ཆེ་ཚེ་རིང་རྡོ་རྗེ་ལགས་སུ་ཐེངས་འདིའི་ཆོགས་ཆེན་གྱི་གྲོས་གཞི་དང་། ལྷག་པར་དུ་འདས་པའི་ལོ་ངོ་བཅུ་གཉིས་རིང་ལ་ཚོགས་པ་དེའི་ངོས་ནས་བཙན་བྱོལ་བོད་མིའི་ཚོང་པ་སྤྱི་དང་། སྤྱི་ཚོགས་ཀྱི་ལས་དོན་སོགས་ལ་དམིགས་པའི་ཐོག་མའི་དམིགས་ཡུལ་ལྟར་ལས་ཚོད་ཇི་ཙམ་གནང་ཐུབ་ཡོད་མེད་ཀྱི་ཐོག་ལ་བཅར་འདྲི་ཁག་ཙིག་ཞུས་པ་ཡིན། དེ་རིང་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ པའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་གཅིག་ཀྱི་དངུལ་རྩིས་གནས་སྟངས་སྒྲོག་སྦྱང་གནང་སོང་པ་མ་ཟད། དྲུང་ཆེ་ཚེ་རིང་རྡོ་རྗེ་ལགས་ནས་འདས་པའི་ལོ་གཅིག་ནང་ལ་བོད་མིའི་ཚོང་ལས་བདེ་ཚོགས་ནས་རྒྱལ་ས་ལྡི་དང་རྒྱ་གར་ཤར་ཕྱོགས་མངའ་སྡེ་ནུབ་ Bengal སོགས་སུ་ཚོགས་པའི་རྒྱལ་སྤྱིའི་ཚོང་པའི་དུས་སྟོན་ཐོག་མཉམ་ཞུགས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་ཚོང་གི་ཐོན་ཁུངས་ཁག་འགྲེམས་སྤེལ་ཞུས་པ་དང་། ལྷག་པར་དུ་སྔར་ལོ་མེ་སྐྱོན་ཕོག་པའི་ Lal quila བོད་པའི་ཚོང་པ་ཚོར་རོགས་རམ་གྱི་ལས་གཞི་སྤེལ་བ། བོད་མིའི་ཚོང་པ་རྣམས་རྒྱལ་སྤྱིའི་ཚོང་པ་དང་འདྲ་མཉམ་ཐོག་གོམ་པ་མདུན་བསྐྱོད་ཐུབ་ཐབས་སོགས་ལ་དམིགས་ནས་བོད་རིགས་ཚོང་པ་ཁག་ཅིག་ཡུ་རོབ་དང་ཨ་རི་ཁུལ་དུ་ཟབ་སྦྱོང་གི་གོ་སྐབས་བསྐྲུན་པ། ལོ་ལྟར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་ནས་བོད་པའི་སློབ་མ་གཉིས་ལ་སློབ་ཡོན་ཕུལ་བ་སོགས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་ཡོད། གཞན་ཡང་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཕྱག་ནས་ཚོགས་པ་དེའི་ནང་ལོ་ངོ་བཅུ་རིང་བསྟུད་མར་ཚོགས་ཞུགས་གནང་པའི་ཚོགས་མི་དང་། ཚོགས་པ་དེར་གསར་ཞུགས་གནང་པའི་ཚོགས་མི་བཅས་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་གཟེངས་རྟགས་ཕུལ་བ་མ་ཟད། བལ་ཡུལ་བཅར་བཞུགས་བོད་པའི་རུམ་གདན་ཚོང་གཉེར་བ་རྒྱལ་ནོར་ཚེ་དབང་ལགས་སུ་མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས་སམ་ Life time Achievement ཞེས་པའི་དམིགས་བསལ་གྱི་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད། རྩ་བའི་འདི་ལོའི་ཚོགས་ཆེན་དེ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་ལ་འཚོགས་ཀྱི་ཡོད་པ་དང་། ཚོགས་དུས་དེའི་རིང་ལ་གཙོ་བོ་ཚོགས་པ་འདིའི་རྒྱུན་ལས་གསར་པ་འོས་འདེམས་བྱ་རྒྱུ། བོད་གཞིས་བྱས་གཉིས་དབར་ཚོང་དོན་གྱི་འབྲེལ་བ་རྒྱུན་སྐྱོང་ཐུབ་ཐབས་དང་ཉེ་ཆར་རྒྱ་གར་དབུས་གཞུང་ནས་འཕོ་འགྱུར་བཏང་པའི་ཚོང་ཟོག་དང་ལས་ཀའི་ཁྲལ་འབབ་སྐོར་ལ་དམིགས་བསལ་ཟབ་སྦྱོང་ཞིག་གནང་གི་འདུག

དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་ ༤༡ མཆོག་གིས་དགའ་ལྡན་ཁྲི་ཐོག་ ༡༠༣ མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཐུགས་ཕམ་དང་ཐུགས་སྨོན་མཛད་པ།

