Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2019

༸གོང་མཆོག་གིས་དགུང་ལོ་ ༡༡༠ ལྷག་༸སྐུ་འཚོ་བཞུགས་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་བ།

དེ་རིང་བོད་ཚེས་ ༡༤ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་རྐང་འགན་བཞེས་ཐོག་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།  སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་སྔོན་གྱི་ལྷ་དང་བླ་མས་བཀའ་ལུང་བསྩལ་དོན་ལྟར་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་སོང་།དེ་རིང་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་  ༨ ཡོལཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག  བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཅས་ཀྱིས་སྤོས་སྣེ་དང་བོད་ཀྱི་ཟློས་གར་ཚོགས་པས་བཀྲ་ཤིས་གླུ་དབྱངས་འབུལ་ཐོག་སེར་སྦྲེང་བཅས་ཀྱིས་མངོན་བསུས་ཏེ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་མཇལ་དར་ཕུལ་བ་དང་སྦྲགས་བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གནང་བ་དང་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད།བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་བར་སྐབས་༸སྐུའི་སྙུང་གཞི་བཞེས་སྐབས་དེར་བོད་གཞིས་བྱེས་གཉིས་ཙམ་དུ་མ་ཟད། འཛམ་གླིང་གང་ས་ནས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ལ་སེམས་འཁྲལ་བྱས་ནས་སྨོན་ལམ་དང་ཞབས་བརྟན་གསོག་སྒྲུབ་གནང་མཁན་མང་པོ་བྱུང་སོང་། རྒྱ་ནག་ནང་ནས་ཀྱང་མང་པོ་བྱུང་། དད་དམ་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་བརྒྱབ་པ་དེས་གཏན་གཏན་ནུས་པ་ངེས་ཅན་ཞིག་ཐོན་ཡོད་སྟབས་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་།   ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་བ་དགེ་འདུན་གྲུབ་པས་སེམས་ཅན་སྡུག་བསྔག་གིས་མནར་བར་ཕན་ཐོགས་གནང་ས་ཞིག་ཡོད་ན། དེར་འཁྲུངས་པ་མ་གཏོགས་དག་ཞིང་ལ་འཁྲུངས་པའི་དགོངས་པ་མེད་ཅེས་གསུངས་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་དུས་རྟག་ཏུ་ཐུགས་སྨོན་དེ་ལྟར་མཛད་བཞིན་ཡོད་པ་དང་། ཉིན་གཅིག་གཟིམ་ལམ་དུ་མགོན་པོ་༸གང་ཉིད་མཆོག་རྐྱལ་བརྒྱབ་ནས་གཙང་ཆུ་ཞིག་རྒལ་བའི་སྐབས་༸སྐུ་རྒྱབ་ཏུ་༸དཔལ་ལྡན་ལྷ་མོ་བཞོན་ནས་དཔལ་ལྡན་ལྷ་མོས་ཁྱེད་རང་ལོ་ ༡༡༠ བར་འཚོ་ཐུབ་རྒྱུ་རེད་ཅེས་གསུང་པ་ཐུགས་དྲན་གསོ་གནང་མཛད་དེ་ད་ལྟའི་ཆར་མགོན་པོ་མཆོག་༸རྒྱལ་བ་དགེ་འདུན་གྲུབ་པའི་སྐུའི་ཚེ་ཚད་དང་མཉམ་པ་དགུང་གྲངས་ ༨༤ ཟིན་ཡོད་ཀྱང། ༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་བཞུགས་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད།ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཞེད་ཆེན་པོ་གསུམ་ལས་མགོན་པོ་༸གང་ཉིད་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་ཀུན་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་པ་སྒྲུབ་བཞིན་ཡོད་པ་དང་། ཆོས་ལུགས་མཐུན་སྒྲིལ་ཐོག་ནས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་མི་འདྲ་བ་རྣམས་ལ་ལྟ་གྲུབ་མི་འདྲ་ཡོད་ཀྱང་མཐར་ཐུག་གི་དགོས་དམིགས་གཙོ་བོ་སེམས་རྒྱུད་འདུལ་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་མཐུན་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། རིང་མིན་རྒྱལ་ས་ལྡི་ལིར་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་ལྷན་ཚོགས་ཤིག་ཀྱང་འཚོགས་འཆར་ཡོད་པ་བཀའ་བསྩལ་སོང་།ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བསྟན་སྲིད་སྤྱིའི་ཐོག་བཙན་བྱོལ་དུ་མ་ཕེབས་གོང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཐུགས་ཁུར་བཞེས་ཡོད་པ་དང་། བཙན་བྱོལ་ནང་ཕེབས་རྗེས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་པ་འདི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་སོགས་དྲན་སྐུལ་མཛད་ཡོད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཟུང་འབྲེལ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་ལྟར། འདིའི་ཐོག་འཁོན་རིགས་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་འཇམ་མགོན་རྒྱལ་བའི་༸རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། ཏཱའི་སི་ཏུ་རིན་པོ་ཆེ་མཆོག སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་བཅས་ཆེད་ཕེབས་གནང་འདུག་པ་མ་ཟད། བོད་མི་གནས་ཡུལ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སྲི་ཞུ་བ། མང་ཚོགས་བཅས་སྟོང་ཕྲག་ལྷག་ཕེབས་འདུག

