Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2021

ཨ་རིའི་གྲོས་ཚོགས་སུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་ཆེད་འདོན།

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་དང་བསྟུན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་ནང་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་འདུགདེ་ཡང་ཕྱི་ཚེས་ ༣༠ ཉིན་སྐུ་ཞབས་ Scott Perry ལགས་ཀྱིས་ཆེད་འདོན་གནང་བའི་ཁྲིམས་འཆར་དེའི་ནང་དེ་སྔ་ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་ཚོང་འབྲེལ་གྱི་ཁྲིམས་ཡིག་ནང་བོད་དེ་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་དང་ཐ་དད་པའི་རྒྱལ་ཁབ་ཅིག་ཏུ་བཀོད་ཡོད་པ་མ་ཟད་ཨ་མི་རི་ཀའི་རྩིས་ལོ་ ༡༩༩༢ དང་ ༡༩༩༣ གྱི་ཕྱི་སྲིད་འབྲེལ་ལམ་ཁྲིམས་ཡིག་ནང་བོད་དེ་བཙན་དབང་གིས་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཁ་གསལ་འཁོད་པ་ལུང་འདྲེན་གནང་བ་དང་སྦྲགས་ཏེ་ཨ་མི་རི་ཀའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༡ ལོར་ཁྲིམས་འགལ་གྱིས་བོད་ནང་བཙན་འཛུལ་བྱས་པ་ལས་དེའི་སྔོན་ལ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་དགོས་པ་དང་། དེ་ཡང་རྒྱ་ནག་གིས་བརྗོད་བཞིན་པའི་བོད་ཟེར་བའི་ས་ཁུལ་ཙམ་མིན་པར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་ས་ཁུལ་ཡོངས་རྫོགས་ཚུད་པའི་བོད་ཅེས་པ་དེར་ངོས་འཛིན་བྱེད་དགོས་ཞེས་འཁོད་འདུག ཁྲིམས་འཆར་དེར་ཨ་རི་སྲིད་གཞུང་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་པ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་ཚོར་ཉེས་ཆད་འགེལ་དགོས་པ་མ་ཟད་བོད་མིའི་སྒྲིག་འཛུག་འདི་བཞིན་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་གཅིག་པུ་དེ་ཡིན་པར་ངོས་ལེན་དང་སྦྲགས། ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁྲིམས་འཆར་འདི་གཏན་འབེབས་གནང་བའི་ལོ་གཅིག་གི་ནང་ཚུད་ཨ་རིར་གཞུང་འབྲེལ་རྒྱལ་དོན་འཚམས་གཟིགས་སུ་གདན་ཞུ་གནང་དགོས་པ་གསལ་འདུགཁ་ཉིན་སྐུ་ཞབས་ Scott Perry ལགས་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་གྲོས་ཚོགས་སུ་ཆེད་འདོན་གནང་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Tiffany ལགས་དང་ Scott DesJarlais ལགས་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་དང་།ད་ལྟའི་ཆར་ཁྲིམས་འཆར་དེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕུལ་འདུག གཞི་རྩའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ནས་འདས་ལོའི་ཕྱི་ཟླ་ལྔ་པའི་ནང་ལ་ཡུལ་དེའི་གྲོས་ཚོགས་སུ་ཨ་རིའི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་དགོས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་སྐབས་དེར་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེས་གྲས་ཁག་ཅིག་ནས་ཁྲིམས་འཆར་དེར་བསྐྱར་བཅོས་དང་སྦྲགས་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་བོད་ཆོལ་ཁ་གསུམ་ཆ་ཚང་ཚུད་དགོས་པའི་སྙན་ཞུ་ཕུལ་ཡོད་པ་རེད། སྐུ་ཞབས་ Scott Perry ལགས་ཀྱིས་ད་རེས་བོད་དོན་དང་འབྲེལ་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་བ་མ་ཟད་དེ་སྔ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ གཙོས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་གནང་བ་རྣམས་ངེས་པར་དུ་ལག་བསྟར་གནང་དགོས་པའི་ཞུ་སྐུལ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཆགས་ཀྱི་ཡོད་པ་རེད།

རྒྱ་གཞུང་གི་བཙན་གནོན་དང་མནར་གཅོད་ཀྱིས་ལོ་རྒྱུས་འཁོད་པའི་དཔེ་དེབ་འདོན་སྤེལ།

ཁ་སང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་  ༡༠༠ འཁོར་བའི་དུས་ཚིགས་དང་བསྟུན་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་བོད་མི་རྣམས་ནས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་སྤེལ་ཡོད་པ་རེད།དེའི་ཁྲོད་ཁ་སང་ཇི་ནི་ཝ་སྐུ་ཚབ་དོན་ཁང་ནས་རྒྱ་གཞུང་གི་བཙན་གནོན་དང་མནར་གཅོད་ཀྱིས་ལོ་རྒྱུས་འཁོད་པའི་དཔེ་དེབ་འདོན་སྤེལ་གནང་འདུག་པ་དང་། ཡོ་རོབ་གཙོས་ཨ་རི་དང་ཉི་ཧོང་སོགས་ཀྱི་ནང་བོད་མི་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ 100 Atrocities of CCP  in Tibet ཞེས་རྒྱ་ནག་གཞུང་གི་བཙན་གནོན་དང་མནར་གཅོད་ཀྱིས་ལོ་རྒྱུས་འཁོད་པའི་དཔེ་དེབ་ཅིག་འདོན་སྤེལ་གནང་འདུག་པ་དང་ཇི་ནི་ཝའི་སྐུ་ཚབ་དོན་ཁང་གིས་དཔེ་དེབ་དེ་ནི་རྒྱ་གཞུང་གིས་འདས་པའི་དུས་ཡུན་ནང་དེ་གའི་དབང་སྒྱུར་འོག་ཡོད་པའི་བོད་མི་གཙོས་ཤར་ཏུར་ཀི་སི་ཏན། ནང་སོག དེ་བཞིན་མི་རིགས་གཞན་གྱི་ཐོག་དྲག་གནོན་དང་གདུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་སྤེལ་བའི་དྲན་སྐུལ་ཡིན་པར་གསུངས་འདུག དཔེ་དེབ་དེའི་ནང་དོན་རྣམས་སྙན་ཐོ་དང་ཡིག་མཛོད་སོགས་ལས་གལ་ཆེའི་གནད་དོན་ཁག་ཕྱོགས་སྒྲིགས་ཞུས་པ་ཞིག་ཆགས་ཀྱི་འདུག་པ་མ་ཟད། ཀློག་པ་པོར་རྒྱ་ནག་གཞུང་གི་བྱུས་ངན་གྱི་སྲིད་བྱུས་མཁྱེན་རྟོགས་ཡོང་སླད་གནས་ཚུལ་གཙོ་ཁག་ཕྱོགས་སྒྲིགས་གནང་ཡོད་པ་རེད།དེ་བཞིན་ཁ་སང་དུས་ཚིགས་དང་འབྲེལ། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་གཞོན་སྐྱེས་ ༡༦ གིས་སུད་སི་རྒྱལ་ས་ Berne ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་ནག་གཞུང་གིས་ལོ་ ༡༠༠ ནང་དེ་གའི་དབང་སྒྱུར་འོག་ཡོད་པའི་བོད་མི་གཙོས་ཤར་ཏུར་ཀི་སི་ཏན་དང་། ཧོང་ཀོང་དེ་བཞིན་ནང་སོག་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་སྟབས་ལོ་བརྒྱ་དེ་མི་གསོད་ཁྲག་སྦྱོར་དང་བྱུས་ངན་གྱི་སྲིད་བྱུས་ཁོ་ནའི་ཐོག་བཏང་ཡོད་ཅེས་པའི་སྦྱར་ཡིག་བསྣམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་དེ་འབྲེལ་གྱི་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གཞུང་ནས་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དགའ་སྟོན་བྱེད་ཀྱི་ཡོད་ཀྱང་དངོས་ཡོད་ཀྱི་དགའ་སྟོན་བྱེད་འོས་པ་ཞིག་གཏན་ནས་མེད་པ་དང་ལྷག་པར་འདས་པའི་ལོ་ངོ་ ༦༠ ལྷག་ནང་བོད་ལ་བཙན་འཛུལ་གྱིས་ལོ་རེ་ནས་བོད་མིའི་ཐོག་དྲག་གནོན་བྱེད་ཤུགས་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་སྒོས་འདས་ལོར་རྒྱ་གཞུང་གིས་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་སླད་དུ་ལས་འགུལ་གསར་པ་འགོ་འཛུགས་བྱས་པ་དང་། དེ་དང་ཕྱོགས་མཚུངས་རྒྱ་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་བཀག་སྐྱིལ་བྱས་ཡོད་པ་ལུང་འདྲེན་བྱས་འདུག གཞན་ཡང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་དང་སྦྲགས་ཏེ་སུད་སི་དང་ལིག་ཏིན་སིཊཡན་བོད་རིགས་དང་ཡོ་རོབ་བོད་རོགས་གཞོན་ནུའི་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པ། དེ་བཞིན་སུད་བོད་མཐུན་གྲོགས་ཚོགས་པའི་གོ་སྒྲིག་འོག་ས་གནས་ཛུ་རིག་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་དང་བོད་མི་རྣམས་ནས་བོད་ཀྱི་རྒྱལ་དར་དང་རྒྱ་ནག་ལ་ངོ་རྒོལ་གྱི་སྦྱར་ཡིག་སོགས་བསྣམས་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག དེ་བཞིན་ཕ་རིན་སི་རྒྱལ་ས་པེ་རིས་ནང་དུའང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཚོགས་པ་གཞན་ཁག་ཅིག་དང་ལྷན་དུ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཁག་མཚོན་པའི་འཁྲབ་སྟོན་གྱི་ལམ་ནས་ལས་འགུལ་སྤེལ་འདུག གཞི་རྩའི་ཉེ་ལམ་རྒྱ་ནག་གི་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དུས་སྟོན་དང་འབྲེལ།  ཕོ་བྲང་པོ་ཏ་ལའི་རྩིག་ངོས་སུ་དམར་ཤོག་དགའ་སྟོན་གྱི་བརྗོད་ཚིག་བཀོད་པའི་བརྙན་པར་ཆེན་པོ་ཞིག་རྒྱ་གཞུང་གིས་བཀལ་ཡོད་པ་ལྟར། ཁ་སང་རྒྱ་ནག་གི་བྱེད་ཕྱོགས་དེར་ལན་འདེབས་ཚུལ་དུ་ཨ་རི་ནིའུ་ཡོག་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཚོགས་པ་གཞན་ཁག་ཅིག་ནས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་གྱང་ངོས་སུ་ 100 years of CCP Oppression ཞེས་ལོ་ངོ་བརྒྱའི་རྒྱ་དམར་གྱི་བཙན་གནོན་ཟེར་བའི་ཡི་གེ་ཆེད་བཏོན་གྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་པ་མ་ཟད། ནིའུ་ཡོག་གནས་སྡོད་ནང་སོག་དང་ཡུ་གུར། འབར་མ། རྒྱ་རིགས། ཧོང་ཀོང་། དེ་བཞིན་བོད་མི་བཅས་ཀྱིས་ནིའུ་ཡོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལོ་ངོ་བརྒྱ་ཡི་རིང་རྒྱ་དམར་གྱིས་དམར་གསོད་དང་བཙན་གནོན། བཙན་འཛུལ་སོགས་ཀྱི་སྡུག་རྩུབ་ཆེ་བའི་བྱ་སྤྱོད་སྤེལ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དམར་ཤོག་ཚོགས་པར་ཁ་གཏད་གཅོག་མཁན་ཚོར་ནམ་ཡང་གུ་ཡངས་མི་གཏོང་ཟེར།

དེ་ཡང་ཁ་སང་ཟླ་བ་བདུན་པའི་ཚེས་གཅིག་གི་ཉིན། རྒྱ་ནག་གི་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་རབས་གཅིག་གི་དུས་སྟོན་མཛད་སྒོ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཏུ་བསྡུས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབུ་ཁྲིད་པའི་ཆེས་མཐོ་དཔོན་རིགས་རྣམས་ཀྱི་གཙོ་བྱས་པའི་རྒྱ་རིགས་མི་མང་ཁྲི་བདུན་ལྷག་གིས་མཛད་སྒོར་ཉམས་ཞུགས་བྱས་པ་བརྒྱུད་ནས། སྲིད་འཛིན་ཞི་ཅིན་ཕིང་གིས་ལོ་རྒྱུས་ཁྲོད་མི་རིགས་གཞན་གྱི་འོག་གཉའ་གནོན་བཤུ་གཞོག་མྱངས་ཟིན་པའི་རྒྱ་ནག་རྒྱལ་ཁབ་དེ། ད་ཆ་དམར་ཤོག་སྲིད་གཞུང་གི་ལམ་ལུགས་ཀྱི་ཁྲོད་ནས་འཛམ་གླིང་ནང་གི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་མ་ཟད། མི་མང་གི་འཚོ་བ་དབུལ་ཕོངས་ལས་གྲོལ་ཏེ་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྒྱུར་ཐུབ་ཡོད་པ་སོགས་ཀྱི་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལམ་ལུགས་ཁྲོད་ནས་དམར་ཤོག་ཆབ་སྲིད་ལམ་ལུགས་དེ་ནི་ཆེས་ཡངས་དག་པའི་ལམ་ལུགས་ཤིག་ཡིན་པར་བསྒྲགས་པར་མ་ཟད།  