Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2021

གསུམ་བཅུའི་སྒེར་ལངས་ཀྱི་རྗེས་སུའང་ལྷ་ས་ཁུལ་དུ་བོད་མི་ཁོ་ནར་དམ་དྲག་དང་ལྟ་སྲུང་བྱེད་མུས།

འདི་ལོའི་བོད་མིའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༢ པའི་སྔ་ཉིན་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཤུགས་ཇེ་ཆེར་གཏང་རྒྱུའི་བཀོད་ཁྱབ་བཏང་དོན་ལྟར་དུས་ད་ལྟའི་ཆ་ལའང་བོད་མི་རྣམས་དགོན་པ་ཁག་ལ་མཆོད་མཇལ་ཞུ་གཙོས་ཆོས་ཕྱོགས་ཀྱི་གནང་སྒོ་གནང་བར་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུགtibetwatch འམ་བོད་གནས་ལྟ་ཞིབ་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་བྱེས་བཞུགས་རྒྱ་ཆེ་མང་ཚོགས་རྣམས་ལ་ཇོ་ཁང་གིས་གཙོས་པའི་དགོན་སྡེ་ཁག་ལ་མཆོད་མཇལ་ཞུ་བར་ཕེབས་སྐབས་རྒྱལ་སྒོ་ནས་ལུས་བཤེར་བྱ་རྒྱུ་གཙོས་མི་མང་ཁྲོད་མི་གསུམ་ལས་མང་བ་འདུ་འཛོམས་མི་ཆོག་པ་དང་། ཇོ་ཁང་སོགས་ལ་གླིང་སྐོར་ཕེབས་སྐབས་མི་སྣ་གསུམ་ལས་མང་བ་མཉམ་དུ་ཕེབས་ཆོག་གི་མེད་པར་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། ལྷ་སའི་བར་སྐོར་ཀྱི་ལམ་ཟུར་ཡོད་ཚད་དུ་ཉེན་རྟོག་པ་དང་རྟོག་ཞིབ་བྱེད་མཁན་གྱིས་བོད་མི་ཁོ་ནར་ཞིབ་བཤེར་བྱེད་མུས་ཡིན་པ་བཀོད་འདུག བོད་གནས་ལྟ་ཞིབ་ཁང་གིས་ལྷ་ས་ནས་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་གནང་བར་གསུམ་བཅུའི་དུས་དྲན་གྱི་དུས་ཚིགས་ནས་བཟུང་ཇོ་ཁང་གཙོས་ལྕགས་པོ་རིའི་གཡས་གཡོན་ཀྱི་ས་ཚིགས་ཡོངས་སུ་རྫོགས་པར་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམས་འཇོག་གིས་བོད་མི་ཁོ་ནར་དམ་དྲག་དང་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་སྟབས། དྲག་པོའི་ཁོར་ཡུག་གི་རྐྱེན་གྱིས་དགོན་པར་མཆོད་མཇལ་དང་སྐོར་ར་ཕེབས་རྒྱུ་མཚམས་འཇོག་བྱས་པ་ཡིན། དེ་མིན་ཉེན་ཁ་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་སྐོར་བཀོད་འདུགབོད་གནས་ལྟ་ཞིབ་ཁང་གིས་ཇོ་ཁང་དང་བར་སྐོར་སོགས་ཀྱི་དྲག་པོའི་ཁོར་ཡུག་རྣམས་གསལ་འདོན་གནང་བ་དང་མཉམ་དུ་པར་རིས་ཁག་གཉིས་ཙམ་ཆེད་འཇོག་གནང་འདུག པར་རིས་དང་པོའི་ནང་རྒྱལ་ས་ལྷ་སའི་ཇོ་ཁང་གི་མདུན་དུ་གནམ་གཤིས་ཤིན་ཏུ་ནས་གྲང་ངར་ཆེ་ཞིང་ཁ་བས་བཏུམས་ཡོད་ཀྱང་། བོད་རིགས་སྐྱེས་པ་ཞིག་ལ་རྒྱའི་ཉེན་རྟོག་པ་གསུམ་གྱིས་སྐོར་བ་དང་གཅིག་གིས་ལུས་བཤེར་བྱས་པ་དང་གཅིག་གིས་དཔེ་ཁུག་སྔོག་བཞིན་པ། གཞན་གཅིག་གིས་མིང་འགོད་བཞིན་པའི་དྲག་པོའི་གནས་སྟངས་མངོན་རྒྱུ་འདུག་པ་མ་ཟད། པར་རིས་གཞན་གཅིག་གི་ནང་དུ་རྒྱའི་ཉེན་རྟོག་པས་དམག་ཆས་སྤྲས་ནས་ལག་ཏུ་མེ་མདའ་བཟུང་སྟེ་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་པ་མཐོང་རྒྱུ་འདུགགཞི་རྩའི་སྔར་ལོའི་ཕྱི་ཟླ་བཅུ་གཉིས་ཀྱི་ཟླ་མཇུག་ཏུ་ཨ་རིའི་གྲོས་ཚོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བཀོད་ནས་ཡུལ་དེའི་ཁྲིམས་སུ་བཅས་པའི་ཕྱིར་ཉིན་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་མཁའ་དབྱིངས་སུ་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་གནམ་གྲུ་ཁག་ཅིག་བཏང་ནས་འཇིགས་སྐུལ་གྱི་རྣམ་པ་ཡང་བསྟན་ཡོད་པ་རེད།

བཟོ་ཚོང་ཁང་གིས་ཨོ་རྩལ་རྩེད་འགྲན་ལ་སྦྱིན་བདག་གནང་རྒྱུ་མེད་པའི་ཞུ་སྐུལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ ༡༥༠ ལྷག་གིས་མཉམ་འབྲེལ་སྒོ་ནས། དྲ་ཐོག་བརྒྱུད་མགྲོན་ཁང་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཞབས་ཞུ་སྒྲུབ་མཁན་གྱི་ཚོང་ལས་ཁང་། Airbnb ཞེས་པར་ཞུ་སྐུལ་གྱི་ཡི་གེ་བཏང་སྟེ། བཟོ་ཚོང་ཁང་དེའི་ངོས་ནས་སང་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་འཆར་གྱི་ཨོ་རྩལ་འགྲན་ཚོགས་དེར་སྤྱིན་བདག་བྱེད་རྒྱུ་མེད་པའི་སྐུལ་མ་གནང་འདུགཨ་རིའི་ San Francisco གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Airbnb ཚོང་ལས་ཁང་ནི་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲ་ཚོགས་ལ་སྦྱིན་བདག་བྱེད་མཁན་ཚོང་ལས་ཁང་གཙོ་གྲས་ ༡༥ ཙམ་ཡོད་པའི་ཁོངས་ནས་གཅིག་ཡིན་པ་རེད། AP གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ ༡༥༠ ལྷག་གིས་ཚོང་ལས་ཁང་དེའི་གཙོ་འཛིན་ Brian Chesky