རེས་གཟའ་པ་སངས། ༢༠༡༩།༠༥།༡༧

ཉན་པ།: Listen ཕབ་ལེན། Download གོང་ས་མཆོག་དགུང་གྲངས་ ༡༡༠ ལྷག་བཞུགས་རྒྱུའི་ཐུགས་སྨོན་མཛད་ཀྱི་ཡོད་གསུངས་སོང་། ཕྱི་ལོ་ ༢༠༡༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ། Portugal གྲོས་ཚོགས་སུ་པཎ་ཆེན་རིན་པོ་གློད་གྲོལ་དགོས་བའི་ཞུ་སྐུལ། ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གྱི་ཕྱིར་ཏུ་སྦག་སྦག་སྐོར་སྐྱོད་དང་བགྲོ་གླེང་ཚོགས་པ། Friday 17/05/2019 Dalai Lama assures to live over 110 years at Tenshug ceremony in Dharamsala New report highlights continued rights violations in Tibet without intervention from international community Portuguese parliament calls for release of Panchen Lama Bike Rally, Panel discussion for Panchen Lama

༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་སྦག་སྦག་སྐོར་སྐྱོད་དང་རྔམ་སྟོན་ཁྲོམ་སྐོར།

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ནི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་གར་ཡོད་གནས་སྟངས་ཤེས་རྟོག་མེད་པར་གྱུར་ནས་ལོ་ངོ་ཧྲིལ་པོ་ ༢༤ འཁོར་བའི་ཉིན་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་ནས་མངའ་སྡེའི་གྲོང་ཁྱེར་མེ་སོར་བར་དུ་རྒྱང་ཐག་སྤྱེ་ལོ་ ༧༢ སར་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་མྱུར་གློད་བཀྲོལ་དང་ཁོང་གི་གནས་སྟངས་སོགས་རྒྱལ་སྤྱིའི་ཐོག་གསལ་འདོན་དགོས་པའི་དགོས་འདུན་འོག་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།ལས་འགུལ་དེའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཀོ་ལི་གྷལ་དང་མོན་གྷོ་འདོད་རྒུ་གླིང་། ཧུན་སུར་རབ་རྒྱས་གླིང་། སྦེལ་ཀོབ་གཞིས་ཆགས་གཉིས་བཅས་ཁྱོན་གཞིས་ཆགས་ཁག་ལྔའི་དང་བླངས་ལས་འགུལ་བ་མི་གྲངས་ ༤༤ ནས་མཉམ་ཞུགས་གནང་འདུག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལས་འགུལ་འདིའི་ཐོག་ནས་རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་རྟོག་ཞིབ་ཆེད་གཏོང་དགོས་པ་དང་ཉེ་ལམ་སེར་ཤུལ་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་བའི་སྨོན་ཚིག་བསྒྲགས་པ་དང་ཕྱི་ཕྱོགས་ལ་གནས་ཚུལ་སྤེལ་བའི་ཉེས་མིང་འོག་བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་མི་གཉིས་ལ་ཉེས་ཆད་བཏང་ཡོད་པ་ཁོང་རྣམས་གང་མྱུར་གློད་བཀྲོལ་དགོས་པའི་དགོས་འདུན་ཡང་ཆེད་བཏོན་གནང་འདུགདེ་དང་ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དང་ཧུན་སུར། སྦེལ་ཀོབ་བཅས་ས་གནས་ཁག་གསུམ་གྱི་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། མེ་སོར་སློབ་ཕྲུག་ཚོགས་པ་བཅས་ནས་ཀྱང་དེ་རིང་མངའ་སྡེའི་གྲོང་ཁྱེར་མེ་སོར་རྒྱལ་ཁང་མདུན་ཐང་ནས་རྫོང་དཔོན་ལས་ཁུངས་བར་མི་གྲངས་ ༢༠༠ བརྒལ་བས་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྫོང་དཔོན་བརྒྱུད་རྒྱ་གར་སྲིད་བློན་མཚན་ཐོག་ཏུ་བོད་དོན་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་པ་རེད།དེ་མཚུངས་དེ་རིང་བཞུགས་སྒར་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཐོག་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་མཉམ་ཞུགས་ཐོག་ནས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་ནས་མི་ལོ་ཉེར་བཞི་འཁོར་བའི་མཛད་སྒོ་དང་འབྲེལ། ཆུང་སྲིད་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་གི་ལས་རིམ་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་དབུ་བཞུགས་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་འཐུས་ཚབ་མི་སྣ་ཁག་མཉམ་ཞུགས་གནང་ཡོད་པ་དང། ཁོང་རྣམས་ནས་སྐབས་དེར་གཙོ་བོ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་ཐོག་ལ་གལ་གནད་ཆེན་པོ་ཇི་ཙམ་ཆགས་ཡོད་པའི་ཐོག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།   རྩ་བའི་བགྲོ་གླེང་ཐོག་གཙོ་བོ་༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་གལ་གནད་སྐོར་ལ་བགྲོ་གླེང་གནང་བ་དང་མཉམ་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་པའི་སྐོར། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་ཐད་ནས་ཀྱང་༸རྒྱལ་བ་ཡབ་སྲས་གཉིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འབྲེལ་ལམ་དེ་གལ་ཆེན་ཡིན་སྐོར་སོགས་ཀྱི་ཐད་ནས་བགྲོ་གླེང་གནང་སོང་། གཞན་ཡང་ཚོགས་པ་གསུམ་པོས་ཕྱི་དྲོ་བཞུགས་སྒར་གྱི་ཉིན་མོ་སློབ་གྲྭར་༸པཎ་ཆེན་ཆུང་སྲིད་དང་འབྲེལ་བའི་དངོས་བྱུང་གི་གློག་བརྙན།  རྐུ་འཁྱེར་བྱས་པའི་བོད་ཀྱི་བྱིས་པ་ཞེས་པའི་གློག་བརྙན་མི་མང་ལ་གཟིགས་འབུལ་ཞུས་ཡོད་པ་རེད།

༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲལ་ཆེད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ།

ཁ་སང་ Portugal སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ PAN ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Silva ལགས་ཀྱིས་སྣེ་ཁྲིད་པའི་འོག་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་རྒྱ་ནག་ལ་སྐྱོན་བརྗོད་དང་འབྲེལ་ཏེ་པོར་ཆུ་གྷལ་སྲིད་གཞུང་ནས་ཆུང་སྲིད་རིན་པོ་ཆེ་གང་མགྱོགས་གློད་བཀྲོལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བར་ཁ་སང་ Portugal གྲོས་ཚོགས་ཀྱི་ plenary session འམ་གྲོས་ཚོགས་ཚོགས་མི་ཚང་འཛོམས་གནང་སྟེ་ཚོགས་དུས་ཐོག་རྒྱབ་སྐྱོར་གནང་མཁན་ ༢༩ དང་འགག་བྱ་གནང་མཁན་ ༡༩ བཅས་ཀྱིས་གྲོས་ཚོད་གཏན་འབེབས་གནང་འདུག དེའི་ནང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་༸པཎ་ཆེན་རིན་པོ་གར་ཡོད་ཀྱི་སྐོར་ལ་ཤེས་རྟོགས་མེད་པར་བརྟེན།   ཁོང་གི་ལུས་སེམས་གཉིས་ཀྱི་གནས་སྟངས་ལ་སེམས་འཚབ་ཡོད་པར་བརྗོད་དེ་ Portugal སྲིད་གཞུང་གིས་ངེས་པར་དུ་རྒྱ་ནག་སྲིད་གཞུང་ལ་འབོད་སྐུལ་གྱིས་རིན་པོ་ཆེ་མཆོག་གློལ་བཀྲོལ་གཏོང་དགོས་པར་བརྗོད་འདུགགྲོས་ཆོད་དེའི་ནང་རྒྱ་ནག་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པའི་ལོ་རྒྱུས་འཁོད་ཡོད་པ་མ་ཟད། རྒྱ་ནག་གིས་ཁོང་འཛིན་བཟུང་བྱེད་དོན་ནི་ཁ་བྲལ་ཚོགས་པ་ལས་སྲུང་སྐྱོབ་བྱེད་ཆེད་ཡིན་པར་བརྗོད་ཡོད་ཀྱང་། དོན་དངོས་ཐོག་ལོ་ངོ་བཅུ་ཕྲག་གཉིས་ཀྱི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་གཞུང་འདྲ་མིན་གྱི་ངོས་ནས་རྒྱ་ནག་ལ་རེ་སྐུལ་ཞུས་ཏེ་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱི་འཕྲོད་བསྟེན་གྱི་གནས་བབ་ལ་བརྟག་དཔྱད་བྱེད་དགོས་པར་བརྗོད་ཡོད་ནའང་། རྒྱ་ནག་གིས་རེ་སྐུལ་དེར་དང་ལེན་བྱས་མེད་ཚུལ་སོགས་ཀྱང་བཀོད་འདུག གཞན་ཡང་༸པཎ་ཆབ་སྲིད་ཚོགས་པས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གིས་བཙན་ཁྲིད་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་རྩ་བའི་རང་དབང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པ་དང། དེའང་བཙན་དབང་གི་ཐོག་ནས་གར་སོང་ཆ་མེད་གྱུར་བ་རྣམས་སྲུང་སྐྱོབ་བྱས་པའི་རྒྱལ་ཚོགས་ཀྱི་གྲོས་མཐུན་དང་ཡོངས་སུ་འགལ་ཡོད་པར་བརྗོད་འདུགཡང་དེའི་བར་ན་ཁ་སྔོན་ཚེས་ ༡༣ ནས་འགོ་བཙུགས་ཀྱིས་ཚེས་ ༢༢ བར་ཚོགས་པའི་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་འབྲེལ་བའི་ཚོགས་ཐུན་ ༡༡༨ ཐོག་ཇི་ནི་ཝ་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ནས་༸པཎ་ཆེན་རིན་པོ་ཆེ་རྒྱ་ནག་གི་འཛིན་བཟུང་བྱས་པ་ནས་བཟུང་ད་བར་མི་ལོ་ཧྲིལ་པོ་ ༢༤ འཁོར་ཡོད་སྟབས་རིན་པོ་ཆེ་དང་ཁོང་གི་ནང་མི་རྣམས་ཀྱི་གནས་བབ་གང་འདྲ་ཞིག་ཆགས་ཡོད་མེད་མཁྱེན་རྟོགས་ཡོད་མཁན་སུ་གང་ཡང་མེད་པར་ངོ་སྤྲོད་གནང་བ་དང་སྦྲགས། དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་ཀྱང་ཡིག་ངག་གཉིས་ཐོག་ནས་རིན་པོ་ཆེ་ད་བར་གར་སོང་ཆ་མེད་དུ་གྱུར་བ་དེ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བ་སྲུང་སྐྱོབ་ཀྱི་སྒྲིག་གཞི་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་གཞི་རྩའི་སྒེར་གྱི་རང་དབང་རྡོག་རོལ་གཏོང་གི་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་གིས་རིན་པོ་ཆེའི་གནས་བབ་མཁྱེན་རྟོགས་སླད་བོད་མི་ཡོངས་ལ་ཐོབ་ཐང་ཡོད་པ་ཞིག་དང་། རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེ་གནད་དོན་གཞན་དང་མི་འདྲ་བ་ཞིག་ཡིན་པ་མ་ཟད། སྒོས་དེ་སྔ་༸པཎ་ཆེན་སྐུ་ཕྲེང་ ༡༠ པས་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྐོར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་མའོ་ཙེ་ཏུང་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་འབུལ་བ་ལུང་འདྲེན་དང་འབྲེལ་ནས་ལོ་རྒྱུས་ཀྱི་ཆ་ནས་༸པཎ་ཆེན་རིན་པོ་ཆེ་གནད་ཆེ་ཞིག་ཡིན་སྟབས། རྒྱལ་ཚོགས་ཀྱི་ངོས་ནས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་གནད་དོན་གཞན་བཞིན་དེབ་འགོད་ཁོ་ན་ནང་འཁོད་པ་ལྟ་བུ་མི་ཡོང་བར་ཞུ་སྐུལ་གནང་འདུག  རྒྱ་གཞུང་ལ་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་༸སྐུ་འཁོར་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་དང་། བོད་ནང་རྒྱལ་ཚོགས་དང་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་གཉེར་མཁན་གྱི་སྐུ་ཚབ་སྐྱོད་ཆོག་པ།  དེ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་རྒྱུ་བཅས་ཀྱི་དགོས་འདུན་བཏོན་འདུག

