Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2018

༸གོང་ས་མཆོག་ནས་ལྷ་བབས་གནས་སུ་བཀའ་ཆོས་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཁག་ལེགས་གྲུབ་དང་བསྟུན་དེ་རིང་ཉིན་དགུང་ཚོུད་ ༡༢ ཙམ་ལ་རྒྱ་གར་ཨུ་ཏར་མངའ་སྡེའི་ལྷ་བབས་གནས་ Sankisa ཁུལ་ནས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་སོང་།  རྒྱ་གར་གྱི་ནང་པའི་གཞོན་ནུའི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཁ་ཉིན་ཕྱི་ཚེས་ ༣  ཉིན་ནས་དེ་རིང་བར་མགོན་པོ་༸གང་ཉིད་མཆོག་གིས་ས་གནས་ཀྱི་རྒྱ་གར་ནང་པའི་ཆོས་ཞུ་བ་དང་།   རྒྱ་གར་གྱི་མངའ་སྡེ་གཞན་ཁག་བཅས་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ། དེ་བཞིན་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ཁྲི་ཚོ་འགའ་ཞིག་ལ་ནང་ཆོས་ངོ་སྤྲོད་ཀྱི་སྤྱི་བཤད་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་བསྩལ་ཡོད་པ་རེད།དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་དངོས་གཞི་ལེགས་གྲུབ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཆེད་དུ་གཉེར་བའི་དད་ལྡན་རྒྱ་གར་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ལྟ་བུའི་ཕྱག་དཔེ་ཁག་ལ་རྒྱུན་དུ་སློབ་སྦྱོང་བྱེད་དགོས་པ་དང་། ཕྱག་དཔེ་དེ་དག་ནི་ང་ཚོའི་སློབ་སྟོན་པ་དང་། དགེ་རྒན་གཉིས་ཀ་ཆགས་ཡོད་སྐོར་སོགས་བཀའ་བསྩལ་བ་དང་སྦྲགས། ཕྱག་དཔེ་དེ་ཚོར་སློབ་སྦྱོང་གནང་ཐུབ་ཚེ་སེམས་ལ་ཕན་ཐོགས་ཆེན་པོ་ཡོད་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད།ལྷ་བབས་གནས་སུ་བསྩལ་བའི་བཀའ་ཆོས་དེའི་ཐོག་ས་གནས་ཀྱི་རྒྱ་གར་ནང་པ་ཙམ་མིན་པར་རྒྱ་གར་གྱི་བི་ཧཱར་དང་། རཱ་ཇིས་ཐཱན། མ་ཧཱ་རཱཤཋ་སོགས་མངའ་སྡེ་གཞན་ཁག་གཅིག་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན། བོད་མི། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ་སོགས་ཁྱོན་ཆོས་ཞུ་བ་ཁྲི་ཚོ་འགའ་ཞིག་འདུ་འཛོམས་བྱུང་ཡོད་པ་ལྟར། ཆོས་ར་ནས་ཕྱོགས་ཐོན་མ་གནང་ཙམ་ལ་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཆོས་ཞུ་ཚོ་རང་ཉིད་སོ་སོའི་སྡོད་གནས་སུ་ཕེབས་ཏེ་ལུས་པོ་འདི་ནས་བྲལ་གྱི་ཡོད་ཀྱང་། བསམ་བློའི་ནང་ཕན་ཚུན་བྲལ་ཐབས་མེད་པ་དང་། ཆོས་ཞུ་བ་ཚོས་ངེས་པར་དུ་༸གང་ཉིད་མཆོག་གིས་ལམ་སྟོན་མཛད་ཁག་མ་བརྗེད་པར་ཉམས་ལེན་དང་སློབ་གཉེར་གནང་དགོས་པར་ལམ་སྟོན་རྒྱ་ཆེ་བསྩལ་ཡོད།

༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་བདམས་ཐོན་དབང་ཚད་ཐོག་རྒྱ་གཞུང་ནས་བཤད་པར་ངོས་ལེན་མེད།

ཁ་སང་ཟླ་ ༡༢ ཚེས་ ༤ ཉིན་ཨ་རིའི་སྔ་དྲོ་ཆུ་ཚོད་ ༡༠༌༣༠ སྟེང་ཁུལ་དེའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༤༡༩ ནང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་ནས་རྒྱ་ནག་ནང་གི་མང་གཙོ་དང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་ཡུལ་དེའི་སྒྲིག་ཁྲིམས་དང་དེར་གདོང་ལེན་གནང་ཕྱོགས་སྐོར་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་ཚོགས་ཆུང་དེའི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Cory Gardner ལགས་དང། Tim Kaine ལགས། Ed Markey ལགས། དེ་བཞིན་ Marco Rubio ལགས་ཀྱིས་གཙོས་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤ་ཡ་དང་ལྷོ་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་ལྕམ་སྐུ་ Laura Stone ལགས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་སྐུ་ཞབས། Scott Busby ལགས། USAID འམ་ཨ་རིའི་རོགས་སྐྱོར་ཚོགས་པའི་ངེས་སྟོན་པ་ལྕམ་སྐུ་ Gloria Steele ལགས་བཅས་ནས་མཉམ་ཞུགས་གནང་འདུགཉན་ཞིབ་ཀྱི་ལས་རིམ་དེའི་ཁྲོད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་དྲི་བ་གནང་བ་ལྟར། སྐུ་ཞབས་ Gardner ལགས་ཀྱིས་རྒྱ་གཞུང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་བདམས་དོན་ཐད་དབང་ཚད་ཡོད་སྐོར་བཤད་པར་ཨ་རིའི་གྲོས་ཚོགས་ནས་ངོས་ལེན་རྩ་བ་ནས་མེད་པ་དང་འབྲེལ།   ལྕམ་སྐུ་ Laura ལགས་ཀྱིས་ཆོས་ཕྱོགས་ཀྱི་གནད་དོན་དང་འབྲེལ་བའི་ཐག་གཅོད་ཀྱི་དབང་ཚད་དེ་ཆོས་ཚོགས་ཁོ་ནར་ཡོད་པ་མ་གཏོགས་དེར་ཆབ་སྲིད་ཀྱིས་ཐེ་བྱུས་གནང་བར་ཨ་རི་གཞུང་དང་མང་ཚོགས་ནས་དགག་པ་ཡོད་ཅེས་གསུངས་པ་མ་ཟད། ཉན་ཞིབ་ཀྱི་ལས་རིམ་ནང་དྲི་བ་འདི་ལྟར་ཡོང་བ་དེས་རྒྱ་གཞུང་ལ་བརྡ་ལན་གལ་ཆེན་ཞིག་སྤྲད་ཀྱི་ཡོད་པ་དང། ང་ཚོའི་ངོས་ནས་གནད་དོན་འདིའི་རིགས་ལ་ཞིབ་ཚགས་དང་གལ་གནད་ཆེན་པོར་ངོས་འཛིན་གྱི་ཡོད་ཅེས་གསུངས་འདུགསྐུ་ཞབས་ Gardner ལགས་ཀྱིས་ Tibetan Policy Act of 2002 འམ་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང་ཨ་རི་གཞུང་གི་མི་སྣ་བོད་ནང་དུས་ནས་དུས་སུ་འཚམས་གཟིགས་སུ་ཕེབས་དགོས་པ་འཁོད་ཡོད་ཀྱང། ད་ཆ་ཨ་རིའི་མི་སེར་དང་། གསར་འགོད་པ། དེ་བཞིན་སྤྲོ་འཆམ་པ་སོགས་བོད་ནང་ཕེབས་ཆོག་པའི་ཆོག་མཆན་མི་སྤྲད་སྟབས། ད་ལྟ་ཚུན་ཆད་བོད་ནང་ཨ་རིའི་གཞུང་འབྲེལ་མི་སྣ་ཉུང་ཤས་ལས་ཕེབས་ཐུབ་མེད་པ་གསུངས་པ་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོད་པ་དང། ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་གནང་རྗེས་ལག་ལེན་ཐོག་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་དེ་ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་དྲིལ་ལས་དོན་ཚོགས་ཆུང་ནས་སྤྱི་མོས་ཐོག་རྒྱབ་སྐྱོར་གནང་བ་དང། ད་ཆ་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་དགོས་ཀྱི་ཡོད་པ་རེད།དེ་བཞིན་ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་ཨ་རིའི་རོགས་སྐྱོར་ཚོགས་པ་ USAID ངེས་སྟོན་པ་ལྕམ་སྐུ་ Gloria Steele ལགས་ནས་ཨ་རིའི་རོགས་སྐྱོར་གྱི་ཚན་པ་ནས་བོད་མིའི་གནའ་བོའི་རིག་གནས་ཤུལ་བཞག་གི་དངོས་རྫས་ས་ཡ་བདུན་ལྷག་ཉར་ཚགས་གནང་ཐུབ་པར་རོགས་སྐྱོར་དང། སློབ་གྲྭ་ཁག་གི་དགེ་རྒན་ཚོར་དེང་དུས་དང་མཐུན་པའི་ཤེས་ཡོན་སློབ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་ཐུབ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ ༣༣༠ ཙམ་ཞིག་ལ་འགོ་ཁྲིད་སྐྱེད་སྲིང་སླད་རྒྱབ་སྐྱོར་གྱི་རོགས་སྐྱོར་སོགས་གནང་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་བོད་མིའི་འཚོ་བ་རྒྱུན་གནས་ཐུབ་ཐབས་སུ་རོགས་སྐྱོར་གནང་ཁག་སྙན་གསེང་ཞུས་འདུག

༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་ཛ་དྲག་གི་ལས་གཞི་སྤེལ་དགོས་པའི་བཀའ་བསྩལ་བ།