ལགས་སུ་ཆེད་དུ་ཞུ་ཡིག་ཅིག་ཕུལ་བའི་ནང་དུ། ཚོང་ལས་ཁང་དེའི་རྩ་འཛིན་གྱི་ནང་དུ་སྤྱི་ཚོགས་ཀྱི་འགན་འཁྲི་ཞེས་པ་ཡང་ཡང་གླེང་ཡོད་ནའང་། དེས་རྒྱ་ནག་གི་ནང་དུ་རང་དབང་སྒོ་ནས་འགྲུལ་སྐྱོད་བྱེད་ཐུབ་ཀྱི་མེད་པའི་བོད་མི་དང་ཡུ་གུར་མི་མང་རྣམས་ཀྱི་གནས་སྟངས་ལ་སྣང་མེད་དུ་བཞག་པའི་ཐོག་པེ་ཅིང་གི་ཨོ་རྩལ་ལ་སྦྱིན་བདག་བྱས་པ་བརྒྱུད་ནས་ཁུལ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སྣ་འདྲེན་བྱེད་ཐབས་གནང་གི་ཡོད་པའི་སྐྱོན་བརྗོད་གནང་འདུག གཞན་ཡང་ཞུ་ཡིག་གི་ནང་དུ། ཚོང་ལས་ཁང་གིས་རྒྱ་ནག་ཏུ་བསྡུ་རྒྱུའི་རྩེད་འགྲན་ལ་མ་དངུལ་མཁོ་འདོན་བྱས་པ་དེ་ཡིས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེར་ཆེར་བསྟོད་དང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་སྒྲིག་གིས་རྒྱ་ནག་ནི་ཧ་ཅང་གི་བཀག་རྒྱ་ཆེ་བའི་ས་ཁུལ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་དེ་ཡང་མི་མང་གི་སྣང་ངོར་ཆེས་རྒྱུན་ལྡན་ཞིག་ཏུ་བསྒྱུར་བཞིན་ཡོད་པར་ལུང་འདྲེན་གྱིས། བཟོ་ཚོང་ཁང་གིས་བོད་མི་དང་ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྟོས་མེད་ཀྱིས་རྒྱ་ནག་གི་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་ནང་འདྲེན་བྱེད་རྒྱུར་སྐུལ་སློང་མི་བྱེད་རྒྱུའི་རེ་སྐུལ་ནན་པོ་གནང་འདུག རྩ་བའི་པེ་ཅིང་ཨོ་ལམ་སྤིག་རྩེད་འགྲན་ལ་སྦྱིན་བདག་གནང་མཁན་ཁོངས་སུ་ coca cola དང། Samsung, Toyota, Alibaba སོགས་ཚོང་ཁས་ཁང་ཆེ་གྲས་ ༡༥ ཙམ་ཡོད་པ་དེ་དག་གིས་ཨོ་སྩལ་ལྷན་ཚོགས་ལ་ཨ་སྒོར་ཐེར་འབུམ་གཅིག་ཙམ་གྱི་དངུལ་དངོས་སྤྲོད་ཟིན་པ་རེད་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་གནོན་ཤུགས་དང་ལྷག་པར་ཨོ་རྩལ་གྱི་སྦྱིན་བདག་རྣམས་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་བརྒྱུད་ནས་རྒྱ་ནག་གི་ནང་དུ་བསྡུ་རྒྱུའི་སང་ལོའི་ཨོ་རྩལ་འགྲན་ཚོགས་དེར་མཉམ་བཞུགས་བྱ་རྒྱུ་མེད་པའི་འབད་བརྩོན་གནང་བཞིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས། དེ་བཞིན་ཧོང་ཀོང་བ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་ཐུགས་སྣང་གནང་དགོས་བའི་རེ་འབོད་ཞུ་བཞིན་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ Zhao Lijian ཟེར་བས་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ནང་གི་ཨོ་རྩལ་ལྷན་ཚོགས་ལ་ངོ་རྒོལ་བྱེད་བཞིན་པ་དེར་ཆབ་སྲིད་ཀྱི་དམིགས་འདུན་ཡོད་པར་བརྗོད་ཡོད་པ་མ་ཟད། འགྲོ་བ་མི་ཐོབ་ཐང་དང་སྦྱར་ནས་རྩེད་འགྲན་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པ་ཞིག་ཡིན་སྐོར་ཕྱིར་བསྒྲགས་ཀྱིས།  ཐོབ་ཐང་ཚོགས་པ་ཁག་གི་ལས་འགུལ་དེ་ནི་ཕམ་ཉེས་འབྱུང་ངེས་བ་ཞིག་རེད་ཅེས་བརྗོད་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དེ་དག་གི་སྐུ་ཚབ་ནས་རྒྱ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་མཇའ་འཕྲད་ཞུས་ཡོད་ཀྱང་། ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་སྒྲིག་འཛུགས་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཐད་ནས་བཏང་སྙོམ་གྱི་ངང་གནས་དགོས་སྐོར་གསུང་བ་དང་འབྲེལ། རྒྱ་ནག་གི་ངོས་ནས་ནས་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་ནས་ཁག་ཐེག་བྱས་ཡོད་ལུགས་ཀྱི་ལན་འདེབས་བྱས་ཡོད་ནའང་། ལྷན་ཚོགས་ཀྱིས་རྒྱ་ནག་དང་མཉམ་དུ་བཞག་པའི་ཡིག་ཆ་ཁག་མངོན་གསལ་དོད་པའི་ཕྱི་ལ་བསྟན་མེད་པར་སྐྱོན་བརྗོད་བྱས་འདུག

རེས་གཟའ་ཟླ་བ། ༢༠༢༡།༠༣།༢༢

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་གིས་བོད་དེ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཐབས་བྱུས་ནང་ཚུད་སྐོར་གསུངས་པ། འཕྲོད་བསྟེན་བཀའ་བློན་མཆོག་ལ་གཉན་རིམས་ཐད་དོགས་འདྲི་ནན་རྩད། དབུ་དཀར་ཚང་སྐལ་རྡོར་ལགས་ཀྱི་དངོས་གཞིའི་དྲིལ་བསྒྲགས་དབུ་འཛུགས། ༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ལས་འགུལ། སུད་སི་གཞུང་གིས་རྒྱ་ནག་ཐོག་ཕྱི་འབྲེལ་ཐབས་བྱུས་གསར་པ་ཡོངས་ཁྱབ་གནང་བ། ཨ་རིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ། Monday 22/03/2021 Tibet part of Indo Pacific strategy, Sikyong to Tibetan Parliament Health Kalon faces questions on Covid related issues Kaydor Aukatsang launches election campaign: Dharamsala 2 Tibetan activists launch bike rally to lobby Bharat Ratna for Dalai Lama Switzerland unveils its first China strategy US, China wrap up talks, China urges US to refrain from supporting ‘Tibet Independence’

