Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2018

བོད་ཀྱི་རིག་གཞུང་དུས་སྟོན་མཇུག་སྒྲིལ་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་ཚིགས་དང་བསྟུན།  དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༨ ལོ་འཁོར་མོའི་རིང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་རིམ་སྣ་མང་ཞིག་གོ་སྒྲིག་གནང་རྒྱུའི་ཐུགས་གཏན་ཁེལ་ཡོད་པ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉེ་སྔོན་ཟླ་ ༤ ཚེས་  ༢ ཉིན་དབུ་འཛུགས་ཀྱིས་ཚེས་ ༤ བར་ཉིན་གྲངས་གསུམ་རིང་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་ཚོགས་ཡོད་པ་རེད། དུས་སྟོན་དེའི་ཁོངས་སུ་བོད་ཀྱི་ཆོས་དང་རིག་གཞུང་མཚོན་པའི་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་། རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན། བོད་ཀྱི་གསོ་བ་རིག་པའི་སྐུ་ཐང་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེང་སྐྲུན། སྨན་རྩིས།  ལྕགས་དང་ཤིང་རྐོས་སྒྱུ་རྩལ། བོད་དོན་དངོས་བྱུང་གློག་བརྙན། འཐག་ལས་ལག་ཤེས། པང་གདན། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ། ཁ་ཟས་སྒྱུ་རྩལ། བོད་དོན་པར་རིས་འགྲེམས་སྟོན། དེ་བཞིན་བོད་མིའི་འབྲོག་པ་རྣམས་ཀྱི་འཚོ་བའི་དངོས་ཆས་སོགས་འགྲེམས་སྟོན་གནང་ཡོད་པ་བཞིན། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བོད་ཀྱི་རིག་གཞུང་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོའི་ཐོག་ཆེད་ཕེབས་དང་བསྟུན། དུས་སྟོན་དེའི་སྐབས་ཆ་ཤས་ལེན་མཁན་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཉིན་གྲངས་གསུམ་རིང་གི་རྒྱལ་ས་ལྡི་ལིའི་བོད་ཀྱི་དུས་སྟོན་དེ་མཇུག་སྒྲིལ་གནང་ཡོད་པ་རེད། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ང་ཚོ་བོད་མི་ཚོས་དུས་སྟོན་འདི་ལྟ་བུ་སྲུང་བརྩི་ཞུས་པ་དང་འབྲེལ་ངེས་པར་དུ་འདས་པའི་དུས་ཚོད་ལ་དྲན་གསོ་བསྐྱར་ཞིབ་གནང་དགོས་སྐོར་གསུངས་པ་དང་འབྲེལ། བོད་ནང་གི་ད་ལྟའི་ཆོས་དང་རིག་གཞུང་། སྐད་ཡིག།ཁོར་ཡུག།འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཡ་ང་བའི་གནས་སྟངས་དང་། བཙན་བྱོལ་ནང་དུའང་གཞི་རྩའི་བོད་ཀྱི་སྐད་ཡིག་ལ་བརྟེན་པའི་ནང་པ་སངས་རྒྱས་པའི་རིག་གཞུང་སོགས་ཀྱི་ཁྱད་ནོར་ཁག་མི་ཉམས་རྒྱུན་འཛིན་གང་ཙམ་གནང་ཐུབ་ཡོད་ཀྱང་། ད་ལྟའི་གནས་སྐབས་འདིར་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་ཉུང་བའི་དཀའ་ངལ་སོགས་དཔེ་མཚོན་དུ་དྲན་སྐུལ་གནང་བ་མ་ཟད།  དེ་དག་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐད་ལ་གསུངས་པ་ཆབས་ཅིག བོད་མི་ཚོས་རྒྱུན་དུ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གོ་རྟོགས་ཡག་པོ་ཡོང་བ་ཞིག་དང་། དེའི་ཐོག་ནས་སོ་སོའི་ཉམས་ལེན་བྱས་པ་ཙམ་མ་ཟད་གཞན་ལའང་གོ་རྟོགས་ཁྱབ་སྤེལ་གནང་ཐུབ་ཐབས་སུ་འབད་དགོས་པར་འབོད་སྐུལ་གནང་སོང་། གཞི་རྩའི་ཁ་སྔོན་ཕྱི་ཚེས་ ༢ ཉིན་ནས་དབུ་འཛུགས་ཞུས་པའི་བོད་ཀྱི་དུས་སྟོན་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱིས་རྐང་འགན་བཞེས་པ་ཞིག་ཡིན་པ་དང་།  དུས་སྟོན་དེའི་ཁོངས་སུ་ཕྱི་འབྲེལ་ལས་ཁུངས་ཀྱི་འགྲེམས་སྟོན་ཁང་དང་།  བོད་ཀྱི་སྨན་རྩིས་ཁང་།   བོད་ཀྱི་ཟློས་གར་ཚོགས་པ།  བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས།   རཇ་པུར་བུད་མེད་མཉམ་ལས་བཟོ་གྲྭ།     ལ་དྭགས་བྱང་ཐང་།   ལྡི་ལི་བོད་ཁང་།   རྒྱུད་སྟོད་གྲྭ་ཚང་།   ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།

བོད་ཀྱི་གནད་དོན་དེ་ངའི་སྙིང་དང་ཧ་ཅང་ཉེ་བའི་གནད་དོན་ཞིག་ཡིན།

བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Ros Lehtinen མཆོག་དང་ ClaudiaTenney མཆོག་རྣམ་གཉིས་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་བ་དང། ལྕམ་ Lehtinen མཆོག་གིས་སྐབས་དེར་བོད་ཀྱི་གནད་དོན་དེ་ནི་ཁོ་མོའི་སྙིང་དང་ཧ་ཅང་ཉེ་བའི་གནད་དོན་ཞིག་ཡིན་པ་དང་། ཁོང་རིང་མིན་རྒས་ཡོལ་དུ་ཕེབས་ཀྱི་ཡོད་ཀྱང་བོད་ཀྱི་གནད་དོན་ནམ་ཡང་བློས་རྒྱུ་མིན་ཞེས་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༤ ཉིན་རྒྱབ་ཚོུད་ ༤།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ཚོགས་ཁང་གསར་པར་ཚོགས་པའི་སྣེ་ལེན་མཛད་སྒོ་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲིད་ཞུ་བ། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་སུམ་བརྒྱ་ལྷག་ཕེབས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་སྐུ་མགྲོན་རྣམ་པ་གཉིས་ལ་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་བཟང་པོའི་འོག་བཙན་བྱོལ་བོད་མིས་ནུས་པ་ལྡན་པའི་སྒོ་ནས་ཐོུང་མ་ཡིན་པའི་མང་གཙོའི་ལམ་ལུགས་ཕྱག་བསྟར་གནང་བཞིན་ཡོད་པ་གསལ་བཏོན་གནང་བ་མ་ཟད། ཁོང་རྣམ་པ་གཉིས་ལྟ་བུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཁག་ཅིག་གི་བཀྲིན་ལ་བརྟེན་ནས་ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་མིར་རྒྱབ་སྐྱོར་རོགས་རམ་ཇེ་མང་དུ་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། ལྷག་དོན་བོད་མིའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་བཞིན་པ་ངོ་སྤྲོད་དང་སྦྲགས། ཨ་མི་རི་ཀའི་གཞུང་ནས་སྲིད་བྱུས་དེར་རྒྱབ་སྐྱོར་གནང་བཞིན་པར་བཀྲིན་བསམ་ཤེས་གནང་བ་མ་ཟད། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆེ་བའི་སྐབས་འདིར་ཁོང་རྣམ་པ་གཉིས་འདི་གར་ཆེད་ཕེབས་གནང་བ་འདིས་བོད་མི་ཚོར་སེམས་སྐུལ་གྱི་རང་བཞིན་དང་ཧ་ཅང་སྐལ་པ་བཟང་པོ་ཞིག་རེད་ཅེས་གསུངས་འདུག ལྕམ་སྐུ་ RosLehtinen མཆོག་གིས་སྐབས་དེར་ཁོང་ལོ་ན་བརྒྱད་སོན་སྐབས་ Cuba