ཡོ་རོབ་པོ་ལེན་ཌའི་རྒྱལ་ས་ Katowice ནང་ united nation framework on climate change འམ་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཐད་འཚོགས་བཞིན་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༢༤ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་འདུག གསུང་འཕྲིན་དེའི་ནང་འབྱུང་འགྱུར་གྱི་མི་རབས་ཚོ་ཁམས་བཟང་པོ་དང་མི་ཚེ་སྐྱིད་པོ་ཞིག་ཡོང་ཐབས་ལ་དམིགས་ཏེ་གོ་ལ་འདིའི་མ་འོངས་ཁོར་ཡུག་བཟང་དུ་འགྲོ་རྒྱུའི་ཆེད་དུ་རང་དོན་བློས་བཏང་ནས་སྐུ་ངལ་མཛད་མེད་ཐོག་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་གྱི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་བསྩལ་བ་དང་ཆབས་ཅིག ངོས་རང་ལ་མཚོན་ན་འབྱུང་བའི་ཁམས་ལ་བརྩེ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། ༸གང་ཉིད་མཆོག་གི་༸སྐུ་ཚེའི་ནང་གི་ཐུགས་བསྐྱེད་དམ་བཅའ་གཅིག་ནི་ཁོར་ཡུག་སྐྲུང་སྐྱོབ་གནང་རྒྱུ་དེ་ཡིན་སྟབས། ༸གོང་ས་མཆོག་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་དེ་འབྲེལ་བཀའ་སློབ་བསྩལ་གྱི་ཡོད་སྐོར་བཀའ་ཕེབས་འདུག དེང་རབས་ཀྱི་འཛམ་གླིང་འདིའི་ནང་འཕྲུལ་ཆས་ཡར་རྒྱས་ཤུགས་ཆེར་ཕྱིན་པའི་དབང་གིས་དཀའ་ངལ་མང་དག་ཞིག་འཕྲད་བཞིན་པའི་ཁྲོད་མཁས་དབང་ཚོས་ Global Warming འམ་གོ་ལ་སྤྱིའི་ཚ་དྲོད་འཕེལ་བ་དང་གནམ་གཤིས་འགྱུར་ལྡོག་འབྱུང་བཞིན་པ་ནི་འཛམ་གླིང་ནང་གི་མི་རྣམས་ལ་འགན་འཁྲི་ཡོད་པ་གསུངས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་དཀའ་ངལ་དེ་དག་སེལ་རྒྱུའི་འགན་ཁྲི་དེ་མི་རྣམས་ལ་ཡོད་པར་བཀའ་བསྩལ་བ་དང་འབྲེལ། དཀའ་ངལ་དེ་དག་རྒྱལ་ཁབ་གཅིག་དང་གཉིས་ཀྱི་དཀའ་ངལ་ཞིག་མིན་པར་འགྲོ་བ་སྤྱི་ཡོངས་ཀྱི་ངལ་བ་ཞིག་ཡིན་སྟབས། ང་ཚོས་དེ་དང་འབྲེལ་བའི་དོན་ཕན་ཅན་གྱི་ཐབས་ཤེས་ཤིག་འཚོལ་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་དུ་ང་ཚོའི་ངོས་ནས་ཛ་དྲག་གི་ལས་གཞི་སྤེལ་དགོས་པར་བཀའ་ནན་མཛད་འདུག རྩ་བའི་ཡོ་རོབ་པོ་ལེན་ཌའི་རྒྱལ་ས་ Katowice ནང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐོག་འཚོགས་བཞིན་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༢༤ དེའི་སྐབས་རྒྱལ་ཁབ་ཁག་མི་འདྲ་བ་ ༢༠༠ ཙམ་གྱི་འཐུས་མིས་མཉམ་ཞུགས་གནང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱང་མཉམ་ཞུགས་གནང་གི་ཡོད་པ་དང་། ཁོང་གི་ངོ་དེབ་སྟེང་ལྷ་ཚོགས་ཐོག་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་༸གོང་ས་མཆོག་གི་དམིགས་བསལ་གསུང་འཕྲིན་དེ་ཡིག་ཐོག་ནས་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་། ལྷ་ཚོགས་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནད་དོན་དེ་གོ་ལ་སྤྱི་ལ་གལ་གནད་ཇི་ཙམ་ཆགས་སྐོར། ལྷག་དོན་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་སྤྱིའི་ཁོར་ཡུག་བདེ་དོན་སླད་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ངོ་སྤྲོད་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་ངོས་ཀྱི་རེ་འབོད་གལ་ཆེན་སོགས་ལ་རྒྱག་གཅིག་མཆོངས་གཅིག་གནང་མཁན་ཞིག་ཡིན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་སྐུ་ཞི་བར་གཤེགས་པར་ཤིན་ཏུ་ཕངས་སེམས་དང་ཐུགས་སྐྱོ་སྣང་བྱུང་ཡོད་སྐོར་བཀའ་བསྩལ་དང་འབྲེལ། རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་ཐུགས་སྨོན་གསོལ་འདེབས་མཛད་འདུག དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། ངོས་ནས་དགེ་རྩེ་རིན་པོ་ཆེ་ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་མཇལ་བ་ནས་སེམས་ཐག་ཉེ་བའི་ནང་ཚགས་སུ་གྱུར་ཞིང་། ངས་ཁོང་ལ་ཀུ་རེ་དང་སྦྲགས་གཟིམ་འགག་བླ་མ་ཞེས་འབོད་ཀྱི་ཡོད། ཡང་ནས་ཡང་དུ་ཁོང་དང་ལན་མང་མཇལ་ཞིང་། མཇལ་རེས་བཞིན་བཀའ་མོལ་ལྷུག་པོ་དང་ཀུ་རེ་ཤོད་རེས་བྱེད་ཀྱི་ཡོད། འཚོ་བཞུགས་སྐབས་བསྟན་སྲིད་སྤྱི་དོན་ལ་ཀ་ཀོར་དང་། སྒེར་ཐབ་ཟུར་འཛུགས་ལ་དམིགས་པའི་ཐབས་བཀོད་བཅས་གང་ཡང་མི་མཛད་པར་ངོས་ཀྱིས་རེ་འབོད་གལ་ཆེན་སོགས་ལ་རྒྱག་གཅིག་མཆོངས་གཅིག་གནང་ཡོད་ཅེས་བཀའ་བསྩལ་བ་སྦྲགས། མགོན་པོ་༸གང་ཉིད་མཆོག་ལ་རིན་པོ་ཆེ་དགོངས་རྫོགས་ཀྱི་གཤེགས་མཆོད་ཐད་དམིགས་བསལ་འགན་བབ་པ་ལྟ་བུར་གྱུར་བརྟེན་ཡང་སྤྲུལ་མྱུར་བྱོན་གྱི་སྨོན་ལམ་འདི་འཕྲལ་མར་བྲིས་ཡིན་ཞེས་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་དུ་ཆོས་འབྲེལ་གྱི་མཛད་འཆར་སྐྱོང་བཞིན་སྐབས། རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་ཞི་བར་གཤེགས་པའི་གནས་ཚུལ་གསན་མ་ཐག་ཐུགས་ཤིན་ཏུ་ཕངས་སེམས་དང་སྐྱོ་སྣང་བྱུང་ཞིང་། བསྟན་འགྲོ་སྤྱི་དང་སྒོས་གངས་ཅན་པའི་བསྟན་སྲིད་སླད་རང་རེའི་བསྟན་འཛིན་རྣམས་སྐུ་ཚེ་ཞབས་པད་རིང་པོར་བརྟན་དགོས་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡང་བྱ་ཐབས་བྲལ་སྐོར་བཀའ་བསྩལ་བ་དང་སྦྲགས་ཏེ། མགོན་པོ་༸གང་ཉིད་མཆོག་ཉི་ཧོང་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱལ་ས་ལྡི་ལིར་ཕྱིར་༸ཞབས་སོར་བདེ་བར་འཁོད་སྐབས་སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་དང་། སྔ་འགྱུར་ཀཿ་ཐོག་ཨ་འཇོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་དགོན་གཉིས་ཀྱི་འཐུས་མི་རྣམ་གཉིས་ཆེད་བཅར་ཞུས་ཐོག་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་ཚུལ་དང་། སླད་མར་ཡང་སྤྲུལ་ཇི་དགེ། ཡང་སྤྲུལ་མྱུར་བྱོན་གྱི་སྨིན་ཚིག་མཛད་གནང་ཡོང་བའི་༸སྐྱབས་འཇུག་སྐབས་བྱུང་སྐབས་སུའང་། འབྲེལ་ཡོད་སློབ་མ་ལྟོས་བཅས་ཚོའི་ངོས་ནས་བློ་ཕམ་དང་ཞུམ་སྟེ་མི་སྡོད་པར་མ་འོངས་པར་དམིགས་དགོས་པར་ལམ་སྟོན་མཛད་ཡོད་སྐོར་བཀའ་བསྩལ་བ་བཞིན། སློབ་མ་དང་འབྲེལ་ཐོགས་རྣམས་ནས་ཀྱང་རིན་པོ་ཆེའི་དམ་པ་དམ་པ་དེ་ཉིད་ཀྱི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་ཆེད་དུ་འཇམ་དཔལ་མཚན་བརྗོད་དང་ཚིག་བདུན་གསོལ་འདེབས་ཆག་མེད་དུ་གསོགས་དགོས་པའི་བཀའ་བསྩལ་མཛད་འདུག གཞི་རྩའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཟླ་བ་སྔོན་མའི་ཚེས་ ༡༩ ཉིན་བལ་ཡུལ་ཡང་ལ་ཤོད་ཀྱི་ཉེ་འདབས་སུ་ཡོད་པའི་སྐུ་མཚམས་བཞུགས་ཡུལ་ནས་ཞབས་ཐང་ཐོག་ཕྱིར་ཕེབས་སྐབས་ལམ་འཕྲང་མི་བདེ་སར་ཞབས་སྣེ་འདྲེད་པའི་དབང་གིས་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།

འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གནང་ཐབས་མཛད་བཞིན་ཡོད་པ་བཀའ་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བྱང་ཕྱོགས་སན་ཀི་སའམ་ལྷ་བབས་ཀྱི་གནས་སུ་ཉིན་གཉིས་པའི་ཆོས་འབྲེལ་དབུ་འཛུགས་མ་གནང་གོང་བཞུགས་གནས་ Royal Residency