Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2018

བོད་ཀྱི་རྒྱལ་དར་བརྡ་སྟོན་འགུལ་རིས་ཁོངས་སུ་འཇུག་རྒྱུའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ།

ཨ་རིའི་མི་སེར་ཡིན་པའི་པདྨ་སྒྲོལ་མ་ལགས་ཀྱིས་སྣེ་ཁྲིད་འོག་བོད་དོན་ལས་འགུལ་བ་ཁག་གཅིག་ནས་བོད་ཀྱི་རྒྱལ་དར་དེ་རྒྱལ་སྤྱིའི་་ཐོག་ངོས་ལེན་ཡོད་པའི་ emoji འམ་བརྡ་སྟོན་འགུལ་རིས་ཁོངས་སུ་འཇུག་དགོས་བའི་ཞུ་སྐུལ་ལས་འགུལ་སྤེལ་བཞིན་འདུག ལས་འགུལ་བ་རྣམས་ནས་འཛམ་གླིང་ནང་གི་རྩོད་རྙོག་གི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ Palestine  དང་ western Sahara སོགས་ཀྱི་འགུལ་རིས་རྒྱལ་དར་ཡང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་གང་སར་བེད་སྤྱོད་གཏོང་བཞིན་ཡོད་པར་བརྟེན་བོད་ཀྱི་རྒྱལ་དར་དེ་ཡང་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོད་པའི་བརྡ་སྟོན་འགུལ་རིས་ཁོངས་སུ་འཇུག་དགོས་པའི་ཞུ་སྐུལ་གནང་འདུགདབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་འདི་གར་བཏང་འབྱོར་བྱུང་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་ཉེ་བའི་ལོ་འགའི་རིང་ནས་བཟུང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཡོངས་གྲགས་སུ་ emoji ཞེས་པའི་བརྡ་སྟོན་གྱི་འགུལ་རིས་ནི་དེང་རབས་ཀྱི་འཚོ་བའི་རྣམ་པ་མཚོན་པར་བྱེད་པའི་ནུས་པ་གལ་ཆེན་ཞིག་ཡིན་པའི་གོ་རྟོགས་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་སྟབས། བོད་ཀྱི་རྒྱལ་དར་ཡང་བརྡ་སྟོན་འགུལ་རིས་ཁོངས་སུ་བཅུག་ནས་དྲྭ་ཐོག་ཏུ་བོད་ཀྱི་ངོ་བོ་མཚོན་པར་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེར་བརྟེན་ནས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་དོན་ལ་དོ་སྣང་བྱས་ཏེ་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོང་བའི་རེ་བ་བྱེད་བཞིན་ཡོད་སྐོར་འཁོད་འདུག བརྡ་སྟོན་འགུལ་རིས་ཆེད་བཟོ་ཚོགས་པ་ནི་ཀུ་ཤུ་དང་ངོ་དེབ་བཟོ་ཁང་སོགས་ཀྱི་འཕྲུལ་ལས་བཟོ་ཚོང་ཁང་ཆེ་ཁག་ལས་གྲུབ་ཡོད་པ་ལྟར། བཟོ་ཚོང་ཁང་ཆེ་ཁག་འདི་དག་གིས་ལོ་འཁོར་རེ་རེར་དུས་བསྟུན་གྱིས་ཚོགས་འདུ་འཚོགས་ནས་བརྡ་སྟོན་འགུལ་རིས་གང་ཞིག་ངོས་ལེན་བྱས་ནས་ནང་འཇུག་བྱེད་དགོས་མིན་གྱི་ཐག་གཅོད་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་ངོས་ལེན་བྱས་རྗེས་གཞི་ནས་འཕྲུལ་རིགས་ཀྱི་མ་ལག་སོ་སོ་ནས་རང་དབང་ཐོག་བརྡ་སྟོན་འགུལ་རིས་དེ་སོ་སོའི་དྲྭ་བར་སྤྱོད་མིན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།