བོད་དེ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཐབས་བྱུས་ནང་ཚུད་ཐུབ་ཡོད།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པའི་ཐོག་བཀའ་ཤག་གི་གསལ་བཤད་ཁྲོད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་ཆར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་བརྒྱུད་བོད་ལ་རྒྱལ་ཁ་ལྟ་བུར་ངོས་འཛིན་ཐོབ་ཡོད་པ་མ་ཟད། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཐབས་བྱུས་ནང་བོད་དེ་ཚུད་ཐུབ་ཡོད་པ་གསལ་པོ་རེད་ཅེས་གསུངས་སོང་།སྲིད་སྐྱོང་མཆོག་གི་ངོས་ནས་སྤྱི་འཐུས་ཀྱི་གྲོས་ཚོགས་སུ་ཆབ་སྲིད་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐོག་བཀའ་ཤག་གི་གསལ་བཤད་གནང་སྲོལ་ཡོད་པ་ལྟར་དེ་རིང་གྲོས་ཚོགས་ཀྱི་ཉིན་རྒྱབ་ཚོགས་དུས་ཐོག་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་པ་དང་འབྲེལ་ཡུལ་དེའི་ཁྲིམས་སུ་བཅས་པ་ Tibet Policy and Support Act ཞེས་ཨ་རི་གཞུང་གི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་གྱི་སྔ་རྗེས་ཀྱི་བརྒྱུད་རིམ་དང་། ལྷག་པར་དུ་བཀའ་ཤག་གི་རྐང་འགན་བཞེས་ཐོག་ཁྲིམས་འཆར་དེའི་ནང་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་སྐོར་ཚུད་ཐབས་སླད་འབད་བརྩོན་ཇི་གནང་ངོ་སྤྲོད་ཞིབ་རྒྱས་གནང་བ་དང་འབྲེལ། ཁྲིམས་འཆར་ནང་བོད་དེ་དྲག་པོའི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་གྲགས་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཆེད་འཛུགས་གནང་འཆར་སོགས་ཀྱི་གནད་དོན་ཁག་གསུངས་པ་དང་སྦྲགས་ཏེ་བོད་ཀྱི་གནད་དོན་དེ་ཤིན་ཅང་དང་ཧོང་ཀོང་། ནང་སོགས་བཅས་དང་མི་འདྲ་བར་རྒྱལ་ཁ་ལྟ་བུའི་གནས་བབ་བྱུང་ཡོད་པ་གསུངས་སོང་།སྲིད་སྐྱོང་མཆོག་གིས་ད་དུང་ Quad ཞེས་ཨ་རི་དང་ཉི་ཧོང། ཨོ་སི་ཊོ་ལི་ཡ། དེ་བཞིན་རྒྱ་གར་བཅས་ནས་རྒྱ་ནག་ལ་གདོང་ལེན་གྱིས་གནའ་འབྲེལ་སྒྲིག་འཛུགས་ཀྱི་གནད་འགག་དང་འབྲེལ། ཉེ་ཆར་ཨ་རིའི་སྲིད་འཛིན་གྱིས་ཨ་རིའི་བདེ་འཇགས་སྲུང་སྐྱོབ་ཐད་རྒྱལ་སྤྱིའི་ཡིག་ཆའི་ནང་དུ་བོད་སྐོར་བཀོད་ཡོད་པ་མ་ཟད།གཟའ་འཁོར་སྔོན་མར་ Alaska ནང་ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་གཉིས་ཀྱི་ཆེས་མཐོའི་ལྷན་ཚོགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ནང་རྒྱལ་ཁབ་ཕྱོགས་གཉིས་དབར་རྨང་གཞིའི་ཐོག་ནས་མི་མཐུན་པའི་གནད་དོན་ནང་དུ་བོད་ཀྱི་གནད་དོན་དེ་བཀོད་ཡོད་སྟབས་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་ནང་ཚུད་ཡོད་པ་གསལ་པོ་ཡིན་སྐོར་གསུངས་ཡོད།

འཕྲོད་བསྟེན་བཀའ་བློན་མཆོག་ལ་གཉན་རིམས་དང་འབྲེལ་བའི་དོགས་འདྲི་ཞུས་པ།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་སྔ་དྲོའི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་བའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་ལས་དོན་སྤེལ་ཕྱོགས་དང་གཉན་རིམས་སྔོན་ཁབ་ཀྱི་གོ་རྟོགས་ལས་གཞི་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་འདྲི་རྩད་ལྷུག་པོ་གནང་སོང་།སྤྱི་འཐུས་གཅིག་གིས་ད་ལྟའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་ལས་དོན་གནང་ཕྱོགས་ལས་འཕྲོས་ཏེ། ད་བར་ཚོགས་ཆུང་དེས་བདུན་རེར་བོད་མི་གཉན་རིམས་ཕོག་པའི་གྲངས་ཐོ་འདོན་རྒྱུ་དེའི་དགེ་སྐྱོན་ག་ཚོད་བྱུང་མིན་དང་བོད་ནང་གཉན་རིམས་ཀྱི་གནས་སྟངས་དེ་གཞི་ག་ལ་བཅོལ་ཡོད་མེད་སོགས་ཀྱི་དྲི་རྩད་གནང་སོང་བ་མ་ཟད། གང་ཟག་གཅིག་ལ་གཉན་རིམས་དེ་ཕོག་ཡོད་པ་ར་སྤྲོད་བྱུང་ནའང་དོ་བདག་དེར་ན་ཚ་གང་ཡང་མེད་པའི་ཁར་བསྐྱར་དུ་བརྟག་དཔྱད་གནང་མི་ཆོག་པའི་གནས་སྟངས་ཇི་འདྲ་ཡིན་མིན་ཐོག་གསལ་བཤད་དགོས་པའི་རེ་སྐུལ་ཞུས་གནང་སོང་།འཕྲོད་བསྟེན་བཀའ་བློན་མཆོག་གིས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་ངོས་ནས་བོད་མིར་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་ཐོ་འདོན་སྤེལ་བྱ་རྒྱུ་དེ་ནི་གཙོ་བོ་འཛམ་གླིང་སྤྱིའི་འགྲོ་ལུགས་ལྟར་རང་ཉིད་ཀྱི་རྒྱལ་ཁབ་དང་སྤྱི་ཚོགས། དེ་བཞིན་འཛམ་གླིང་སྤྱིའི་ནང་གཉན་རིམས་ཕོག་པའི་གནས་བབ་སོགས་རྒྱུས་ལོན་གནང་ཆེད་མཁོ་སྒྲུབ་ཞུས་པ་ཞིག་ཡིན་སྐོར་དང་ལྷག་དོན་ནད་འབུ་ཡོད་ཀྱང་ན་ཚ་མེད་མཁན་རྣམས་ལ་བསྐྱར་དུ་བརྟག་དཔྱད་གནང་མི་ཆོག་པ་དེ་ནི་གཙོ་བོ་རྒྱ་གར་དབུས་གཞུང་འཕྲོད་བསྟེན་བློན་ཆེན་ལས་ཁུངས་དང་སྨན་གྱི་ཉམས་ཞིབ་ལྷན་ཚོགས་བཅས་ཀྱི་ལམ་སྟོན་བཀོད་མངགས་འོག་ཤར་བསྐྱོད་བྱས་བཞིན་པ་མ་གཏོགས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་ལམ་སྟོན་ངེས་ཅན་ཞིག་གི་འོག་ནས་དེ་ལྟར་གནང་ཐབས་བྲལ་བ་ཡིན་ཞེས་བཀའ་ལན་གནང་ཡོད།བགྲོ་གླེང་སྐབས་ཆ་ཤས་བཞེས་མཁན་སྤྱི་འཐུས་གཞན་ཞིག་ནས་ད་ཆ་རྒྱ་གར་ནང་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་འོག་བོད་མིའི་གནས་བཞུགས་གནང་ཡུལ་གྱི་ས་གནས་ཆུང་ཁག་ནང་དུས་ཐུང་རིང་བསྐོ་གཞག་གནང་བའི་སྨན་ཞབས་པ་ཁག་དགོངས་ཞུ་གནང་སྟེ་དཀའ་ངལ་འཕྲད་པའི་གནས་སྟངས་ལུང་འདྲེན་གྱིས་དེ་འབྲེལ་ས་གནས་ཁག་ཏུ་སླར་ཡང་དུས་བསྟུན་གྱི་སྨན་ཞབས་པ་གླ་དགོས་པའི་རེ་སྐུལ་ཞུས་སོང་བ་མ་ཟད། དབུས་བོད་ཀྱི་སྨན་རྩིས་ཁང་ནས་སྔར་ལོ་བཞིན་འདི་ལོ་ཡང་བོད་པའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ནང་གཉན་རིམས་སྔོན་འགོག་གི་ལུས་སེམས་གསོ་ཆེད་དུ་གསོལ་སྨན་དེ་རིན་མེད་ཐོག་བགོ་འགྲེམས་ཡོང་བའི་དགོངས་འཆར་ཕུལ་སོང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོར་གཞིགས་ཚེ། རྒྱ་གར་ནང་སྔོན་ཁབ་དབུ་འཛུགས་གནང་བ་ནས་ད་བར་བོད་མིའི་འཕྲོད་བསྟེན་མདུན་ཐོན་ཞབས་ཞུ་བ་མི་གྲངས་ ༦༨༡ དེ་བཞིན་བོད་མི་ལོ་ན་ ༦༡ ཡན་དང་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་ཁྱོན་མི་གྲངས་ ༧༢༠༠ ལྷག་ལ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད་པ་རེད།གཉན་རིམས་སྔོན་ཁབ་དང་འབྲེལ་དེ་རིང་གི་གྲོས་ཚོགས་ལས་རིམ་དེའི་ཐོག་ཏུའང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས། འཕྲོད་བསྟེན་ལས་ཁུངས་ངོས་ནས་ད་བར་བོད་མི་ཉམ་ཐག་དང་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས། དེ་བཞིན་དམིགས་བསལ་དགོས་མཁོ་ཅན་དང་སེམས་ཁམས་མི་བདེ་བ་དང་རྒན་གསོ་ཁང་གི་རྒན་གཅོང་སོགས་ལ་གང་ཐུབ་རིན་མེད་ཐོག་སྔོན་ཁབ་བརྒྱབ་རྒྱུའི་འབད་བརྩོན་གནང་བཞིན་ཡོད་གསུངས་སོང་།གཞི་རྩའི་དེ་རིང་གི་གྲོས་ཚོགས་ཐོག་སྤྱི་འཐུས་མང་ཆེ་བས་འདས་ལོའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ཁྲོད་འཛིན་སྐྱོང་བཀག་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དབུས། བོད་ཀྱི་སྨན་རྩིས་ཁང་དང་ས་གནས་འགོ་འཛིན་ཁྱབ་ཁོངས་འབྲེལ་ཡོད་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་ངལ་བར་འཛེམ་མེད་ཀྱིས་མདུན་ཐོན་ཞབས་ཞུ་བ་གནང་བར་བསྔགས་བརྗོད་གནང་མཁན་ཡང་བྱུང་སོང་།

སུད་སི་གཞུང་གིས་རྒྱ་ནག་ཐོག་ཕྱི་འབྲེལ་ཐབས་བྱུས་གསར་པ་ཡོངས་ཁྱབ་གནང་བ།

སུད་སི་གཞུང་གིས་རྒྱལ་སྤྱིའི་ཐོག་མངོན་གསལ་དོད་པོས་མ་འོངས་ལོ་བཞིའི་ནང་རྒྱ་ནག་ཐོག་ཕྱི་འབྲེལ་གྱི་ཐབས་བྱུས་སྲིད་བྱུས་གསར་པ་ཞིག་འཛིན་རྒྱུ་ཡོངས་ཁྱབ་གནང་བ་དང་འབྲེལ་ནས་རྒྱ་ནག་གཞུང་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་གྲོས་མོལ་བྱ་རྒྱུའི་མདུན་པ་ཆུང་རུ་འགྲོ་བཞིན་པར་ལྟོས་མེད་སུད་སི་གཞུང་གིས་རྒྱ་ནག་དང་ལྷན་དུ་གྲོས་མོལ་མུ་མཐུད་མདུན་བསྐྱོད་བྱ་རྒྱུ་ཡིན་པར་བརྗོད་ཡོད་པ་རེད།ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་སྲིད་གཞུང་གིས་ཆེས་ཐོག་མའི་རྒྱ་ནག་དང་ལྷན་དུ་ཕྱི་འབྲེལ་གྲོས་མོལ་དབུ་འཛུགས་གནང་བའི་ཉིན་གཅིག་གྱི་རྗེས་སྟེ།ཟླ་ ༣ ཚེས་ ༡༩ ཉིན་སུད་སི་གཞུང་གིས་ ༢༠༢༡ ནས་ ༢༠༢༤ བར་རྒྱ་ནག་ཐོག་གི་མ་འོངས་ལོ་བཞིའི་རིང་ཕྱི་འབྲེལ་ཐབས་བྱུས་ཀྱི་སྲིད་བྱུས་གསར་པ་ཞིག་ཡོངས་ཁྱབ་གནང་སོང་བ་དང། སྐབས་དེར་སུད་སི་ཕྱི་སྲིད་བློན་ཆེན་ Ignazio Cassis ལགས་ཀྱིས་སྤྱིར་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་གཞི་རྩའི་ལྟ་གྲུབ་ཆ་ནས་མི་འདྲ་བ་མང་པོ་ཡོད་པ་དེ་ལྟར་ཡང། ད་རེས་སུད་སི་གཞུང་གིས་རྒྱ་ནག་ཐོག་འཛིན་རྒྱུའི་ཕྱི་འབྲེལ་གྱི་ཐབས་བྱུས་ཀྱི་སྲིད་བྱུས་གསར་པ་འདི་ནི་མ་འོངས་པར་སུད་སི་གཞུང་གིས་རྒྱ་ནག་དང་ལྷན་དུ་ཕྱི་འབྲེལ་གྱི་ལས་དོན་ཕྱོགས་ཡོངས་ནས་ཚགས་ཚུད་དང་ཡིད་ཆེས་འཕེལ་བ་ཞིག་ཡོང་རྒྱུར་དམིགས་པ་དང་ལྷག་པར་དུ་ཕྱི་འབྲེལ་གྱི་ཐབས་བྱུས་ཀྱི་སྲིད་བྱུས་བརྒྱུད་དེ་སུད་སི་གཞུང་གི་ངོས་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ཕྱི་འབྲེལ་ལས་དོན་ཁྲོད་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་རྒྱུ་ནི་གནད་དོན་གཙོ་བོར་འཛིན་དགོས་ཞེས་གསལ་བཟོ་གནང་འདུག