ཞེས་པའི་གསོལ་མགྲོན་ཁང་དུ་རྒྱ་གར་གསར་འགོད་པ་ཁག་གཅིག་གི་བཅར་འདྲི་དང་ལེན་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དེང་གི་དུས་འདིར་འཛམ་བུ་གླིང་འདིའི་ནང་དཀའ་ངལ་རིགས་མང་དག་ཅིག་འཕྲད་བཞིན་ཡོད་པ་ནི་ཆོས་ལུགས་དང་རྒྱལ་ཞེན་སོགས་མིས་བཟོས་པ་ལས་བྱུང་བ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་མེད་པ་བཟོ་རྒྱུའི་ཆེད་དུ་འཛམ་གླིང་འདིའི་ནང་ཡོད་པའི་མི་ཐེར་འབུམ་བདུན་པོ་དེ་དག་ནས་ང་ཚོ་ཚང་མ་མི་གཅིག་མཚུངས་ཡིན་པའི་བསམ་བློ་གཏིང་ཟབ་ཞིག་གཏང་དགོས་པར་བཀའ་བསྩལ་བ་དང་། ༸གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་ཐོག་ཐུགས་བརྩོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད།༸གོང་ས་མཆོག་ནས་དེང་དུས་ཀྱི་རྒྱ་གར་སྤྱི་ཚོགས་ནང་ཨིན་ཇིས་དར་སྤེལ་བྱས་པའི་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ཕྱིའི་དངོས་པོ་འགྲེལ་བཤད་རྒྱག་པ་ཙམ་ལས་ནང་གི་བསམ་བློའི་སྐོར་ལ་འགྲེལ་བཤད་རྒྱག་པ་ཞིག་མེད་པ་དང་། འཛམ་གླིང་འདིའི་ནང་ནང་ཆོས་མ་དར་བའི་སྔ་རོལ་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཁྲོད་ནང་བསམ་བློའི་སློབ་གསོ་དེ་དར་སྤེལ་ཟིན་པ་ཞིག་ཡིན་པ་རེད། ལྷག་པར་དུ་དུས་རབས་བདུན་པའི་ནང་རྒྱ་གར་དུ་ཆོས་ལུགས་འདྲ་མིན་སྣ་ཚོགས་པ་ཞིག་བྱུང་ཡོད་ཀྱང་ཆོས་ལུགས་དེ་དག་རྐྱེན་པས་མི་གསོད་ཁྲག་སྦྱོར་སོགས་ཀྱི་གནད་དོན་ཅི་ཡང་མེད་པར་འཆམ་མཐུན་ངང་གནས་ཐུབ་པ་ནི་མིག་དཔེ་འོས་པ་ཞིག་དང་ཆེས་བསྟོད་འོས་པ་ཞིག་ཡིན་སྟབས། འཛམ་གླིང་འདིའི་ནང་གི་རྒྱལ་ཁབ་གཞན་ཚོས་ཀྱང་འཆམ་མཐུན་ངང་གནས་ཐུབ་ཀྱི་རེད་ཅེས་བཀའ་གནང་བ་དང་འབྲེལ། རྒྱ་གར་གྱི་གནའ་བོའི་རིག་གནས་འཚེ་བ་མེད་པའི་ལྟ་གྲུབ་ལས་ཆས་པའི་ཆོས་ལུགས་མཐུན་སྒྲིལ་དང་བཟང་སྤྱོད་ནི་དེང་གྱི་དུས་འདིར་ཉེར་བ་མཁོ་བ་ཞིག་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུགསྐབས་དེར་གསར་འགོད་པ་ཞིག་ནས་ད་ལྟའི་རྒྱ་གར་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དེར་ངོས་ལེན་གནང་ཕྱོགས་ཀི་ཡོད་ཐོག་བཀའ་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་དཀར་ནག་གཉིས་ཀྱི་དབར་ལ་གནད་དོན་ཆུང་ཚགས་རིགས་འབྱུང་བཞིན་ཡོད་པ་ནི་བྱུང་སྲིད་པ་ཞིག་ཡིན་པར་བཀའ་བསྩལ་བ་དང་སྦྲགས། རྒྱ་གར་ལ་རྒྱ་ནག་དེ་དགོས་ངེས་ཤིག་ཡིན་པ་ལྟར་རྒྱ་ནག་ལ་ཡང་རྒྱ་གར་དེ་དགོས་པ་ཞིག་ཡིན་སྟབས། ལོ་རྒྱུས་དང་དཔལ་འབྱོར། ཆོས་ལུགས་སོགས་ཕྱོགས་གང་གི་ཆ་ནས་མཉམ་གནས་བྱ་ཚེ་བདེ་སྐྱིད་ཡོང་ངེས་ཡིན་པ་ལས་རྒྱ་གར་གྱིས་རྒྱ་ནག་དང་འཐབ་ནས་རྒྱ་ཁ་བླངས་རྒྱུ་དེ་མི་སྲིད་པ་ཞིག་དང་། ཕྱོགས་མཚུངས་རྒྱ་ནག་གིས་རྒྱ་གར་ལ་འཐབ་ནས་རྒྱལ་ཁ་བླངས་རྒྱུ་དེ་མི་སྲིད་པ་ཞིག་ཡིན་སྟབས། དེ་ལས་ལྡོག་ནས་རྒྱ་དཀར་ནག་གཉིས་ཞི་བདེ་དང་འཆམ་མཐུན་ངང་ནས་གནས་ཚེ་པ་ཀིས་ཏན་གྱི་དཀའ་ངལ་དེའང་ཆུང་དུ་འགྲོ་ངེས་རེད་ཅེས་བཀའ་བསྩལ་འདུགཡང་གསར་འགོད་པ་གཅིག་ནས་བཟང་སྤྱོད་ཞེས་པ་དེ་རྩོད་ལན་བྱ་རྒྱུའི་བསམ་བློ་ཞིག་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་བཟང་སྤྱོད་ཞེས་པ་དེ་མ་འོངས་པའི་ལམ་བུ་ཞིག་ཡིན་པ་དང་། བཟང་སྤྱོད་ཀྱི་ཐོག་ནས་མིའི་རིན་ཐང་ཞེས་བརྗོད་སྐབས་འཛམ་བུ་གླིང་གི་མི་ཐེར་འབུམ་བདུན་པོ་དེ་དག་ཚང་མ་ཚུད་ཀྱི་ཡོད་པ་དང་། ཤེས་ཡོན་སློབ་གསོའི་ནང་དུ་ཕྱིའི་ལུས་པོ་བདེ་ཐང་ཡོང་རྒྱུའི་ཆེད་དུ་སློབ་གསོ་འདྲ་མིན་ཡོད་པ་ལྟར། ཤེས་ཡོན་སློབ་གསོའི་ཁྲོད་ནང་བསམ་བློའི་བདེ་ཐང་ཡོང་ཆེད་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོ་དེ་དགོས་ངེས་ཅན་ཞིག་ཡིན་པར་བཀའ་ནན་མཛད་འདུག

རེས་གཟའ་མིག་དམར། ༢༠༡༨།༡༢།༠༤