ནང་གི་དམར་པོའི་གཞུང་གི་དྲག་གནོན་ལས་བྲོས་བྱོལ་ཆེད་ཨ་རིར་ཕེབས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་བ་དང་། བོད་ཀྱི་གནད་དོན་དེ་ཁོང་གི་མི་ཚེ་ནང་གི་ཧ་ཅང་སྙིང་ཉེ་བའི་གནད་དོན་ཞིག་ཡིན་པ་མ་ཟད། ཁོང་རིང་མིན་རྒས་ཡོལ་དུ་ཕེབས་ཀྱི་ཡོད་ཀྱང་བོད་ཀྱི་གནད་དོན་ནམ་ཡང་བློས་རྒྱུ་མིན་ཞེས་གསུང་སོང་། ཁོང་གིས་ད་དུང་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། ཨ་རིའི་མི་སེར་རྣམས་བོད་ལ་བསྐྱོད་རྒྱུའི་ཐོག་ལའང་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཁག་ཅིག་གསུངས་པ་དང་ཆབས་ཅིག་ཏུ་དེང་སྐབས་རྒྱལ་སྤྱིའི་གཞུང་མང་པོས་རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་ལས་ལྡོག་ནས་རྒྱ་ནག་གཞུང་གི་སྟོབས་ཤུགས་ལ་ཞེད་སྣང་ཆེན་པོ་བྱེད་བཞིན་པ་ནི་ཧ་ཅང་བློ་ཕམ་གྱི་གནད་དོན་ཞིག་རེད་ཅེས་གསུངས་ཡོད། རྩ་བའི་ལྕམ་ Ros Lehtinen མཆོག་ནི་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་དགོས་པར་གྲོས་འཆར་འདོན་མཁན་གཙོ་བོ་ཞིག་ཆགས་ཡོད་པ་དང་། དེ་རིང་མཛད་སྒོའི་ཐོག་ཁོང་དང་ཕྱག་རོགས་ཁག་ཅིག་ནས་སྔར་ལོ་ཨ་མི་རི་ཀའི་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་ཞིག་དགོས་པའི་གྲོས་འཆར་ཐོག་ཕྱག་ལས་གནང་ཡོད་པ་མ་ཟད་ད་དུང་ཡང་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད། ལྕམ་སྐུ་ Claudia Tenney མཆོག་གིས་ཁོང་ད་རེས་ལྕམ་སྐུ་ Lehtinen མཆོག་དང་ལྷན་རྒྱས་བཞུགས་སྒར་དུ་ཐེངས་དང་པོ་ཆེད་ཕེབས་གནང་ཐུབ་པ་དེ་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་སྐོར་གསུངས་པ་སྦྲགས། ཁོང་ཨ་རིར་ཕྱིར་ཕེབས་རྗེས་ས་གནས་བོད་མི་དང་འབྲེལ་བ་གནང་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་སྐོར་གསུངས་འདུག

རེས་གཟའ་ལྷག་པ། ༢༠༡༨།༠༤།༠༤

ཉན་པ།: Listen ཕབ་ལེན། Download བོད་རྒྱའི་དབར་གཞུང་འབྲེལ་མ་ཡིན་པའི་སྒོ་ནས་འབྲེལ་མོལ་གནང་བཞིན་ཡོད། རྒྱ་ནག་གི་ཆོས་དད་རང་དབང་དང་འབྲེལ་བའི་ཡིག་ཆ་དཀར་པོའི་ནང་ཡར་རྒྱས་དང་བཅོས་སྒྱུར་གྱི་རྣམ་པ་མངོན་རྒྱུ་མི་འདུག བོད་ཕྲུག་སློབ་མ་ཚོས་མ་འོངས་པར་བོད་མི་རིགས་ཀྱི་འགན་ཁུར་རྒྱུའི་གྲ་སྒྲིག་དགོས། བཞུགས་སྒར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེའི་མཛད་སྒོའི་ཐོག་སྩལ་བའི་བཀའ་སློབ། Wednesday 04/04/2018 No official communication but back channel talks on with China , Says Sikyong No sign of development and reform despite Chinese White Paper Sikyong addresses Tibetan school prefects Environment Awareness Campaign in Dharamsala FEATURE: His Holiness the Dalai Lama’s address during ‘Thank you India’ event

རྒྱ་ནག་གི་ཆོས་དད་རང་དབང་དང་འབྲེལ་བའི་ཡིག་ཆ་དཀར་པོའི་ནང་ཡར་རྒྱས་དང་བཅོས་སྒྱུར་གྱི་རྣམ་པ་གང་ཡང་མངོན་རྒྱུ་མི་འདུག

རྒྱ་ནག་གཞུང་གིས་ཆོས་དད་རང་དབང་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་དང་འབྲེལ། ཆོས་ལུགས་གང་འདྲ་ཞིག་ཡིན་རུང་གཞུང་གི་ཐོག་མེད་པ་དང་། རྒྱ་ནག་གི་ཆོས་དད་ལས་དོན་རྣམ་པ་ཅི་རིགས་ནང་ཕྱི་ཕྱོགས་ནས་ཐད་བྱུས་རྩ་བ་ནས་བྱེད་ས་མེད་པ་གསལ་བཏོན་གནང་འདུག ཁ་སང་ཟླ་ ༤ ཚེས་ ༣ ཉིན་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཚན་པས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་དང་འབྲེལ་ Chinas Policies and Practices on Protecting Freedom of Religious Belief ཞེས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་སྲིད་བྱུས་དང་ལག་བསྟར་ཞེས་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་ཆོས་དད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་གི་གཞི་རྩའི་སྲིད་བྱུས་ཤིག་ཡིན་པ་དང་། ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་སེར་ཡོངས་ལ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་དང་རིག་གཞུང་བཅས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་པ། ཆོས་དད་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཁྲིམས་མཐུན་ཐོག་ལག་བསྟར་བྱེད་མུས་དང་། དེའང་རང་དབང་དང་རང་སྐྱོང་གི་ལངས་ཕྱོགས་དང་མཐུན་ཐོག་བྱས་ཡོད་སྐོར་སོགས་བཀོད་འདུག ཡིག་ཆའི་ནང་དེ་བཞིན་ཆོས་ལུགས་ཡོངས་མཛོགས་ནས་རྒྱ་ནག་གཞུང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་འཚམ་པ་བྱ་དགོས་གལ་སྐོར་མང་དག་ཞིག་ཆེད་བཀོད་ཀྱིས་ཆོས་དད་ཡོད་མཁན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཞེས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ནས་ཤུགས་སྣོན་འཕར་མ་རྒྱག་བཞིན་ཡོད་པ་དེའང་དྲག་སྤྱོད་པའི་གཡོ་དབང་དུ་མི་ཚུད་ཆེད་ཡིན་སྐོར་བཀོད་འདུག ཨོ་སི་ཊོ་ལི་ཡའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དེ་ནི་གནད་དོན་གསར་པ་ཞིག་མིན་པ་དང་། ཡར་རྒྱས་གཏང་འཆར་གྱི་རྣམ་པ་གང་ཡང་མངོན་རྒྱུ་མི་འདུག་ཅེས་སོགས་གསུངས་སོང་། གཞན་ཡང་ཨོ་སི་ཊོ་ལི་ཡ་ནང་གི་ ABC བརྒྱུད་ལམ་གྱིས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཆོས་དད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་རྒྱུའི་ཡིག་ཆ་འདོན་སྤེལ་བྱས་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་དེང་སྐབས་རྒྱ་ནག་ཏུ་དྲ་རྒྱའི་ཐོག་ཡི་ཤུའི་གསུང་རབ་ Bible དང་ཁ་ཆེའི་གསུང་རབ་ Kuran སོགས་ཉོ་ཚོར་གནང་ས་མེད་པ་བཟོས་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

བོད་ཕྲུག་སློབ་མ་ཚོས་མ་འོངས་པར་བོད་མི་རིགས་ཀྱི་འགན་ཁུར་རྒྱུའི་གྲ་སྒྲིག་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་བལ་གཉིས་ཀྱི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པ་གནང་བཞིན་པའི་ཐོག་བོད་པའི་སློབ་མ་ཚོའི་ངོས་ནས་མ་འོངས་པར་བོད་མི་རིགས་ཀྱི་འགན་ཁུར་རྒྱུའི་ག་སྒྲིག་ཡོད་དགོས་གལ་ཡིན་པ་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༤ ཉིན་གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཉིན་གསུམ་པའི་སྔ་དྲོ་ལས་རིམ་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་དང་བལ་ཡུལ་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་ ༡༨ ཀྱི་རྒན་བདག་ཕོ་མོ་ཁྱོན་མི་གྲངས་ ༣༦ ལ་འགོ་ཁྲིད་ཀྱི་ཁྱད་ཆོས་དང་ཡོན་ཏན། དེ་བཞིན་གདོང་ལེན་སོགས་ཀྱི་ཐོག་གསུང་བཤད་གནང་བ་དང་། བོད་ཕྲུག་སློབ་མ་ཚོའི་ངོས་ནས་མ་འོངས་བོད་མི་རིགས་ཀྱི་འགན་ཁུར་རྒྱུའི་གྲ་སྒྲིག་དགོས་གལ་ཡིན་པ་མ་ཟད།  དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གནད་དོན་ཐོག་དོ་སྣང་དང་། ཕྱོགས་ཡོངས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་དགོས་པ། ལྷག་པར་དུ་འགོ་ཁྲིད་ཞིག་ཡིན་པའི་ཆ་ནས་དཀའ་ངལ་གང་ཞིག་འཕྲད་ཀྱང་དེར་ལ་གདོང་ལེན་གནང་ཐུབ་མཁན་ཞིག་གནང་དགོས་གནད་ཡིན་པ་གསུངས་ཡོད། སློབ་མ་ཚོས་རྣམ་ཀུན་ནས་རང་ཉིད་བོད་མི་ཡག་པོ་ཞིག་དང་བོད་ཀྱི་རྩ་དོན་ཐོག་ལས་ཀ་བྱེད་ཀྱི་ཡིན་བསམ་པའི་དམ་བཅའ་བརྟན་པོ་བཟུང་དགོས་ཞེས་ལམ་སྟོན་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཚོུད་ཕྱེད་ཀ་མན་ཙམ་རིང་གསུང་བཤད་གནང་གྲུབ་མཚམས་སུ་སློབ་མ་ཚོའི་ངོས་ནས་དོགས་དྲི་ཞུ་བ་ལས་སློབ་མ་གཅིག་གིས་ཉེ་བའི་ཆར་བོད་ཁྱིམ་སློབ་གྲྭ་ཁག་ཏུ་བོད་ནས་ཡོང་མཁན་བོད་ཕྲུག་སློབ་མ་ཉུང་རུ་ཕྱིན་པ་དང་ཧི་མཱ་ལ་ཡའི་རི་རྒྱུད་སློབ་མ་ཇེ་མང་དུ་འགྲོ་བཞིན་སྐབས་འདིར་སློབ་གྲྭའི་ནང་བོད་དོན་དང་འབྲེལ་བའི་གཏམ་བཤད་སྤེལ་བར་སེམས་ནང་མ་བདེ་བའི་ཚོར་བ་ཞིག་ཡོང་གི་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་ལ་རྒྱུན་དུ་སྒེར་དང་ལས་དོན་གཉིས་ཀའི་ཐོག་དཀའ་ངལ་འཕྲད་ཚེ་དེ་ལ་གདོང་ལེན་གནང་རྒྱུའི་ཐབས་བྱུས་གང་ཞིག་ཡོད་མེད་སོགས་ཀྱི་དྲི་བ་ཁག་ཅིག་ཞུས་ཡོད་པ་རེད། གཞི་རྩའི་ཟླ་ ༤ ཚེས་ ༢ ཉིན་དབུས་འཛུགས་ཀྱིས་ཚེས་ ༧ བར་ཉིན་གྲངས་དྲུག་རིང་འཚོགས་རྒྱུའི་འགོ་ཁྲིད་ཀྱི་ཟབ་སྦྱོང་དེའི་སྐབས་གཙོ་བོ་འགོ་ཁྲིད་ཀྱི་རྩལ་དང་ཁྱད་ཆོས་མི་འདྲ་བ། འབྲེལ་ལམ་གྱི་རྩལ། རྩོད་རྙོད་འདུམ་འགྲིག་གནང་ཕྱོགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། མང་ཚོགས་ཀྱི་གཏམ་བཤད་སྤེལ་ཕྱོགས། མཉམ་རུབ་ལས་དོན་གནང་ཕྱོགས། ཕོ་མོའི་ཤེས་བྱ། སྲིད་སྐྱོང་མཆོག་དང་ལྷན་དུ་དྲི་བ་དྲིས་ལན་གནང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ལྟ་སྐོར་དང་ངོ་སྤྲོད་སོགས་ཀྱི་ལས་རིམ་བང་སྒྲིག་ཡོད་པ་རེད།

ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ལས་འཁུར་དམ་འབུལ་ཞུས་པ།

བདམས་ཐོན་བྱུང་བའི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་དེ་རིང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་པ་དང་འབྲེལ། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གོང་འཕེལ་གཏོང་རྒྱུ་ནི་ལས་དོན་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་གནང་གི་ཡོད་ཅེས་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༣ ཉིན་རྒྱབ་ཚོུད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ཚོགས་ཁང་གསར་པར་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དབུས་ཁྲིམས་ཞིབ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱགས་སྦྲེལ་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་ལྷན་འཛོམས་སར་བདམས་ཐོན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་གནང་ཡོད་པ་རེད། དམ་འབུལ་གྱི་མཛད་སྒོ་གྲུབ་རྗེས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་གསར་འགོད་པར་རང་ཉིད་བེུད་གཅིག་དང་ཉམ་ཐག་གཅིག་ཡིན་པའི་ཆ་ནས་བཀའ་བློན་གྱི་ལས་གནས་ཐོག་བསྐོ་གཞག་བྱུང་བར་སྤོབས་ཆེན་པོ་ཞིག་ཡོད་ཅེས་གསུངས་པ་དང་འབྲེལ། བོད་ཀྱི་བེུད་གཞན་ཚོ་ལའང་སེམས་ཤུགས་འཕར་མ་ཡོང་བར་ཁེ་ཕན་ཡོད་པ་ཞིག་ལ་དགོངས་སྐོར་གསུངས་ཡོད། ལྷག་པར་དུ་ཁོང་གིས་ཤེས་རིག་བཀའ་བློན་གྱི་དུས་ཡུན་ལོ་གསུམ་དེའི་ནང་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་མུ་མཐུད་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ལས་དོན་ནི་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་གསུངས་སོང་། རྩ་བའི་ཉེ་ཆར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་བཀའ་ཤག་གི་བཀའ་བློན་འོས་མིར་མཚན་བཏོན་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་རྗེས་སྤྱི་འཐུས་རྩ་འབོར་ ༤༤ ནས་འོས་པ་ ༢༦ དང་མི་འོས་པ་ ༡༥ བར་བཞུགས་གྲངས་ ༣ བཅས་ཁོང་ལ་མང་མོས་ཐོག་ནས་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་རེད། དེ་སྔའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་འཛིན་སྐྱོང་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་རྗེས། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད་པ་རེད། ད་ལན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཤེས་རིག་བཀའ་བློན་གྱི་ལས་འཁུར་དམ་འབུལ་དངོས་སུ་བཞེས་གནང་ཡོད་པ་དང་། ཁོང་ནི་ད་ལྟའི་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་ཁོངས་ནས་བེུད་བཀའ་བློན་གཅིག་པོ་དེ་ཆགས་ཀྱི་ཡོད་པ་རེད། འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ནི་ཕྱི་ལོ་ ༡༩༩༣ ལོ་ནས་ལྡི་ལི་དང་མ་ཌི་རས་མཐོ་སློབ་ནས་དབྱིན་སྐད་ཐོག་མཐོ་རིམ་དང་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་འདུག་པ་དང་། ཕྱི་ལོ་ ༡༩༩༦ ལོར་དགེ་འོས་ཐོན་རྗེས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་དབྱིན་སྐད་དགེ་རྒན་གྱི་ཕྱག་ལས་གནང་འདུག ཕྱི་ལོ་ ༢༠༠༡ ནང་དུ་ཁོང་ཨ་རིར་ Fulbright སློབ་ཡོན་ཁོངས་སུ་ལོ་གཅིག་རིང་དབྱིན་ཇི་སློབ་ཁྲིད་ཐོག་སློབ་སྦྱོང་གནང་འདུག་པ་དང་དེའི་རྗེས་སུ་རིམ་པས་གཙུག་ལག་རབ་འབྱམས་པ་དང་མཐར་ཤེས་ཡོན་སློབ་ཁྲིད་ཐོག་འབུམ་རམས་པ་ཐོན། ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པའི་ཐུགས་འགན་བཞེས་འདུག

བོད་དང་རྒྱ་གར་དབར་གྱི་འབྲེལ་བ་ནི་སྲིད་པའི་དཔལ་ཡོན་གྱིས་བཅིངས་པའི་འབྲེལ་བ་ཞིག་རེད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པ་ཆེ་མཆོག་གིས་བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ནི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་འབྲེལ་བ་ཙམ་མིན་པར་སྲིད་པའི་དཔལ་ཡོན་གྱིས་བཅིངས་པའི་ཐུན་མིན་གྱི་འབྲེལ་བ་ཞིག་ཡིན་སྐོར་གསུངས་སོང་། དེ་ཡང་རྒྱལ་ས་ལྡི་ལིར་འཚོགས་བཞིན་པའི་བོད་ཀྱི་རིག་གཞུང་དུས་སྟོན་གྱི་ཆ་ཤས་སུ་ཁ་སང་བཞུགས་མོལ་བཀའ་བསྡུར་གྱི་ལྷན་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག ལྕམ་སྐུ་ Kapila Vatsyayan མཆོག དེ་བཞིན་ལྕམ་སྐུ་ Sondhi མཆོག་བཅས་ནས་བོད་དང་རྒྱ་གར་གཉིས་ཀྱི་གནའ་དེང་འབྲེལ་ལམ་ཐད་ལ་བཀའ་བསྡུར་གནང་ཡོད་པ་རེད། སྐབས་དེར་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཧིན་དི་ཐོག་འཕགས་བོད་གཉིས་ཀྱི་འབྲེལ་བ་དེ་ནི་རྒྱལ་ཁབ་ཕྱོགས་ཕན་ཚུན་གཉིས་སམ་ཡང་ན་ཆོས་ཀྱི་འབྲེལ་བ་རྐྱང་པ་ཙམ་མིན་པར་འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་དུས་རབས་མང་པོའི་གོང་ནས་ཡོད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྲིད་པའི་དཔལ་ཡོན་གྱིས་གཅུས་སྒྲིམ་བཞག་པའི་འབྲེལ་བ་ཞིག་རེད། དེང་སྐབས་སུའང་བོད་མི་ཚོའི་ངོས་ནས་ལོ་རྒྱུས་ཀྱི་གོད་ཆག་ཆེན་པོ་དེར་བལྟོས་མེད་སོ་སོའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་མི་ཉམས་རྒྱུན་འཛིན་གནང་ཐོག་རྒྱ་གར་གཞུང་མང་གིས་ཀྱང་བོད་མི་ཚོར་ཕྱོགས་གང་ས་ནས་གང་འོས་ཀྱི་མཐུན་འགྱུར་གནང་བཞིན་པ་བཅས་ནི་འཕགས་བོད་གཉིས་ཀྱི་སྲིད་པའི་དཔལ་ཡོན་གྱིས་བཅིངས་པའི་འབྲེལ་བ་དེ་ལ་ཐུག་ཡོད་པ་གསུངས་ཡོད། ལྷག་པར་དུ་བོད་མི་ཚོ་བཙན་བྱོལ་དུ་འབྱོར་བའི་རྗེས་སུའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་ད་ལྟའི་འཛམ་བུ་གླིང་འདིར་ཤིན་ཏུ་ནས་མཁོ་བའི་འཕགས་བོད་གཉིས་ཀྱི་ཕ་མེས་ནས་ཡོད་པའི་མིའི་བཟང་སྤྱོད་ཀྱི་རིན་ཐང་དང་། བློ་སྦྱོང་སོགས་ཀྱི་ཡོན་ཏན་དེ་དག་བསྐྱར་གསོ་ཐུབ་པ། ༸གང་ཉིད་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་མིའི་དགོས་མཁོར་གཟིགས་ཏེ་ཀུན་ཁྱབ་ཀྱི་འགན་འཁུར་ངོ་བོའི་ཐོག་ནས་ལམ་སྟོན་བཀྲིན་སྩོལ་བཞིན་ཡོད་པ་དེ་དག་ནི་འཕགས་བོད་གཉིས་ཀྱི་མི་རིགས་ལ་ཕ་མེས་ནས་ཡོད་པའི་རྒྱུན་ལྡན་འཚོ་བའི་ཆ་ཤས་ཤིག་དང་། སྲིད་པའི་དཔལ་ཡོན་གྱིས་བཅིངས་པའི་ཐུན་མིན་གྱི་འབྲེལ་བ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་སློབ་དཔོན་ ML Sondhi མཆོག་གི་སྐུ་ཟླ་ལྕམ་སྐུ་མཁས་དབང་ Sondhi མཆོག་ནས་ཀྱང་བརྗོད་གཞི་དེ་དང་འབྲེལ་ཏེ། དེང་སྐབས་རྒྱ་ནག་ཕྱོགས་ནས་འཛམ་བུ་གླིང་ཁྱོན་ཡོངས་སུ་དེང་དུས་ཀྱི་སྒྱུ་རྩལ་ཁག་ཅིག་སྤྱོད་ནས་ལོ་རྒྱུས་ལ་འཁྱོག་བཤད་དང་བཟོ་བཅོས་ཀྱིས་རྒྱལ་ཁབ་གཞན་ནང་རྒྱ་སྐྱེད་བཙན་འཛུལ་གྱི་ཐབས་ཤེས་བྱེད་མུས་ཡིན་སྟབས། དེང་སྐབས་མང་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ཚོས་རྒྱ་ནག་ལྟ་བུའི་སྲིད་དབང་སྒེར་གཅོད་ཀྱི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་ཐོག་བགྲོ་གླེང་མང་པོ་ཞིག་ཡོང་བཞིན་པ་ལྟར་། རྒྱ་གར་དང་བོད་མིའི་ཆབ་སྲིད་ཀྱི་འབྲེལ་ཡོད་མི་སྣ་དང་ཐབས་བྱུས་པ། མཁས་དབང་བཅས་ནས་མང་གཙོའི་ལམ་ལུགས་ལོངས་སུ་སྤྱོད་མཁན་རྒྱལ་ཁབ་གཞན་དང་ཟུང་འབྲེལ་ཐོག་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་ངལ་བར་གདོང་ལེན་ཡོང་ཐབས་གནང་དགོས་སྐོར་སོགས་གསུངས་ཡོད། རྒྱལ་ས་ལྡི་ལིའི་བོད་ཀྱི་དུས་སྟོན་གྱི་ཆ་ཤས་སུ་གོ་སྒྲིག་ཞུས་པའི་བགྲོ་གླེང་དེའི་ཐོག་རྒྱ་གར་དབུས་གཞུང་གི་ཕྱི་འབྲེལ་དང་ཤེས་ཡོན་། འཛིན་སྐྱོང་སོགས་ཀྱི་ཐད་ལ་ཕྱག་ལས་ཡུན་རིང་གནང་མྱོང་ཡོད་པ་དང། ལྷག་པར་དུ་བོད་མི་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་སློབ་གྲྭ་གསར་འཛུགས་སོགས་ཀྱི་ལས་དོན་དང་ཐད་ཀར་འབྲེལ་ཡོད་མཁས་དབང་ལྕམ་སྐུ་ Kapila Vatsyayan མཆོག་ནས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཐོག་མར་གསར་འཛུགས་སྐབས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྐུ་ལས་ཇི་ཙམ་བསྐྱོན་ཡོད་སྐོར་ལོ་རྒྱུས་ཁག་ངོ་སྤྲོད་དང་སྦྲགས། བོད་མི་ཚོའི་ངོས་ནས་སློབ་གཉེར་ཁང་དེ་ལྟ་བུ་བརྒྱུད་ནས་རྒྱ་གར་གྱི་ཕ་མེས་ནས་ཡོད་པའི་བཟང་པོའི་ཡོན་གཏན་དེ་དག་མི་ཉམས་རྒྱུན་འཛིན་གནང་གི་ཡོད་སྐོར་སོགས་གསུངས་པ་དང་ཆབས་ཅིག ཁྱད་པར་དུ་བོད་མི་ཚོའི་ངོས་ནས་ལོ་འཁོར་མོར་དུས་སྟོན་འདི་ལྟ་བུ་གནང་ཐོག་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་གནང་གི་ཡོད་ནའང་དོན་དངོས་ཐོག་རྒྱ་གར་གཞུང་མང་ནས་བོད་མི་ཚོར་ཐུགས་རྗེ་ཆེ་ཞུ་དགོས་སྐོར་སོགས་གསུངས་ཡོད། བཞུགས་མོལ་དེའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་དང་རྒྱ་གར་བར་ཁོར་ཡུག་དང་ཆབ་སྲིད། རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་ལམ་ཁག་ངོ་སྤྲོད་དང་འབྲེལ། བོད་མི་ཚོའི་ངོས་ནས་རྒྱ་གར་གཞུང་མང་ལ་ཞལ་ཙམ་མིན་པར་བོད་ཀྱི་དུས་སྟོན་འདི་ལྟ་བུ་བརྒྱུད་ནས་བོད་མིའི་ངོས་ནས་རྒྱ་གར་གྱི་རྩ་ཆེའི་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་གནང་ཡོད་པ་དེ་འགྲེམས་སྟོན་ཞུ་ཐོག་སྙིང་དབུས་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་གསུངས་ཡོད།

རེས་གཟའ་མིག་དམར། ༢༠༡༨།༠༤།༠༣

ཉན་པ།: Listen ཕབ་ལེན། Download ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་པ། བོད་དང་རྒྱ་གར་དབར་གྱི་འབྲེལ་བ་ནི་སྲིད་པའི་དཔལ་ཡོན་གྱིས་བཅིངས་པའི་འབྲེལ་བ་ཞིག་རེད། ནག་ཆུ་ས་ཁུལ་དུ་ཁ་བྲལ་ལ་འབྲེལ་བ་བྱེད་མཁན་ཐེར་འདོན་བྱ་ཚེ་བྱ་དགའ་སྤྲོད་རྒྱུའི་བཀོད་ཁྱབ་བཏང་འདུག ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དང་དམ་པའི་ཆོས་ཀྱི་ཉམས་ལེན་ཟུང་འབྲེལ་ཐོག་ཕྱག་ལས་གནང་དགོས། ཝར་མོནྚ་ཁུལ་གྱི་བོད་མི་ཚོས་བོད་དོན་རྒྱབ་སྐྱོར་བ་ལྕམ་ Grace Spring ལགས་ཀྱི་འདས་མཆོད་སྨོན་ལམ་གནང་བ། Tuesday 03/04/2018 New Sherig Kalon sworn in, pledges commitment to promotion of Tibetan language and culture India and Tibet has intertwined civilizational Relation: Former Kalon Tripa Samdhong Rinpoche Nagchu authorities declare prize money for tips on splittist activities and association Environment Protection and Buddhism if brought together can bring great results: Karmapa Rinpoche Tibetans hold prayer service for long time Tibet supporter and activist Grace Spring

Latest news