དེ་བཞིན་ཁོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་སྡུག་ཏུ་འགྲོ་བ་བཞིན་ཡོད་པའི་ཐོག་རྒྱ་ནག་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་བྱ་ཡུལ་རྒྱུའི་འདུན་པ་དེ་ཆུང་ངུ་འགྲོ་བཞིན་པ་ཡོད་པ་དང། སུད་སི་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོར་འཛིན་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་མུ་མཐུད་གནང་རྒྱུ་ཙམ་མ་ཟད། དེ་སྔ་དང་མི་འདྲ་བར་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་ཚང་མའི་ཐོག་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུགསྤྱིར་སུད་སི་རྒྱལ་ཁབ་དེ་རྒྱ་ནག་དང་ལྷན་དུ་གུ་ཡངས་ཚོང་འབྲེལ་གྲོས་མཐུན་འཇོག་མཁན་ཡོ་རོབ་རྒྱལ་ཁབ་ཁོངས་ནས་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་དང་། ད་ཆ་རྒྱ་ནག་དེ་སུད་སི་རྒྱལ་ཁབ་ཀྱི་ཚོང་འབྲེལ་བྱ་ཡུལ་གྱི་རྒྱལ་ཁབ་ཆེ་གྲས་ཨང་གསུམ་པ་དེ་ཆགས་ཀྱི་ཡོད་ཅིང། ལོ་རྒྱུས་ཀྱི་ཆ་ནས་དེ་སྔ་སུད་སི་དེ་མ་རྩ་རིང་ལུགས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཁོངས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམར་ཤོག་གཞུང་ངོས་འཛིན་བྱེད་མཁན་ཐོག་མའི་གྲས་ཤིག་ཀྱང་ཆགས་ཀྱི་ཡོད་པ་རེད། ད་ལན་སུད་སི་གཞུང་གིས་མ་འོངས་ལོ་བཞིའི་ནང་རྒྱ་ནག་ཐོག་འཛིན་རྒྱུའི་ཕྱི་འབྲེལ་ཐབས་ཀྱི་སྲིད་བྱུས་གསར་པའི་ནང་གསལ་བར་གཞིགས་ན་རྒྱལ་ཁབ་ཕྱོགས་གཉིས་དབར་བདེ་འཇགས་དང་བརྟན་ལྷིང། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ་ས་སོགས་དང་འབྲེལ་བའི་ཁོངས་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དང་ཚོང་འབྲེལ་གཉིས་ནི་གཞི་རྩའི་གནད་དོན་ཆགས་ཀྱི་འདུག འོན་ཀྱང་སུད་སིར་རྟེན་གཞི་བྱས་པའི་ Society for Threatened Peoples འམ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་ད་ལན་སུད་སིའི་རྒྱ་ནག་ཕྱི་འབྲེལ་སྲིད་བྱུུས་དང་འབྲེལ་ཏེ་སྤྱིར་བསྒྲགས་སྤེལ་བ་དེ་ནི་སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་འབྲེལ་ཡོད་གནད་དོན་ཁག་གི་ཐོག་སེམས་འཚབ་རྣམ་པ་ཆེད་བཏོན་གནང་བ་ཙམ་ལས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཐོག་གྲུབ་འབྲས་སོན་པའི་ཐབས་ལམ་ནུས་ལྡན་ཞིག་ཁ་གསལ་མེད་པར་སྐྱོན་བརྗོད་གནང་འདུག དེ་བཞིན་གནད་དོན་དེ་དང་འབྲེལ་རྣམ་ཀུན་ནས་ཡོ་རོབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཐོག་ཐུགས་སྣང་གནང་མཁན་༸གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་སུ་འདི་ག་རླུང་འཕྲིན་ཁང་གིས་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས་ད་ལན་རྒྱ་ནག་ཐོག་འཛིན་པའི་ཕྱི་འབྲེལ་གྱི་སྲིད་བྱུས་འདི་ནི་ད་སྐབས་རྒྱལ་སྤྱིའི་ཁྲོད་ཨ་རིས་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་བཞིན་པ་ལྟར་སུད་སི་གཞུང་ནས་དེ་དེ་བཞིན་རྒྱལ་སྤྱིའི་འགྱུར་གྲོས་དང་མཐུན་པ་གནང་བ་ཞིག་ཡིན་པ་གསུངས་སོང་།ལོ་ཤས་སྔོན་ནས་སུད་སི་ནང་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་གཙོས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སུད་སི་གཞུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱར་ཡོང་བར་རྒྱ་ནག་དང་ལྷན་འཇོག་པའི་གུ་ཡངས་ཚོང་འབྲེལ་གྲོས་མཐུན་ལ་བསྐྱར་ཞིབ་དགོས་པའི་ཞུ་གཏུག་རིམ་པ་གནང་ཡོད་པ་རེད། སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་ལན་སུད་སི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་ཕྱི་འབྲེལ་གྱི་སྲིད་བྱུས་དེ་མང་ཚོགས་ཐོག་མངོན་གསལ་དོད་པོས་ཡོངས་གྲགས་གནང་བའི་རྒྱུ་མཚན་གཞན་ཞིག་ནི་ཟླ་བ་འདིའི་ནང་སུད་སི་གྲོས་ཚོགས་སུ་སུད་སི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་འགྲིག་གི་མེད་པར་གླེང་སློང་ཤུགས་ཆེ་བྱུང་བར་བརྟེན། སུད་སི་གཞུང་གི་ངོས་ནས་ཕྱི་འབྲེལ་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་ཡོངས་གྲགས་གནང་བ་ཞིག་ཆགས་ཡོད་པ་གསུངས་ཡོད། ཉེ་ཆར་སུད་སི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གནད་དོན་གཉིས་ཀྱི་ཐོག་གྲོས་ཚོགས་འཐུས་མི་ལས་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པ་བརྒྱུད་རིང་མིན་གྲོས་ཚོགས་ནང་སུད་སི་དབུས་གཞུང་གིས་སུད་སི་ནང་གནས་སྡོད་བོད་མིའི་བདེ་འཇགས་ཀྱི་གནས་སྟངས་སྐོར་དང།  