ཕྱི་ལོ་ ༢༠༡༨ དེ་བོད་གཙོ་གྱུར་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ནས་གཉན་འཕྲང་ཅན་གྱི་ལོ་ཞིག་ཆགས་ཡོད།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༨ ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག དེའི་ནང་སྔ་ལོ་ནི་བོད་གཙོ་བོར་གྱུར་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ནས་གཉན་འཕྲང་ཅན་གྱི་ལོ་ཞིག་ཆགས་ཡོད་པ་གསུངས་འདུག ཁ་སང་ལྟེ་གནས་ཁང་གི་དྲྭ་གནས་ཐོག་བོད་རྒྱ་ཨིན་གསུམ་གྱི་སྐད་ཡིག་ཐོག་ལ་ལོ་འཁོར་སྙན་ཐོ་ཡོངས་སྒྲགས་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་དུ་རྒྱ་ནག་གཞུང་གིས་སྔ་ལོའི་ཟླ་བ་དང་པོ་ནས་བཟུང་རྒྱ་ནག་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བའི་ཁྲོད་དུ“ནག་གཤེད་སྟོབས་ཤུགས”དང་“ནག་ཚོགས་སྟོབས་ཤུགས”རིགས་རྩ་མེད་བཟོ་རྒྱུ་ཡིན་རབས་བཤད་དེ། དུས་ཡུན་རིང་པོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོལ་རོལ་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་ཡོད་པ་དང། རྩ་བའི་དྲག་རྡུང་གི་ལས་འགུལ་དེ་དག་ནི་བོད་ནང་ལ་གསར་དུ་སྤེལ་བ་ཞིག་མིན་ནའང་། ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་མི་མང་ལ་ནག་མེད་ཉེས་འཛུགས་བྱེད་ཐབས་ཀྱི་ལས་འགུལ་འདི་ནི་སྔར་མ་བྱུང་བའི་གནས་སྟངས་ཚབས་ཆེན་ཞིག་ཆགས་ཡོད་པ་གསུངས་འདུག བོད་མིའི་རིག་གཞུང་རྒྱུན་འཛིན་དར་སྤེལ་གྱི་བྱེད་སྒོ་དང་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་བྱ་འགུལ། གཞན་ཡང་བོད་རིགས་དཀྱུས་མའི་གནས་སྟངས་ཡར་རྒྱས་གཏོང་ཐབས་ཀྱི་དམངས་ཁྲོད་དང་བླངས་ཞབས་ཞུའི་རིགས་ཚང་མ་དྲག་རྡུང་ལས་འགུལ་དེའི་འོག་ཏུ་བཅུག་འདུག དོན་དངོས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་དམག་འཐབ་ཟེར་བ་དེ་ནི་དམར་ཤོག་སྲིད་གཞུང་སྲ་བརྟན་དང་དབང་ཤུགས་ཁྱབ་ཆེར་བཏང་ནས་གཞི་རིམ་ཁྲིམས་འཛིན་ཁྱབ་ཁོངས་ཁག་དང་མཉམ་འབྲེལ་བྱེད་ཐབས་ཤིག་ཡིན་འདུག འདས་པའི་ལོ་ངོ་འདི་དག་གི་རིང་ལ་ཞིབ་འཇུག་རྒྱུས་ལོན་བྱས་པ་ལྟར་ན། ལས་འགུལ་དེ་ནི་གོང་རིམ་ནས་གཞི་རིམ་མང་ཚོགས་བར་གྱི་དམར་ཤོག་ཚོགས་པའི་ཆབ་སྲིད་དབང་ཤུགས་སྲ་བརྟན་བཟོ་ཐབས་གྱི་འབད་བརྩོན་ཤུགས་ཆེར་བཏང་སྟེ། བོད་ས་ཡོངས་སུ་སྔར་ལས་ལྷག་པར་དམ་དྲག་དང་དྲག་གནོན་བྱས་ནས་བོད་ཡུལ་ནི་འགྲོ་བ་མིའི་ཐོབ་ཐང་མེད་པའི་མུན་ནག་གི་ལུང་པ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་གསལ་འདོན་གནང་འདུགདེ་བཞིན་སྔ་ལོ་ཡང་བོད་ནང་དུ་རྒྱ་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་དུས་ཡུན་རིང་པོར་ཁྲིམས་འགལ་བཀག་བསྐྱིལ་བྱས་ཏེ། ཁྲིགས་སྒྲིག་ལག་བསྟར་བྱེད་མཁན་དཔོན་རིགས་ཚོར་དྲག་སྤྱོད་ཀྱི་མིང་ཐོག་ནས་བོད་མི་ཚོར་ཁྲིམས་འགལ་ལུགས་འགལ་གྱི་ཐོག་ནས་སྡུག་སྦྱོང་མནར་གཅོད་བཏང་ནས་བཙན་དབང་གིས་ཉེས་འཛུགས་ཁས་ལེན་དུ་བཅུག་ཆོག་པའི་དབང་ཆ་སྤྲད་ཡོད་པ་མ་ཟད། བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་ཞིབ་མེད་པ། དེ་བཞིན་བོད་ཀྱི་ས་ཁུལ་ཁང་སར་ཞིབ་བཤེར་ས་ཚིགས་དང་བཀག་སྡོམ་འགག་སྒོ་མང་དག་ཅིག་བཙུགས་པ་དང། བོད་མིར་ཕྱི་སྐྱོད་ལམ་ཡིག་བཀག་འགོག་གིས་བོད་མི་ཚོ་བོད་ཕྱི་ནང་གཉིས་སུ་འགྲུལ་སྐྱོད་མི་ཆོག་པའི་དམ་དྲག་ཇེ་ཆར་ཕྱིན་ཡོད་པ་མངོན་གསལ་གནང་འདུག