རྩ་བའི་དེང་རབས་འཕྲུལ་ལས་ཀྱི་དུས་རབས་འདིར་བཟོ་ཁང་མང་པོ་ཞིག་གིས་མི་རིགས་དང་ས་ཁུལ་གྱི་མཚོན་བྱེད་ལྟ་བུའི་བརྡ་སྟོན་གྱི་འགུལ་རིས་མང་པོ་ཞིག་གསར་དུ་ནང་འཇུག་བྱེད་བཞིན་ཡོད་པ་ལྟར། བོད་མི་དག་གིས་ཀྱང་བོད་ཀྱི་རྒྱལ་དར་དེ་གང་མགྱོགས་ཚད་ལྡན་བརྡ་སྟོན་འགུལ་རིས་ཁོངས་སུ་འཇུག་ཐུབ་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད་ནའང་། བརྡ་སྟོན་འགུལ་རིས་འདེམས་སྒྲུག་གནང་མཁན་མང་པོ་ཞིག་གིས་རྒྱ་ནག་དང་ལྷན་དུ་ཚོང་ལས་གཉེར་འདོད་ཀྱི་འདུན་པ་ཡོད་པར་བརྟེན། བོད་དོན་གྱི་ལས་འགུལ་དེ་ངོས་ལེན་གནང་བར་འགོར་འགྱངས་གནང་སྲིད་པར་ཚོད་དཔག་གནང་གི་འདུག བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་འཕྲུལ་ལས་ཆེད་མཁས་པ་ Andrew Myors  ལགས་ཀྱིས་ང་ཚོས་བློ་འཚབ་ཆེ་ཤོས་ནི་རྒྱ་ནག་ནང་གི་ཐབས་བྱུས་རང་བཞིན་ལྡན་པའི་ཚོང་ལས་ཀྱི་མ་རྩ་ཆེད་འཛུགས་ཀྱིས་བོད་མི་དག་གི་ཁྲིམས་མཐུན་གྱི་ཞུ་སྐུལ་དེ་རྩིས་མེད་འགྲོ་སྲིད་པར་དོགས་པ་དང་། སྤྱིར་བརྡ་སྟོན་འགུལ་རིས་དེ་ནི་སྙིང་རྗེ་པོ་དང་སྟབས་བདེ་པོ་ཞིག་ཡིན་ནའང་། མཚོན་བྱེད་གང་ཞིག་གདམ་གསེས་བྱེད་རྒྱུ་དེ་ནི་ཧ་ཅང་གི་རྙོག་གྲྭ་ཆེ་བའི་ལས་ཀ་ཞིག་རེད་ཅེས་གསུངས་པ་དང་འབྲེལ། ཆབ་སྲིད་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བོད་ཀྱི་རྒྱལ་དར་གྱི་བརྡ་སྟོན་འགུལ་རིས་དེ་གདམ་གསེས་བྱེད་འདོད་མ་བྱུང་བ་ལས་ཁོང་ཚོས་འཕྲུལ་ལས་ལ་ཁ་གཡར་བའི་ཐོག་ནས་བརྡ་སྟོན་འགུལ་རིས་དེ་ནང་འཇུག་མ་བྱས་པ་ཡིན་ན་འོས་འཚམས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག རྩ་བའི་བོད་ཀྱི་རྒྱལ་དར་དེ་བརྡ་སྟོན་འགུལ་རིས་ཁོངས་སུ་འཇུག་དགོས་པའི་ཞུ་ཡིག་དེ་ཟླ་བ་ ༧ གྱི་སྔོན་ནས་ཕུལ་ཟིན་པ་ལྟར། བཞུད་ལམ་རིང་པོ་ཞིག་བརྒྱུད་ནས་ལས་འགུལ་བ་རྣམས་ཀྱིས་བརྡ་སྟོན་འགུལ་རིས་རྒྱུན་ལས་དག་གི་བརྡ་ལན་ལ་ངང་སྒུག་བྱེད་བཞིན་ཡོད་པ་རེད། ལས་འགུལ་འདི་ཐོག་མར་དབུ་འཛུགས་གནང་མཁན་ཨ་རིའི་མི་སེར་ཡིན་པའི་པདྨ་སྒྲོལ་མ་ལགས་ཀྱིས་ང་ནི་རྣམ་ཀུན་ནས་ཨ་རིའི་བོད་རིགས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ནའང། བརྡ་སྟོན་འགུལ་རུས་ཀྱི་གནད་དོན་ལ་ཐུག་ཚེ་ངའི་རིག་གཞུང་དང་ཕ་གཞིས་མི་འདུག་ཅེས་བརྗོད་ནས་ལས་གཞི་འདི་འགོ་འཛུགས་བྱས་ཡོད་པ་དང། ད་ལྟའི་ཆར་བོད་རིགས་སྟོང་ཕྲག་བརྒལ་བས་ལས་གཞི་འདིར་ཆེད་དམིགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་ནས་སྤྱི་ཚོགས་དྲྭ་ལམ་ Instagram བརྒྱུད་ནས་བོད་ཀྱི་རྒྱལ་དར་གྱི་རྒྱབ་ལྗོངས་བྱས་པའི་པར་རིས་མང་པོ་ཁྱབ་སྤེལ་གནང་བཞིན་ཡོད་པ་རེད།

ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

ཨུ་རུ་སུའི་ཁྱབ་ཁོངས་ Kalmyk སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Aleksey Orlov མཆོག་གིས་ཁ་སང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་འདུགལྷན་རྒྱས་ཀྱི་མཇལ་མོལ་དེའི་ཐོག་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙོ་བོ་ད་ལྟའི་ཁལ་མུག་ནང་གི་གནས་སྟངས་སྤྱི་ཡོངས་ངོ་སྤྲོད་དང་འབྲེལ་ཏེ། ཁོང་སྲིད་འཛིན་གནང་བའི་རིང་གི་ལས་དོན་གནང་ཕྱོགས་དང་གྲུབ་འབྲས་ཇི་སོན་སྐོར། ཁོང་སླར་ཁལ་མུག་སྤྱིམཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་མིར་བཞེངས་ནས་མང་ཚོགས་ཆེད་དུ་ཞབས་ཞུ་སྒྲུབ་འདོད་ཡོད་པ་བཅས་སྙན་གསེང་ཞུས་ནས་༸གང་ཉིད་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་བཀྲིན་བསྩལ་གནང་ཡོང་བའི་རེ་སྐུལ་ཞུས་འདུགསྐབས་དེར་༸གོང་ས་མཆོག་གིས་བོད་སོག་གཉིས་པོ་ནི་ལོ་ངོ་བརྒྱ་ཕྲག་རིང་ནས་ཆོས་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐོག་ནས་ཐུན་མིན་གྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་མ་འོངས་པར་ཨུ་རུ་སུའི་ནང་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྣེ་ཁྲིད་ནས་སློབ་གྲྭ་ཁག་ཏུ་ཆོས་ལུསག་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ངོ་སྤྲོད་གནང་ཐུབ་ཚེ་ལེགས་པོ་ཡོད་སྐོར་ལམ་སྟོན་བསྩལ་བ་དང་ཆབས་ཅིག་ཏུ་རིང་མིན་ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་འཚོགས་འཆར་ཡོད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་ཁལ་མུག་གི་སྐུ་ཚབ་ཆེད་གཏོང་ཐུབ་ན་ལེགས་པོ་ཡོད་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག ཁལ་མུག་སྲིད་འཛིན་མཆོག་ནས་གཞན་ཡང་གནས་ཆུང་སྐུ་རྟེན་མཆོག་མཇལ་འཕྲད་གནང་བ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་མོལ་གནང་སྟེ་སྲིད་འཛིན་མཆོག་གིས་ད་ཆ་ཨུ་རུ་སུ་དང་རྒྱ་ནག་དབར་ཆབ་སྲིད་ཀྱི་འབྲེལ་ལམ་དང་། རུ་སུའི་ངོས་ནས་རྒྱ་གཞུང་ལ་ལྟ་སྟངས་ཇི་ཡོད་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ལྷག་པར་དུ་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་ཚོགས་ཀུན་ནས་མ་འོངས་པར་བོད་དོན་ཐོག་སེམས་འཚབ་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་བར་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག

Latest news