ད་བར་ཚོགས་པའི་སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཚོགས་འདུ། དེ་བཞིན་མང་འོངས་ཚོགས་འདུ་བཅས་ཀྱི་སྐོར་ལ་ཞིབ་ཕྲའི་ལན་འདེབས་སྙན་ཐོ་ཞིག་གྲོས་ཚོགས་སུ་འགོད་འབུལ་ཞུ་དགོས་པའི་ཐག་གཅོད་བྱུང་ཡོད་པ་རེད། ༸གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འོག་གོ་སྐབས་དམ་འཛིན་གྱིས་འབྲེལ་ཡོད་བོད་མི་ཚོགས་སྒེར་སུ་རུང་གིས་ལས་འགུལ་ཚད་དང་ལྡན་པ་ཞིག་སྤེལ་རྒྱུའི་དུས་ཀྱི་གནད་འགག་ཆགས་ཡོད་པ་གསུངས་ཡོད།

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ལས་འགུལ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག   བཞུགས་སྒར་གྱི་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ།  བོད་ཀྱི་དྭངས་ཞབས་དམག་མི་ཟུར་བ། ཚེ་རིང་ཡེ་ཤེས་ལགས་དང་ཁོང་གི་གྲོགས་པོ་འཆི་མེད་རྟ་མགྲིན་ལགས་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེགས་རྟགས་མཐོ་ཤོས། Bharat Ratna  ཞེས་པ་དེ་འབུལ་ལམ་ཞུ་རྒྱུར་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྐུལ་ལས་འགུལ་དབུ་འཛུགས་གནང་སོང་།ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རྒན་པ་སྐུ་ཞབས་Subhash Nehria མཆོག་གི་གཙོས་བཞུགས་སྒར་ཁུལ་གྱི་གཞུང་འབྲེིལ་མིན་པའི་ཚོགས་པ་ཁག་ལྔའི་སྐུ་ཚབས་རྣམས་དང་། འབྲེལ་ཡོད་ཀྱི་ཐུགས་སྣང་ཅན་གྱི་བོདམི་ཁག་ཅིག་དབུ་བཞུགས་ཀྱི་ཐོག་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཀྱི་ཞུ་སྐུལ་སྐོར་སྐྱོད་ཀྱི་ལས་གཞི་དེ་དབུ་འཛུགས་གནང་སོང་།སྐབས་དེར་ལས་འགུལ་བ་ཚེ་རིང་ཡེ་ཤེས་ལགས་ཀྱིས་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་འདི་ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་གཏན་འབེབས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཁོ་ན་མིན་པར་བོད་མི་ཡོངས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་གཞི་འདིར་ཆ་ཤས་ཤིག་ལེན་དགོས་རྒྱུ་གལ་ཆེན་པོ་ཡིན་པར་དགོངས་ནས་ཁོང་དང་ཁོང་གི་ལས་རོགས་གཉིས་ཀྱིས། རྒྱ་གར་རྒྱལ་ཡོངས་ཀྱི་ཤར་ལྷོ་ནུབ་བྱང་གང་སར་བཞུགས་པའི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་རེ་རེར་ཆེད་བཅར་གྱིས་རྒྱ་གར་གཞུང་གིས་མགོན་པོ་༸གང་ཉིད་ཀྱིས་འཚེ་མེད་ཞི་བའི་ལྟ་སྤྱོད་ཀྱི་ཐོག་འཛམ་གླིང་གི་ཞི་བདེ་སྐྲུན་རྒྱུར་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པ་དང་། དེ་བཞིན་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཕྱིར་ཏུ་སྐུ་ལས་བླ་ལྷག་བསྐྱོན་པའི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ངོས་འཛིན་གྱིས་རྒྱ་གར་གྱི་ཆེས་མཐོ་བའི་སྤྱི་དམངས་གཟེགས་རྟགས་ Bharat Ratna  ཞེས་པ་དེ་༸གོང་ས་མཆོག་ལ་འབུལ་རྒྱུར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་དབུ་འཛུགས་གནང་སྐོར་གསུངས་སོང་།ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རྒན་པ་སྐུ་ཞབས་Subhash Nehria མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ཆེས་མཚན་སྙན་ཆེ་བའི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས། རྒྱ་གར་གྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་དེ་འབུལ་ལམ་ཞུ་ཐུབ་ཚེ། རྒྱ་གར་གྱི་མཚན་སྙན་ཡང་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པ་མ་ཟད། རྒྱ་ནག་ལའང་ཕྱོགས་གཞན་ཞིག་ནས་ཁ་སྐྱེངས་དགོས་པའི་བརྡ་ལན་ཞིག་ཆགས་རྒྱུ་ཡིན་པར་འགྲེལ་བརྗོད་ཀྱིས་རྒྱ་གར་མང་ཚོགས་ཀྱིས་ཁོང་གཉིས་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞིར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།ཁོང་གཉིས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་བ་གཉིས་ཀྱི་རིང་རྒྱ་གར་གྱི་ས་ཕྱོགས་གང་སར་གནས་པའི་བོད་མིའི་གཞིས་ཆགས་ཁག་ཏུ་ཆེད་སྐྱོད་བྱེད་རྒྱུ་ཡིན་པ་མ་ཟད་ལམ་བར་གྱི་འགྲོ་གྲོན་སོགས་ཀྱང་གཞན་ལ་བསྟུན་མི་དགོས་པར་རང་ཉིད་ཀྱིས་མཁོ་སྒྲུབ་བྱ་རྒྱུ་རེད་འདུག