ལྷག་པར་དུ་སྔ་ལོ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ལུགས་རིང་ལུགས་དང་འཚམ་མཐུན་དང་།”ཆོས་ལུགས་ཀྲུང་གོ་ཅན་ལ་བསྒྱུར་བའི་སྲིད་བྱུས་དེ་གཉིས་ཀྱི་ནང་དུ་བོད་མིའི་ཆོས་ལུགས་དད་མོས་རང་དབང་དམིགས་འབེན་དུ་བཟུང་སྟེ། སྲིད་བྱུས་དེ་དག་གི་འོག་ཏུ་ བོད་རིགས་གྲྭ་ཕྲུག་མང་པོ་རང་དགོན་ནས་ཕྱིར་ཕུད་བཏང་སྟེ་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་གི་ནང་དུ་བཙན་འཇུག་བྱས་པ་དང་། ས་གནས་དགོན་སྡེ་ཁག་ནང་བོད་སྐད་ཡིག་ཟུར་ཁྲིད་བྱ་བར་བཀག་སྡོམ་བྱས་པ། དེ་བཞིན་ བོད་ནང་དུ་རང་བྱུང་ཁོར་ཡུག་གི་བདེ་ཐང་དང་འཚོ་གནས་ཚད་ལྡན་བསྐྱེལ་བའི་ཐོབ་ཐང་ཁག་མུ་མཐུད་དུ་ཉམས་རྒུད་གཏོང་བཞིན་འདུག་ལ། ས་ཆའི་བདག་དབང་དང་། གཙང་ཆུ་འབག་བཙོག རྩྭ་ཐང་ཉམ་རྒུད་དང་བྱེ་འགྱུར་སོགས་ཀྱི་དཀའ་ཉེན་ཇེ་ཆུང་དུ་གཏོང་རྒྱུར། བོད་མི་ཚོས་རྒྱ་གཞུང་གི་གཏན་འབེབས་སྲིད་བྱུས་ཁག་ལ་གཏོང་ལེན་གནང་ཐབས་མེད་པ་ཆགས་ཡོད་པ། དེ་བཞིན་སྔ་ལོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་དོ་ཁུར་མ་བྱས་པ་དང་བོད་ནང་དུ་ཉིན་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་གསལ་འདོན་བྱས་ཏེ། ཕྱི་ལོ་ ༢༠༡༨ ལོ་དེ་བོད་གཙོ་བོར་གྱུར་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ནས་གཉན་འཕྲང་ཅན་གྱི་ལོ་ཞིག་ཆགས་ཡོད་པ་དང། རྒྱ་གཞུང་གིས་ཁྲིམས་སྒྲིག་གསར་པ་མང་དག་ཞིག་གཏན་འབེབས་ལག་བསྟར་བྱས་པ་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་དམ་དྲག་ཤུགས་ཆེར་བཏང་བ་དང། ཁྲིམས་སྒྲིག་དེ་དག་གི་འོག་ཏུ་འཚོ་གནས་ཚད་ལྡན་བསྐྱེལ་བའི་ཐོབ་ཐང་དང་། ཆོགས་ལུགས་དང་རིག་གཞུང་གི་ཐོབ་ཐང་། འགྲོ་འོང་གི་རང་དབང་། ཞི་བའི་འདུ་འཛོམ་ཀྱི་རང་དབང་། དེ་མིན་གྱི་རང་དབང་ཐོབ་ཐང་ཁག་ལོངས་སུ་སྤྱོད་མཁན་བོད་མི་ཚོ་གང་བྱུང་དུ་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་སོགས་བཀོད་འདུག ལྟེ་གནས་ཁང་གི་ངོས་ནས་ཐེངས་འདིའི་སྙན་ཐོ་འདོན་སྤེལ་གནང་བ་བརྒྱུད་རྒྱ་ནག་གཞུང་ལ་བོད་ནང་མང་ཚོགས་ཀྱི་ཆོས་དད་རང་དབང་གཙོ་བོར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཀྱིས་བོད་མི་དོན་མེད་འཛིན་བཟུང་བཀག་ཉར་དང་བོད་མིས་རང་གི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་ཀྱི་གནང་སྒོ་ཁག་སྤེལ་བར་ཁྲིམས་ཐོག་ནས་དམ་དྲག་བྱེད་པའི་བྱ་སྤྱོད་ཁག་འཕྲལ་དུ་མཚམས་འཇོག་དང། རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཀྱི་དམ་ཡིག གར་སོང་ཆ་མེད་དུ་གྱུར་བའི་མི་སེར་སྲུང་སྐྱོབ་ཀྱི་དམ་ཡིག་ཁག་ལ་མཚན་རྟགས་བཀོད་དགོས་པ། དེ་བཞིན་བོད་ནང་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་རུ་ཁག་བཀག་སྡོམ་མེད་པར་སྐྱོད་བཅུག་དགོས་པ། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་མི་འཛིན་བཟུང་བྱས་ཟིན་པའི་མཚན་དང་གྲངས་ཐོ་རྣམས་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་ཐབས་ཀྱི་ཚོགས་ཆུང་ལ་ཕུལ་དགོས་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་ལྡན་གྱི་ཁྲིམས་གཏུགས་བཤེར་དགོས་པ་མ་ཟད།  ཁོང་རྣམས་ལ་ཁྲིམས་རྩོད་པ་དང་སྨན་བཅོས་ཀྱི་ཐོབ་ཐང་སྤྲད་དགོས་པ་སོགས་དོན་ཚན་ ༢༠ ཅན་གྱི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་འདུག