ཉན་པ།: Listen ཕབ་ལེན། Download སྐུ་ཚེ་ཧྲིལ་པོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་སླད་བསྔོ་སྨོན་མཛད་བཞིན་ཡོད། ཆོས་ལུགས་ཚང་མའི་རྗེས་འབྲངས་པ་ཚོས་སེམས་རྒྱུད་འདུལ་བར་བྱེད་དགོས། ཁྲིམས་བརྒལ་གྱི་གནས་ཚུལ་མཁོ་སྤྲོད་ཆེད་སྒམ་ཆུང་ ༣༠ བཙུགས་པ། གྲྭ་བཙུན་ཚོར་ཚན་རིག་སྣེ་ཁྲིད་ཀྱི་ཟབ་སྦྱོང་གནང་བ། དམིགས་བསལ་དགོས་མཁོ་ཅན་གྱི་ཉིན་མོ་སྲུང་བརྩི། Tuesday 04/12/2018 I have dedicated my whole life to promoting oneness of humanity: Dalai Lama Taming your mind should be the essence of all religious followers Chinese authorities set up 30 boxes in Lhasa for reporting illegal issues Science leadership workshop for Tibetan monks and nuns: Hunsur Rabgayling Tibetan Ability Center observes World Disability Day

ཆོས་ལུགས་ཚང་མའི་རྗེས་འབྲང་པ་ཚོས་སེམས་རྒྱུད་འདུལ་ཐབས་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉིན་གཉིས་པའི་ཆོས་འབྲེལ་ཐོག་འཛམ་གླིང་ནང་མིའི་བཟོས་པའི་དཀའ་ངལ་དེ་དག་གི་གཞི་རྩ་གཙོ་བོ་དེ་སེམས་མ་འདུལ་བའི་དབང་གིས་ཡོང་གི་ཡོད་པ་དང་། ཆོས་ལུགས་ཚང་མར་རྩ་བའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་དེ་མིའི་སེམས་རྒྱུད་ཞི་ཞིང་འདུལ་བ་ཞིག་ཡོང་ཐབས་ཡིན་པ་དང་། ལྷག་པར་དུ་ང་ཚོའི་སྒོ་གསུམ་གྱི་སྤྱོད་པ་ལས་ཡིད་ལ་དགེ་བའི་ཀུན་སློང་ཡོད་པ་ཞིག་གནང་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད།མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་གྱི་ཡུ་པི་མངའ་སྡེའི་ Sankisa  ལྷ་བབས་གནས་སུ་ཉིན་གཉིས་པའི་སྤྱོད་འཇུག་གི་བཀའ་ཆོས་དང་འབྲེལ། ང་ཚོ་ནང་པ་ཚོས་རང་ཉིད་རང་གི་མགོན་ཡིན་པ་བཤད་སྲོལ་ཡོད་པ་ལྟར།  སོ་སོའི་བདེ་སྡུག་དེ་སོ་སོ་རང་ལ་རག་ལུས་ཡོད་པ་དང་། རྒྱུན་དུ་ནས་སེམས་རྒྱུད་འདུལ་ཐབས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། འཛམ་གླིང་འདིའི་ནང་མིའི་བཟོས་པའི་དཀའ་ངལ་དེ་དག་གི་གཞི་རྩ་གཙོ་བོ་དེ་ཡང་སེམས་མ་འདུལ་བའི་དབང་གིས་ཡོང་གི་ཡོད་པ་སོགས་ལམ་སྟོན་བསྩལ་བ་དང་སྦྲགས། ད་ཆ་ཆོས་ལུགས་ཚང་མའི་རྗེས་འབྲང་པ་ཚོས་ལྷ་ཁང་ནང་སྨོན་ལམ་རྒྱག་པ་ཙམ་མིན་པར་ཆོས་ཆོས་སུ་སོང་བར་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པར་ལམ་སྟོན་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ང་ཚོས་ལས་བཟང་ངན་གྱི་སྐད་ཆ་བཤད་སྲོལ་ཡོད་པ་ལས།   ལུས་དང་ངག་གཉིས་ཕལ་པ་ཞིག་ཡིན་པ་མ་གཏོགས་གཙོ་བོ་ཡིད་ལ་ཐུག་ཡོད་པ་དང་། ཡིད་ལ་དགེ་བའི་སྐུལ་སློང་ཡོད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད། དེ་ལྟར་བྱུང་ན་ལུས་ངག་གཉིས་ཀའི་བྱ་བ་དགེ་བར་འགྲོ་རྒྱུ་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་ལ་དགེ་སྡིག་བླང་དོར་གྱི་ནུས་པ་ལྡན་ཡོད་སྟབས། འཕྲལ་ཕུགས་གཉིས་ཀྱི་བདེ་སྡུག་དབྱེ་འབྱེད་བྱས་ནས་རང་ཉིད་ལ་སྡུག་བསྔལ་མི་འདོད་པ་དེ་རྒྱུ་མཚན་དུ་བྱས་ནས་རྒྱུན་དུ་སྡུག་བསྔལ་ནས་སེམས་ཐག་རིང་ཙམ་ཡོང་ཐབས་ཐོག་འབད་དགོས་པ་སོགས་ལམ་སྟོན་ཡང་བཀྲིན་བསྩལ་ཡོད།གཞི་རྩའི་རྒྱ་གར་ནང་པའི་གཞོན་ནུའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ད་རེས་ལྷ་བབས་གནས་སུ་ཆོས་འབྲེལ་བསྩལ་རྒྱུ་དེ་ས་གནས་ཀྱི་རྒྱ་གར་རང་ལ་དམིགས་པ་ཞིག་ཡིན་པ་དང་། ཉིན་གྲངས་གསུམ་གྱི་ཆོས་འབྲེལ་དེའི་སྐབས་ཁ་སང་མགོན་པ་༸གང་ཉིད་མཆོག་ནས་ནང་ཆོས་ཀྱི་སྤྱི་བཤད་དང་། སྤྱོད་འཇུག་ཆེན་མོའི་ཤེས་རབ་ཀྱི་ལེའུ་ཆོས་འབྲེལ་བསྩལ་ཡོད་པ་དང་། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་བྱང་ཆུབ་སེམས་ཡོངས་སུ་བཟུང་བའི་ལེའུ་གསུམ་པ་བར་ཆོས་འབྲེལ་བཀྲིན་བསྩལ་ཡོད་པ་རེད།