གཞི་རྩའི་སྔར་ལོའི་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་རྐྱེན་གྱིས་འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་སྟོང་ཕྲག་གི་ཚེ་སྲོག་ཤོར་བ་དང་། ཚོང་ལས་ཐོན་སྐྱེད་དང་འགྲིམ་འགྲུལ་སོགས་ཀྱི་མཚོན་པའི་མི་མང་གི་གཞི་རྩའི་འཚོ་བའི་དགོས་མཁོ་ལ་ཡང་གྱོང་གུད་ཆེན་པོ་ཐེབས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་ལ་སྡང་འཛིན་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་པའི་ཁྲོད་དུ་བོད་མི་རྣམས་ཀྱིས་ས་ཕྱོགས་གང་ས་ནས་གོ་སྐབས་དམ་འཛིན་གྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་འགྲོ་བཞིན་པ་ལྟར། ཁོང་གཉིས་ཀྱིས་ཀྱང་སྦག་སྦག་གི་སྐོར་སྐྱོད་བརྒྱུད་དེ་བོད་མིའི་ཚོགས་སྡེ་ཁག་ལ་འབྲེལ་བ་བྱས་ཏེ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གཙོས་པའི་རྒྱ་གར་གྱི་མི་མང་ཡོངས་ལ་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་དེ་འབུལ་ལམ་ཞུ་རྒྱུར་སྐུལ་འདེད་གཏོང་བཞིན་འདུག

བཞུགས་སྒར་ནས་དངོས་གཞིའི་དྲིལ་བསྒྲགས་ལས་དོན་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༢༡ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་ཁག་ཡོངས་ཁྱབ་གནང་བ་དང་ཆབས་ཅིག འོས་གཞི་རྣམས་ནས་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་ལུགས་མཐུན་གྱི་དྲིལ་བསྒྲགས་ལས་དོན་ཁག་གནང་ཆོག་པའི་གསལ་བསྒྲགས་གནང་ཟིན་པ་ལྟར་སྲིད་སྐྱོང་གི་འོས་གཞི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤ ཐོག་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་ཚོགས་ཁང་གསར་པར་ས་གནས་མང་ཚོགས་རྣམས་ལ་རང་ཉིད་ཀྱི་ངོ་སྤྲོད་དང་སྲིད་སྐྱོང་གི་འོས་གཞིར་བཞེངས་དོན་གང་ཡིན། ལྷག་པར་དུ་མ་འོངས་པའི་ལས་འཆར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་བརྒྱུད་དངོས་གཞིའི་དྲིལ་བསྒྲགས་ཀྱི་ལས་དོན་དབུ་འཛུགས་གནང་སོང་།ཁ་སང་དྲིལ་བསྒྲགས་ལས་དོན་གྱི་ཐོག་མར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་ངོ་སྤྲོད་བརྙན་ཐུང་ཞིག་གཟིགས་འབུལ་དང་སྦྲགས་དངོས་གཞིའི་འོས་བསྡུའི་སྐབས་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཁག་ཅིག་ནས་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བ་དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་གསུང་བཤད་ཁྲོད་གཅིག་སྒྲིལ་དང་འབྲེལ་ནས་བོད་མི་རྣམས་གཅིག་སྒྲིལ་ཐོག་ཁྲིད་ཐབས་སུ་ཐབས་བཟང་ཤོས་གཅིག་པོ་དེ་ནི་བོད་མི་རྣམས་འཐབ་རྩོད་ཀྱི་ཕྱོགས་སུ་ཁྲིད་ཐུབ་རྒྱུ་དེ་ཡིན་སྟབས་མ་འོངས་པར་སྲིད་སྐྱོང་དུ་འོས་འདེམས་བྱུང་ཚེ་འཐབས་རྩོད་ཀྱི་ཐོག་ནུས་པ་རྒྱ་ཆེ་རུ་གཏང་རྒྱུ་དང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་དང་འཐབ་རྩོད་ཐོག་སྔོན་རྩིས་ཀྱི་འགྲོ་གྲོན་བརྒྱ་ཆ་ ༢༣ ཙམ་གནང་བཞིན་པ་དེར་སྤར་ཐབས་གནང་གི་ཡིན་ཞེས་གསུངས་ཡོད།  བོད་མིའི་སྒྲིག་འཛུགས་འདི་དེང་དུས་དང་མཐུན་པ་ཞིག་བཟོ་རྒྱུར་འཕྲུལ་ཆས་རིགས་གང་མང་སྤྱོད་ཐུབ་ཐབས་ལ་འབད་རྒྱུ་མ་ཟད། ཤེས་ཡོན་དང་འབྲེལ་བའི་ལས་གཞིའི་ཁྲོད་གནས་བབ་ཇི་ཆགས་ཐད་ཞིབ་འཇུག་དང་། རྒྱལ་རབས་སློབ་ཚན། ལྷག་དོན་བྱིས་པའི་ཤེས་ཡོན་ཐོག་ཤུགས་སྣོན་རྒྱག་རྒྱུ། དེ་བཞིན་བོད་མི་གནས་ཡུལ་གཞིས་ཆགས་ཁག་ལ་འཚོ་ཐབས་དང་སྲ་བརྟན་ལ་དམིགས་པའི་འཛུགས་སྐྲུན་གྱི་ལས་གཞི། བོད་ཀྱི་སྐད་ཡིག ལེགས་བྱང་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུ་སོགས་གཞི་རྩའི་དོན་ཚན་གཙོ་བོ་ལྔའི་ཐོག་འབད་བརྩོན་གནང་རྒྱུ་ཡིན་པར་གསུངས་ཡོད།དེ་བཞིན་ས་གནས་དྷརྨ་ས་ལའི་མི་མང་ལ་དམིགས་ཏེ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་དང་མངའ་སྡེ་གཞུང་དང་འབྲེལ་བ་ཞུས་ཏེ་བོད་པའི་ཁྲོམ་ས་ཟུར་འཛུགས་གནང་ཐབས་ཐོག་དགོངས་པ་བཞེས་ཀྱི་ཡོད་པ་སོགས་གསུངས་ཡོད།   