རེས་གཟའ་ཕུར་བུ། ༢༠༡༩།༠༥།༡༦

ཉན་པ།: Listen ཕབ་ལེན། Download ཁེ་ན་ཌའི་གྲོས་ཚོགས་སུ་བོད་མིའི་རང་སྐྱོང་གི་མངོན་འདོད་ལ་རྒྱབ་སྐྱོར་གྱི་གྲོས་ཆོད། རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྒང་གདོང་ལེན་གནང་དགོས་པའི་ཞུ་སྐུལ། རྒྱ་གཞུང་གིས་ཕྱི་སྡོད་རྒྱ་རིགས་རྣམས་ལ་བཙན་བཀའ་བཏང་བ། རྒྱ་ནག་གི་ཡིག་ཆ་དཀར་པོའི་ནང་གི་ཤེས་ཡོན་སློབ་གསོར་དགག་ལན་གནང་བ། འཕྲོད་བསྟེན་ལས་རིམ། ཟླ་མཚན་གྱི་བརྒྱུད་རིམ། Thursday 16/05/2019 Tibet Motion presented in Senate calls for Canada's support to genuine autonomy of Tibet EU and others must take strong position against attempts of undermining fundamental values: Sikyong Former senior US intelligence official reveals China orchestrated pro Beijing demonstrations in 2008 China’s white paper on education in Tibet an attempt to justify repression: TPI Researcher HEALTH AND WELLNESS: Dr. Tenzin Namdol on Menstrual cycle