ཟླ་བ་འདིའི་ཚེས་ ༢༡ མཚན་མོ་འཇམ་དགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་ ༨༠ སྟེང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མེཀ་སི་སྨན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་ ༤༡ མཆོག་གིས་ཁ་སང་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་སྐྱའི་དགོན་པར་སེར་སྐྱ་མང་ཚོགས་སྟོང་ཚོ་བརྒལ་བར་དྲག་པོ་གསུམ་སྒྲིལ་གྱི་རྗེས་གནང་བསྩལ་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཐུགས་ཕམ་དང་འབྲེལ་དགའ་ལྡན་ཁྲི་རིན་པོ་ཆེའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཐུགས་སྨོན་མཛད་ཡོད་པ་རེད། དེའང་ཁ་སང་ཚེས་ ༢༣ ཉིན་དགའ་ལྡན་ཁྲི་རིན་པོ་ཆེའི་སྐུ་གདུང་རྒྱལ་ས་ལྡི་ལི་ནས་ཧོབ་ལི་བར་དུ་མཁའ་ལམ་བརྒྱུད་གདན་འདྲེན་ཞུས་ཡོད་པ་དང་། དེ་ནས་གདན་ས་དགའ་འབྲས་གཉིས་ཀྱི་མཁན་པོ་རྣམ་པ་དང་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག ཕྱོགས་བཞུགས་སྤྱི་འཐུས་དང་། འཚམས་གཟིགས་སུ་ཕེབས་པའི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་གཙོས་པའི་སྤྱི་འཐུས་གསུམ་དང་། ཚོགས་པ་སྡེ་ཚན་ཁག་གི་མི་སྣ་སོགས་ཀྱིས་ཧོབ་ལི་གནམ་ཐང་ནས་ཕེབས་བསུ་ཞུས་ཏེ་ཐོག་མར་དགའ་ལྡན་ཁྲི་ཐོག་ཁང་དུ་གདན་ཞུས་ཀྱིས་མཆོད་འབུལ་སྨོན་ལམ་སོགས་གནང་གྲུབ་རྗེས་འབྲས་སྤུངས་ཁྲི་པའི་བླ་བྲང་དུ་གདན་འདྲེན་ཞུས་སོང་། གདན་ས་འབྲས་སྤུངས་གྲྭ་ཚང་གཉིས་ཀྱི་མཁན་པོ་རྣམ་པ་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་ཁག་ཅིག རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ ༡༥ བཅས་ནས་དགའ་ལྡན་ཁྲི་རིན་པོ་ཆེའི་བླ་བྲང་དུ་ཉིན་ལྟར་ཡི་དམ་གསང་བདེ་འཇིགས་གསུམ་གྱི་ཆོ་གའི་སྒོ་ནས་གདུང་མཆོག་སྒྲུབ་བཞིན་ཡོད་པ་མ་ཟད། དགེ་འདུན་འདུས་མང་ནས་རྩ་བ་ལྔའི་སྒོ་ནས་སྨོན་ལམ་གསུང་འདོན་གནང་བཞིན་ཡོད་པ་རེད།  ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པ་ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རའི་ནང་སྐུ་གདུང་དངོས་སུ་བཞུགས་འབུལ་གནང་འཆར་ཡོད་པ་དང་། སྐབས་དེར་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་དུ་ཕེབས་ཀྱི་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ཀྱང་ཕེབས་གནང་གི་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་དགའ་ལྡན་ཁྲི་པའི་ཕྱག་མཛོད་སྐུ་ཞབས་བློ་བཟང་ཟླ་བ་ལགས་ཀྱིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སྨན་ཁང་དུ་བཞུགས་སྐབས་ཞལ་ཆེམས་རིགས་གང་ཡང་བཞག་གནང་མེད་པ་དང་། རིན་པོ་ཆེ་དགོངས་པ་མ་རྫོགས་པའི་སྔོན་ཙམ་དུ་དཔལ་ལྡན་སྐུ་སྒེར་ཡིག་ཚང་དུ་སྙན་གསན་སྒྲོན་ཡོད་པ་སོགས་གསུངས་སོང་། དེ་མཚུངས་སུ་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་ཤར་རྩེ་མཁན་ཟུར་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དེ་ནི་བསྟན་པ་སྤྱི་ལ་གྱོང་གུད་དང་གོད་ཆག་ཞིག་ཡིན་སྟབས་ཚང་མས་ཐུགས་སྨོན་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་གནང་ཡོད། དགའ་ལྡན་ཁྲི་རིན་པོ་ཆེ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་མ་ཐག་རྒྱ་གར་ལྷོ་ཕྱོག་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་གསུམ་གྱི་བླ་སྤྱི་ཁང་དང་གྲྭ་ཚང་ཁག དགའ་ལྡན་ཁྲི་ཐོག་ཁང་སོགས་དགོན་སྡེ་གྲྭ་ཚང་དང་དེ་བཞིན་ཚོགས་པ་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ་མཆོད་འབུལ་རྒྱ་གང་ཆེ་གནང་བཞིན་པ་དང་། དེ་བཞིན་དགའ་ལྡན་ཁྲི་རིན་པོ་ཆེའིི་བླ་བྲང་གི་སྐུ་འཁོར་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཕུལ་འདུག གཞན་ཡང་དེ་རིང་སྔ་དྲོ་ཚོུད་ ༡༢།༠༠ ཐོག་བཞུགས་སྒར་གངས་ཅན་སྐྱིད་ཤོངས་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་སྲི་ཞུ་བ་ཡོངས་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གདུང་སེམས་མཉམ་བསྐྱེད་ཀྱིས་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་པ་མ་ཟད། ཉིན་རྒྱབ་ཏུ་དབུས་ལས་ཁུངས་ཁག་ལས་མཚམས་འཇོག་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡིད་གདུང་དྲག་པོས་ཐུགས་གསོ་དང་སྦྲགས། དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་ཟབ་མོ་དག་ལེགས་པར་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་འཁྲུལ་བྲལ་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མྱུར་དུ་འབྱོན་པའི་གསོལ་འདེབས་ཤུགས་དྲག་ཞུས་གནང་སོང་།  རྩ་བའི་རིན་པོ་ཆེ་མཆོག་སྔ་ལོ་ ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་གནང་པ་དང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་དངོས་སུ་ཁྲི་སྟོན་མངའ་གསོལ་ཡོད་པ་རེད།

Latest news