དམིགས་བསལ་དགོས་མཁོ་ཅན་གྱི་ཉིན་མོ་སྲུང་བརྩི།

ཁ་སང་ཟླ་ ༡༢ ཚེས་ ༣ ཉིན་བོད་མིའི་ནུས་གསོ་ལྟེ་གནས་ཁང་ནས་བརྙན་ཐུང་ཞིག་བརྒྱུད་ནས་དམིགས་བསལ་དགོས་མཁོ་ཅན་རྣམས་ལ་སྤྱི་ཚོགས་ནང་དུ་དཀའ་ངལ་གང་འདྲ་ཞིག་ཡོད་པ་དང་། དེར་ང་ཚོས་རོགས་རམ་ཇི་ལྟར་བྱེད་དགོས་པའི་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༠༩ ལོའི་མི་འབོར་ཞིབ་བཤེར་ལ་གཞིགས་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དབང་པོ་སྐྱོན་ཅན་ནམ་དམིགས་བསལ་དགོས་མཁོ་ཅན་གྱི་མི་འབོར་ཁྱོན་ ༡༠༠༠ ལྷག་ཙམ་ཡོད་པ་དང་། དེ་བཞིན་བོད་མིའི་ནུས་གསོ་ལྟེ་གནས་ཁང་གིས་བྱིས་པ་དམར་འབྱར་ནས་ལོ་ ༡༨ བར་ཆེད་དམིགས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་གཅིག་གི་ནང་ཉམས་ཞིབ་གནང་བའི་ཁྲོད། དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་ ༡༠༠ སྐོར་ཞིག་གི་མིང་ཐོ་བསྡུ་རུབ་བྱུང་བ་དང་། ད་ལྟའི་ཆར་ཚོགས་པ་དེའི་ངོས་ནས་ early intervention འམ་སྔོན་རྟགས་དང་inclusive education འམ་ཡོངས་སྒྲིལ་ཤེས་ཡོན་བཅས་ཀྱི་སྡེ་ཚན་འོག་དེ་ལྟ་བུའི་ཕྲུ་གུ་ ༦༠ ཙམ་ལ་ཕྲུ་གུ་དང་ཕ་མ། འབྲེལ་ཡོད་དགེ་རྒན་ཚོར་ལམ་སྟོན་སོགས་ཀྱི་མཐུན་རྐྱེན་སྦྱོར་མུས་ཡིན་པ་རེད། ལྟེ་གནས་ཁང་གི་འགན་འཛིན་བདེ་ལེགས་དབང་མོ་ལགས་ཀྱིས་བོད་མིའི་སྤྱི་ཚོགས་དང་ལྷག་པར་སློབ་གྲྭ་ཁག་གི་ནང་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་ཚོའི་ཐོབ་ཐང་དང་ཁོ་ཚོའི་ནུས་སྟོབས་གོང་འཕེལ་བཅས་ཀྱི་གནད་དོན་ཐོག་གོ་རྟོགས་ཞན་པོ་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཕྲུ་གུ་དེ་དག་ཟུར་དུ་མི་འཇོག་པར་ཡོངས་སྒྲིལ་ཤེས་ཡོན་འོག་རྒྱུན་ལྡན་གྱི་སློབ་གྲྭའི་ནང་ཤེས་ཡོན་གྱི་གོ་སྐབས་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་འགྲེལ་བརྗོད་གནང་ཡོད། ཕྱི་ཟླ་ ༡༢ ཕྱི་ཚེས་ ༣ ཉིན་མོ་འདི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་ཞེས་སྲུང་བརྩི་ཞུ་གནང་གི་ཡོད་པ་ལྟར་ལྟེ་གནས་ཁང་གིས་བརྙན་ཐུང་ཞིག་བརྒྱུད་ནས་དམིགས་བསལ་དགོས་མཁོ་ཅན་རྣམས་ལ་སྤྱི་ཚོགས་ནང་དུ་དཀའ་ངལ་གང་འདྲ་ཞིག་ཡོད་པ་དང་། དེར་ང་ཚོས་རོགས་རམ་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་ཐད་ནས་བརྙན་ཐུང་ཞིག་སྤྱི་ཚོགས་དྲྭ་རྒྱར་ཁྱབ་སྤེལ་གྱི་ལས་གཞི་སྤེལ་འདུག ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ཁྱབ་ཁོངས་རྡེ་ར་རྡུན་ཁུལ་དུ་མངོན་དགའ་སློབ་གྲྭ་དང། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཀ་རུ་ན་ཁྱིམ་ཚང་དང་། དེ་བཞིན་དྷ་སའི་སྙིང་སྟོབས་གླིང་དང་ཅོན་ཏཱ་ར་བོད་ཁྱིམ་བཅས་སྡེ་ཚན་བཞི་ནས་དབང་པོ་སྐྱོན་ཅན་ནམ་དམིགས་བསལ་དགོས་མཁོ་ཅན་གྱི་མི་སྣ་ ༢༠༠ ཙམ་ལ་ལྟ་རྟོག་གནང་བཞིན་ཡོད་པ་རེད། བོད་མིའི་ནུས་གསོ་ལྟེ་གནས་ཁང་ནི་ཕྱི་ལོ་ ༢༠༠༩ ལོར་ཐོག་མར་ཕྱི་རྒྱལ་གྱི་རོགས་དངུལ་འོག་ནས་གསར་འཛུགས་གནང་བའི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་།  