བོད་མིའི་རང་སྲིད་རང་སྐྱོང་གི་མངོན་འདོད་ལ་རྒྱབ་སྐྱོར་དགོས་པའི་གྲོས་འཆར་ཆེད་བཏོན།

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ཁེ་ན་ཌ་གཞུང་ནས་བོད་མིའི་མངོན་འདོད་སྟེ། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ལ་མངོན་གསལ་གྱི་ཐོག་ནས་རྒྱབ་སྐྱོར་གནང་དགོས་པ་སོགས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་ཁག་ཅིག་ཆེད་བཏོན་གནང་འདུགཁ་ཉིན་ཟླ་ ༥ ཚེས་ ༡༤ ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཁོང་གིས་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བློ་འཚབ་ཤུགས་ཆེ་ཡོད་སྐོར་གླེང་སློང་གནང་ཡོད་ཀྱང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་འགྲོ་མེད་པའི་ཁར་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་གཞུང་གཉིས་ཀྱི་ངོས་ནས་བོད་ཀྱི་གནད་དོན་ཐོག་དེ་མུར་མ་བཞུགས་པར་བོད་དོན་ཐོག་ཕྱག་ལས་མང་ཙམ་གནང་རྒྱུའི་དུས་ལ་བབ་འདུག་ཅེས་གསུངས་པ་མ་ཟད། ལྷག་པར་དུ་ཁེ་ན་ཌ་གཞུང་ནས་བོད་མིའི་མངོན་འདོད་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ལ་མངོན་གསལ་གྱིས་རྒྱབ་སྐྱོར་གནང་དགོས་པའི་གྲོས་ཆོད་གྲོས་འཆར་ཁག་ཅིག་ཆེད་བཏོན་ཡོད་པ་རེད།ཁོང་གིས་གྲོས་ཆོད་དེའི་ཐོག་ནས་ཁེ་ན་ཌ་གཞུང་ནས་རྒྱ་ནག་གཞུང་ལ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་རྒྱའི་གནད་དོན་ཞི་འགྲིག་ཡོང་ཐབས་སུ་ཕྱོགས་གཉིས་ཀྱི་འབྲེལ་མོལ་བསྐྱར་གསོ་གནང་དགོས་པའི་སྐུལ་འདེད་གནང་དགོས་པ་དང་། ཁེ་ན་ཌའི་ཆབ་སྲིད་མི་སྣ་བོད་ནང་རང་དབང་ཐོག་འགྲོ་སྐྱོད་ཐུབ་ཐབས་སུ་ Reciprocal Access to Tibet Act ཞེས་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་ཡང་སྲིད་འཁྲུལ་བྲལ་ཡིན་པར་གཞུང་འབྲེལ་ངོས་འཛིན་ཞུ་བཞིན་ཡོད་པ་ཁ་གསལ་བཟོ་དགོས་པ་ཡང་གསུངས་འདུག དེ་བཞིན་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཁེ་ན་ཌའི་མང་ཚོགས་ཀྱི་ལོངས་སུ་སྤྱོད་བཞིན་པའི་སྨྲ་བརྗོད་དང་འགྲོ་སྐྱོད། དེ་བཞིན་ཆོས་དད་རང་དབང་རྣམས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་བོད་མི་ཚོས་དེ་དག་ལོངས་སུ་སྤྱོད་ཐུབ་ཀྱི་མེད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་བོད་མིའི་སྐད་ཡིག་དང་ཆོས་དད་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་གུས་བརྩི་ཞུས་དགོས་པ་མ་ཟད། ད་ལྟ་རྒྱ་ནག་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་གཏང་དགོས་པ་སོགས་གསུངས་འདུགགཞི་རྩའི་སྐུ་ཞབས་ Thanh Hai Ngo ལགས་ནས་ད་ལན་ཙམ་མིན་པར་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ཁེ་ན་ཌ་གཞུང་ལ་འབོད་སྐུལ་གྱི་གྲོས་འཆར་ཞིག་བསྣམས་ཏེ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ། བོད་མིའི་སྐད་ཡིག་དང་རིག་གཞུང་། འགྲུལ་སྐྱོད། བསམ་བློ། ཆོས་དད་རང་དབང་ལ་གུས་བརྩི། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པ་དང་བོད་མི་གང་བྱུང་དུ་འཛིན་བཟུང་མཚམས་འཇོག་དགོས་པ། ལྷག་པར་དུ་ཁེ་ན་ཌའི་མི་སེར་རྣམས་ལ་བོད་ནང་བཀག་སྡོམ་མེད་པར་འདྲ་མཉམ་འགྲུལ་སྐྱོད་ཀྱི་རང་དབང་དགོས་པའི་གནད་དོན་བཅས་ཀྱི་ཐོག་ཁེ་ན་ཌ་གཞུང་གིས་རྒྱབ་སྐྱོར་ཡོད་པའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་རེ་སྐུལ་གནང་ཡོད་པ་རེད།  ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཡུལ་དེའི་སྲིད་བློན་ Trudeau མཆོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བསྟུན། གྲོས་ཚོགས་འཐུས་མི་སྐུ་ཞབས་ Dennis Glen Patterson ལགས་ཀྱིས་སྣེ་ཁྲིད་འོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་དང་ལྷན་དུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང། བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས། དེ་བཞིན་སྨན་པ་ཡེ་ཤེས་ཆོས་སྒྲོན་ལགས་གསུམ་གྱིས་དབུས་པའི་བོད་ནང་བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས་ཐོག་རྟོག་ཞིབ་ཀྱི་ལས་དོན་དབུ་འཛུགས་གནང་ཡོད་པ་རེད། ད་རེས་ཁོང་གིས་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཁག་སྙན་གསེང་གྲུབ་མཚམས་སུ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གྱི་མི་སྣ་རྣམས་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་ནམ་བྱུང་ལ་རྒྱ་གཞུང་གིས་ཁེ་ན་ཌར་ཐེ་གཏོགས་ཀྱི་ལས་དོན་སྤེལ་བཞིན་ཁག་ཐེར་འདོན་གནང་དགོས་པ་མ་ཟད། ལྷག་པར་དུ་གྲོས་ཆོད་འདིའི་ཐོག་ནས་ཁེ་ན་ཌ་གཞུང་གི་ངོས་ནས་བོད་ཐོག་ཚད་དང་ལྡན་པའི་བཞེངས་ཕྱོགས་ཤིག་འཛིན་ཐུབ་པའི་ཐུགས་རེ་ཡོད་ཡོད་སྐོར་གསུངས་འདུག