དབུ་དཀར་ཚང་སྐར་བཟང་རྡོ་རྗེ་ལགས་ཀྱིས་གསར་འགོད་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པ་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་ལས་འགུལ་དང་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱ་སྐྱེད་གནང་སྟངས་དང་། ཧོང་ཀོང་གི་གནས་སྟངས་ལ་གཞིགས་ཏེ་དབུ་མའི་ལམ་གྱི་འཐབ་རྩོད་ལ་རེ་བ་གཟིགས་ཀྱི་ཡོད་མེད་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རྒྱ་ནག་གཞུང་དེ་ནི་འཇམ་པོའི་སྟོབས་ཤུགས་སྤྱད་ནས་ཡ་ལན་བྱེད་མཁན་ཞིག་ཏུ་ངོས་འཛིན་གནང་གི་མེད་ཀྱང་། དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་ལ་མགོ་མ་སྒུར་བར་གནོན་ཤུགས་སྤྲོད་དགོས་སྐོར་སོགས་གསུངས་ཡོད།ཉེ་ཆར་ཨ་རི་གཞུང་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་ལྟར་རྒྱ་ཁབ་གཞན་གྱི་ནང་ལ་དེ་ལྟར་གནང་ཐབས་དང་ལྷག་པར་དུ་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་གནང་རྒྱུ་སོགས་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་མ་ཟད། ལྷག་དོན་ང་ཚོས་ད་ལྟའི་ཆར་རྒྱ་ནག་གཞུང་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་དང་ལྷན་དུ་མུ་མཐུད་ནས་འབྲེལ་མོལ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་དགོས་པ་གསུངས་སོང་།    གཞི་རྩའི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྒྱལ་ཁབ་གཅིག མི་རིགས་གཅིག འཐབ་རྩོད་གཅིག་བཅས་ཀྱི་འབོད་ཚིག་ཐོག་ནས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིར་ཞུགས་ཡོད་པ་དང་། སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་ཁོང་ལ་ཁྱོན་འོས་གྲངས་ ༡༤༠༣༡ ཐོབ་ཡོད་པ་རེད། ད་རེས་དངོས་གཞིའི་འོས་བསྡུ་དང་འབྲེལ་དྷ་ས་གཙོས་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ། དེ་བཞིན་ལྷོ་ཕྱོགས་དང་ལ་དྭགས་སོགས་བོད་མིའི་གནས་ཡུལ་ས་གནས་གང་མང་ཞིག་ཏུ་ཆེད་ཕེབས་གནང་སྟེ་མང་ཚོགས་ལ་མ་འོངས་པའི་ལས་འཆར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་གཏན་འཁེལ་ཡོད་པ་རེད།

བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ CONIFA རྐང་སྤོལ་རྩེད་འགྲན་ལ་ཞུགས་དཀའ་བའི་གནས་སྟངས་གྱུར་བ།

བོད་ཀྱི་བེུད་རྐང་སྤོལ་རུ་ཁག་རིང་མིན་འདི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༦ པའི་ནང་ཡོ་རོབ་ཀྱི་དཀྱིལ་ཤར་དང་ལྷོ་ཕྱོགས་གཉིས་ཀྱི་མཚམས་སུ་ཆགས་པ་ Romania ཞེས་པའི་རྒྱལ་ཁབ་ཏུ་འཚོགས་གཏན་ཁེལ་བའི་ CONIFA འཛམ་གླིང་བེུད་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེས་ཐོག་མར་མཉམ་ཞུགས་གནང་གཏན་འཁེལ་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་རྐྱེན་གྱིས་ ༢༠༢༡ ལོའི་ CONIFA ཞེས་འཛམ་གླིང་གི་བེུད་ཀྱི་རྐང་སྤོལ་རྩེད་འགྲན་དེ་ཕྱིར་བཤོལ་གནང་བའི་གསལ་བསྒྲགས་སྤེལ་དོན་བཞིན་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་གིས་རྩེད་འགྲན་དེར་མཉམ་ཞུགས་གནང་རྒྱུའི་གོ་སྐབས་མེད་པ་ཆགས་འདུགཉེ་ལམ་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་གིས་འདི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༦ པའི་ནང་ཡོ་རོབ་ཀྱི་དཀྱིལ་ཤར་དང་ལྷོ་ཕྱོགས་གཉིས་ཀྱི་མཚམས་སུ་ཆགས་པ་ Romania ཞེས་པའི་རྒྱལ་ཁབ་ཏུ་འཚོགས་གཏན་ཁེལ་བའི་ CONIFA ཞེས་འཛམ་གླིང་གི་བེུད་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེས་ཐོག་མར་མཉམ་ཞུགས་གནང་རྒྱུའི་གནས་ཚུལ་ཐོན་ཡོད་ཀྱང་། ཡོ་རོབ་ཀྱི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་རྐྱེན་གྱིས་རྩེད་འགྲན་དེ་ཕྱིར་བཤོལ་གནང་བར་བརྟེན་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ནས་གྲ་སྒྲིག་འཐུས་ཚང་གནང་ཟིན་རུང་འདི་ལོའི་རྩེད་འགྲན་དེ་ཕྱིར་བཤོལ་གནང་དོན་ལྟར་གོ་སྐབས་བཞེས་དཀའ་བའི་གནས་སྟངས་གྱུར་འདུགགཞི་རྩའི་ CONIFA ཞེས་པའི་རང་དབང་ཅན་གྱི་འཛམ་གླིང་རྐང་རྩེད་སྤོ་ལོའི་ལྷན་ཚོགས་ནས་དུས་རྒྱུན་ FIFA འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མ་ཚུད་པའི་འཛམ་གླིང་ཁྲོད་ཀྱི་གྲངས་ཉུང་མི་རིགས་དང་སྐྱབས་བཅོལ་བ། རང་མི་རིགས་ཀྱི་རིག་གཞུང་དང་རྒྱལ་ཁབ་མཚོན་ཐུབ་པའི་མི་རིགས་ཁག་ལ་ཆེད་དམིགས་ཀྱིས་རྐང་སྤོལ་རྩེད་འགྲན་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༡༨ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཚོགས་པའི་ CONIFA འཛམ་གླིང་བུའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་བོད་ཀྱི་བུའི་རྐང་སྤོལ་རུ་ཁག་ཀྱང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད།

Latest news