ལྟེ་གནས་ཁང་དེས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དབང་བོ་སྐྱོན་ཅན་ནམ། དམིགས་བསལ་དགོས་མཁོ་ཅན་རྣམས་ལ་དུས་བསྟུན་གྱིས་རྒྱབ་སྐྱོར་དང་ལམ་སྟོན་གནང་བཞིན་ཡོད་པ་རེད། ལྟེ་གནས་ཁང་དེས་རྩ་འཛིན་གྱི་དམ་ཚིག་ཁ་ཤས་ཤིག་གི་ཐོག་ནས་ཕྱག་ལས་གནང་བཞིན་ཡོད་པ་ནི། དམིགས་བསལ་དགོས་མཁོ་ཅན་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དང་། དེ་དག་ལ་སྨན་བཅོས་དང་ལྟ་སྐྱོང་གནང་རྒྱུ། དམིགས་བསལ་དགོས་མཁོ་ཅན་རྣམས་སྤྱི་ཚོགས་ནང་དངོས་སུ་འཛུལ་ཞུགས་ཀྱིས་རང་ནུས་གང་ཡོད་ཐོག་ཕྱག་ལས་གནང་ཐུབ་པར་གསོ་སྐྱོང་གནང་རྒྱུ། དེ་བཞིན་ཁོང་རྣམ་པར་དགོས་མཁོ་ཅི་ཡོད་སོགས་ཀྱི་ཐད་ནས་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་སོགས་ཡིན་པ་རེད། ད་ཆ་བོད་ཀྱི་ཐེབས་རྩ་ཁང་གིས་མ་དངུལ་ཆེད་གཏོང་འོག་དབང་བོ་སྐྱོན་ཅན་རྣམས་ཀྱི་བདེ་སྡུག་ལ་གཟིགས་རྟོག་གནང་མུས་རེད།

ཧུན་སུར་རྫོང་ཆོས་གྲྭ་ཚང་དུ་གྲྭ་བཙུན་ཚོར་ཚན་རིག་སྣེ་ཁྲིད་ཀྱི་ཟབ་སྦྱོང་གནང་བ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༣ ནས་འགོ་འཛུགས་ཀྱིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱིས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་དགོན་སྡེ་ཁག་བརྒྱད་ཀྱི་གྲྭ་བཙུན་ ༢༥ ལ་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྫོང་ཆོས་གྲྭ་ཚང་དུ་ཚན་རིག་སྣེ་ཁྲིད་ཀྱི་ཟབ་སྦྱོང་ཞིག་གནང་བཞིན་ཡོད་པ་དང་། ༢༠༡༩ ལོའི་ཟླ་ ༡ ཚེས་ ༢༠ བར་དུ་དུས་ཡིན་ཉིན་གྲངས་ ༢༢ རིང་ཚོགས་གནང་གི་ཡོད་པ་རེད། ཚན་རིག་སྣེ་ཁྲིད་ཀྱི་ཟབ་སྦྱོང་དེའི་ནང་ཕེབས་པའི་དགོན་ཁག་བརྒྱད་ནི་གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་དང་མོན་གྷོ་འདོད་རྒུ་གླིང་གི་བཙུན་དགོན་བྱང་ཆུབ་ཆོས་གླིང་། རྫོང་ཆོས་གྲྭ་ཚང་བཅས་ཀྱི་ཚན་རིག་སྡེ་ཚན་གྱི་སློབ་གཉེར་བ་རྣམས་ཡིན་པ་རེད།ཁོང་རྣམས་ལ་ཟབ་སྦྱོང་དེ་ཕུལ་དོན་ནི་མ་འོངས་པར་རང་རང་གི་དགོན་སྡེ་གྲྭ་ཚང་ཁག་ཏུ་ཚན་རིག་དགེ་རྒན་དང་ཚན་རིག་གི་སྣེ་ཁྲིད་གནང་ཐུབ་ཕྱིར་རེད་འདུག རྫོང་ཆོས་གྲྭ་ཚང་ནང་ཚན་རིག་ཟབ་སྦྱོང་ཚུགས་པ་ད་རེས་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། རྫོང་ཆོས་གྲྭ་ཚང་གི་ཚན་རིག་ལྟེ་གནས་ཁང་དེ་གཞན་ལ་ལྟོས་ན་གསར་པ་དང་གཞི་རྒྱ་ཆུང་ཆུང་ཡིན་སྟབས་གཞན་གྱི་དོ་སྣང་འགུག་ཆེད་དང་། ལྷག་དོན་ད་རེས་ཚན་རིག་དགེ་རྒན་མང་པོ་ཞིག་དེར་ཕེབས་ཡོད་དཀའ་ངལ་དང་དགོས་མཁོ་གང་ཡོད་དངོས་སུ་གཟིགས་ནས་གོ་བསྡུར་གནང་ཆེད་བཅས་ལ་དམིགས་ནས་འཚོགས་འདུག གཞན་ཡང་ཟབ་སྦྱོང་དེའི་ནང་གཙོ་བོ་ཚན་རིག་སློབ་ཚན་སློབ་ཁྲིད་བྱ་ཐབས་སྐོར་དང་འབྲི་ཀློག་ཤེས་བྱ། ཚན་རིག་འགྲེམས་སྟོན་བཟོ་ཕྱོགས་བཅས་ཀྱི་ཐོག་ཨ་རི་ནས་་ཕེབས་པའི་ནུབ་ཕྱོགས་ཚན་རིག་ཆེད་ལས་དགེ་རྒན་དྲུག་གིས་ཟབ་ཁྲིད་གནང་གི་འདུགརྩ་བའི་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་དེ་ས་གནས་མི་འདྲ་བའི་ནང་ཉུང་མཐར་ལོ་གཅིག་ནང་ཐེངས་རེ་འཚོགས་བཞིན་ཡོད་པའི་ཐོག་སློབ་ཐོན་ལས་གཞི་ཞེས་པ་དགོན་སྡེ་ཁག་གི་མཁན་པོ་དང་དགེ་བཤེས་དང་སློབ་དཔོན་སོགས་ཐོན་མཁན་ཚོར་དམིགས་ནས་ཟླ་བ་གཅིག་ལྷག་གི་ཚན་རིག་ཟབ་སྦྱོང་དང་བགྲོ་གླེང་ཞིག་གནང་གི་ཡོད་པ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཟུང་འབྲེལ་ཐོག་ནས་དགོན་སྡེ་ཁག་ནང་ལོ་ལྟར་ཚན་རིག་ཟབ་སྦྱོང་ཞིག་གོ་སྒྲིག་གནང་གི་ཡོད་པ་མ་ཟད་ཨ་རིའི་ཨེ་མོ་རི་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་ཐོག་ནས་གདན་ས་སེ་འབྲས་དགེ་གསུམ་ནང་ལོ་ལྟར་ཕྱི་ཟླ་བཞི་པ་དང་ལྔ་པའི་ནང་དུས་ཡུན་ཉིན་གྲངས་ ༤༠ ཙམ་གྱི་ཚན་རིག་ཟབ་སྦྱོང་ཞིག་ཀྱང་གནང་གི་ཡོད་པ་རེད།  

Latest news