རེས་གཟའ་ལྷག་པ། ༢༠༡༩།༠༥།༡༥

ཉན་པ།: Listen ཕབ་ལེན། Download བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་དབུ་འཛུགས། ནོར་ཝེ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པས་ངོ་རྒོལ་གྱི་ལམ་ནས་རྒྱ་ནག་གི་འགོ་ཁྲིད་སྣེ་ལེན་ཞུས་པ། ཁེ་ན་ཌའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་ཐེངས་བདུན་པ་སྲུང་བརྩི། བཙུན་མ་གཉིས་ལ་ཨེ་མོ་རི་གཙུག་ལག་ཁང་ནས་ཚན་རིག་གི་ཆེས་ཐོག་མའི་ཕྱག་འཁྱེར་ཐོབ་པ། དམིགས་བསལ་ལས་རིམ། ༸གོང་ས་མཆོག་གིས་བོད་རྒྱ་འབྲེལ་མོལ་སྐོར་བསྩལ་བའི་བཀའ་སློབ། Wednesday 15/05/2019 31st Task Force Meet on Sino-Tibet dialogue begins China’s Li Zhanshu visits Norway, rights group hold demonstration Over 40 MPPs attend 7th annual Tibet Day in Ontario 4th cohort Tenzin Gyatso scholars complete 2 year program in Emory, includes 2 nuns FEATURE: Dalai Lama's speech on Middle way approach and Sino-Tibet relation

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་དབུ་འཛུགས།

དེ་རིང་ཟླ་ ༥ ཚེས་ ༡༥ ཉིན་སྔ་ཐོག་དྷ་སྟེང་བོད་ཁྱིམ་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་ཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་དབུ་འཛུགས་གནང་སོང་།ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༢༢ ཡོད་པ་ལས་ ༡༨ ནས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གཉིས་ཀྱི་རིང་ཚོགས་དུས་ཐོག་གཙོ་བོ་ཡོ་རོབ་དང་རྒྱ་ནག་དབར་གྱི་ད་ལྟའི་འབྲེལ་བ་དང་ཨ་རི་དང་རྒྱ་ནག་གཉིས་ཀྱི་ད་ལྟའི་ལབྲེལ་བ། དེ་བཞིན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནས་བབས་བཅས་ཀྱི་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་ཐད་བཀའ་བསྡུར་གནང་གི་ཡོད་པ་རེད།གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་ད་རེས་ཀྱི་ཚོགས་འདུའི་ཐོག་སྐུ་འདས་གྲོངས་སུ་གྱུར་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་གི་སྐུ་ཚབ་ཏུ་ཚོགས་མི་བསྐོ་གཞག་གནང་འཆར་ཡོད་མེད་དང་། བོད་མིའི་ངོས་ནས་དེ་སྔ་འབྲེལ་མོལ་ཐེངས་ ༨ སྐབས་སུ་རྒྱ་ནག་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་འགྱུར་བ་གཏང་སྲིད་མིན་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ད་ལྟའི་ཆར་ཚོགས་མི་གསར་པ་བསྐོར་གཞག་གནང་རྒྱུའི་འཆར་གཞི་གང་ཡང་མེད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་འགྱུར་བ་གང་གནང་མེད་པ་ལྟར་དེར་གཞི་འཛིན་ཐོག་རྒྱ་ནག་དང་ལྷན་དུ་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།གཞི་རྩའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐབས་སུ་ཕྱོགས་གཉིས་དབར་འབྲེལ་བ་དགོས་རྒྱུ་གལ་ཆེན་པོ་ཞིག་ཏུ་གཟིགས་ཏེ་ཕྱི་ལོ་ ༡༩༩༨ ལོར་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཡང་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་སོན་མེད་པ་མ་ཟད། འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀྱང་ལས་གནས་ནས་དགོངས་ཞུ་གནང་རྗེས་ད་བར་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད། འོན་ཀྱང་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུ་དེ་གནད་དོན་གཙོ་གྲས་ཤིག་ལ་ངོས་འཛིན་བཞིན་ཡོད་པ་དང་བོད་མིའི་ཕྱོགས་ནས་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་དུས་དང་ས་གནས་གང་ཞིག་ཏུ་གནང་ཡང་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་ཡོད་པ་རེད།

Latest news