ཕྱིའི་རྒྱལ་ཁབ་སུ་ཞིག་གིས་རྒྱ་ནག་ནང་གི་སྟོབས་ཤུགས་ལ་ཁ་གཏད་བཅག་པ་ཡིན་ན་རྒྱ་ནག་གི་མི་འབོར་དུང་ཕྱུར་བཅུ་བཞིའི་མིག་མདུན་དུ་ཤ་དང་ཁྲག་གིས་གྲུབ་པའི་ལྕགས་རིའི་སྒང་ནས་ཁྲག་མདར་ཙར་རེར་དམར་གསོད་གཏོང་རྒྱུ་ཡིན་པའི་རྫིག་གཏམ་བསྒྲགས་འདུག ཁ་སང་གི་རྒྱ་ནག་དམར་ཤོག་པའི་དུས་སྟོན་དང་འབྲེལ་ནས། འདི་གའི་གསར་འགོད་པའི་ཐེ་ཝན་དོན་གཅོད། སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་སྙིང་བསྡུས་དང་འབྲེལ་ནས་ཁ་པར་གྱི་ལམ་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཞིན་ཅིན་ཕིང་གི་ཆུ་ཚོད་གཅིག་ལྷག་གི་གཏམ་བཤད་དེའི་ཁྲོད། གཙོ་བོ་རྒྱ་ནག་གི་དམར་ཤོག་སྲིད་གཞུང་གི་རོགས་འདེགས་ཀྱི་ཁྲོད་ཀྱི་རྒྱ་ནག་རྒྱལ་ཁབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། དེ་བཞིན་དམར་ཤོག་སྲིད་གཞུང་གིས་རྒྱ་ནག་མང་ཚོགས་ཀྱི་འཚོ་བར་ཕུན་སུམ་ཚོགས་པའི་རོགས་འདེགས་རྒྱ་ཆེར་བྱས་ཡོད་ཚུལ། གཞན་ཡང་ཐེ་ཝན་སོགས་རྒྱ་ནག་གིས་བཅིངས་གྲོལ་གཏོང་རྒྱུར་མཇུག་སྐྱོང་བྱེད་རྒྱུ་ཡིན་ལུགས་སོགས་ཀྱི་དོན་ཚན་འགའ་ཡི་སྟེང་ནས་ངོ་སྤྲོད་གནང་སོང་།དེ་བཞིན་ཕྱི་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་མི་ལོ་བརྒྱ་ཡི་དུས་སྟོན་དེར་གཟིགས་ཚུལ་ཅི་ཡོད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཨ་རི་དང་ཡུ་རོབ་སོགས་ཀྱི་མཚོན་པའི་ནུབ་ཕྱོགས་ཀྱི་མང་གཙོའི་་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་ལོ་བརྒྱ་ཡི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་འོག་ཏུ་རྒྱ་ནག་གི་མི་མང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁེ་དབང་ཏིལ་འབྲུ་ཙམ་ཡང་རག་མེད་པར་མི་མང་ལ་གཉའ་གནོན་བཤུ་གཞོག་རིམ་པ་བྱས་ཡོད་པ་དང་འབྲེལ་ནས། ཐེངས་འདིར་རྒྱ་ནག་གིས་དུས་སྟོན་དེ་བརྒྱུད་ནས་ཕྱི་ལོགས་སུ་དམར་ཤོག་སྲིད་གཞུང་ལ་རྒྱ་ནག་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་རྣམ་པ་ཕྱིར་སྟོན་ཐབས་བྱས་པ་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་ལུགས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་ཁ་སང་གི་རྒྱ་ནག་གི་དུས་སྟོན་དང་འབྲེལ་ནས། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གིས་རྣམ་པ་འདྲ་མིན་སྟེང་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་རྒྱལ་ཁབ་ཆེན་མོའི་རང་དབང་ཐོབ་ཐང་དབང་བསྒྱུར་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་ཐེབས་བཞིན་པའི་ཐད་ནས་གཞུང་འབྲེལ་གྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོ་བྱས་པའི་འབྲེལ་ཡོད་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ལོ་རྒྱུས་ཀྱི་བདེན་པ་གཞི་ལ་བཞག་ནས་དྲ་ཐོག་གི་བགྲོ་གླེང་སྣ་མང་གི་ནང་དུ་འཛུལ་ཞུགས་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱིས་ལས་འགུལ་དང་རྔམ་སྟོན་ཁྲོམ་སྐོར་གྱི་ཐོག་ནས་ལས་འགུལ་སྤེལ་ཏེ་རྒྱ་ནག་དམར་གཞུང་གི་དུས་རབས་གཅིག་གི་དུས་སྟོན་དེར་ཕྱོགས་ཡོངས་ནས་སྐྱོན་བརྗོད་ང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་གསུངས་སོང་། གཞི་རྩའི་ཁ་སང་གི་རྒྱ་ནག་གི་དམར་ཤོག་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་དང་འབྲེལ་ནས། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གཙོ་བྱས་པའི་རྒྱ་ནག་གི་ཞིང་ཆེན་ཡོངས་ཀྱི་ནང་དུ་གཞུང་འབྲེལ་གྱི་གོ་སྒྲིག་གི་འོག་ཏུ་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། རྒྱ་ནག་གཞུང་ནས་འདི་ལོའི་ལོ་འགོ་ནས་བཟུང་སྟེ་རྒྱ་ནག་རྒྱལ་ཡོངས་ཙམ་དུ་མ་ཟད་བོད་ཁུལ་གྱི་འདུས་སྡོད་ཀྱི་སྤྱི་ཚོགས་ཏེ། དགོན་པ་གྲྭ་ཚང་དང་སློབ་གྲྭ་སོགས་སུ་ཡང་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བ་དང་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་བདུན་བཅུ་འཁོར་བའི་དྲིལ་བསྒྲགས་རིགས་འདྲ་མིན་སྤེལ་ཏེ། རྩེ་ཕོ་བྲང་པོ་ལ་ཡི་མཚོན་པའི་བོད་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་ཡོངས་སུ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་ཞེས་པ་དང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་སྣ་མང་སྤེལ་ཡོད་པ་རེད། ཁ་སང་གི་དུས་སྟོན་དང་འབྲེལ་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུ་སྐོང་གནང་པའི་ཐོག རྒྱ་ནག་མི་མང་དང་རྒྱ་ནག་གི་དབང་བསྒྱུར་འོག་གི་མི་མང་ཡོངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་མ་ཐུབ་ཀྱི་བར་དུ། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་དེར་དགའ་སྤྲོ་བྱེད་རྒྱུའི་འོས་བབ་གང་ཡང་མེད་པར་ཕྱིར་བསྒྲགས་གནང་ཡོད་པ་རེད།

༸སྐུའི་འཁྲུངས་སྐར་དང་བསྟུན་སྦེང་ལོར་ཁུལ་དུ་ཟས་གོས་སྦྱིན་གཏོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་བསླེབ་ལ་ཉེ་བ་དང་བསྟུན། དེ་རིང་སྦེང་ལོར་ས་གནས་གཞོན་ནུས་ས་གནས་རྒྱ་གར་གྱི་ཡུལ་མི་དབུལ་ཕོངས་མི་ཉུང་བ་ཞིག་ལ་གོས་དང་སྐམ་ཟས་ཀྱི་སྦྱིན་གཏོང་གནང་སོང་།སྦེང་ལོར་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱིས་འདི་གར་སྤྱིར་སྦེང་ལོར་ས་གནས་གཞོན་ནུས་ལོ་ལྟར་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་གཞན་ཕན་གྱི་རྣམ་དཀར་དགེ་བའི་ལས་ལ་གཉེར་ཆེད་སྦེང་ལོར་རྒྱལ་སའི་ཁོར་ཡུག་གཙང་བཟོ་དང་དབུལ་ཕོངས་གང་མང་ལ་སྦྱིན་གཏོང་ཀྱི་ལས་གཞི་སྤེལ་གྱི་ཡོད་པ་དེ་ལྟར་ཡང་། འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འོག་དུས་རྒྱུན་བཞིན་ལས་གཞི་རྒྱ་ཆེན་པོ་སྤེལ་ཐུབ་ཀྱི་མེད་ཀྱང་ས་གནས་ཀྱི་དབུལ་ཕོངས་མི་ཚང་བརྒྱ་དང་བཅུ་གསུམ་ལ་སྐམ་ཟས་དང་གོས་སོགས་སྦྱིན་གཏོང་གནང་ཐུབ་ཡོད་སྐོར་གསུངས་སོང་།གཞི་རྩིའི་ཟླ་ ༧ ཚེས་ ༦ ཉིན་མོ་ནི་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་མོ་ཡིན་པ་དང་བསྟུན། ལོ་ལྟར་ཉིན་མོ་དེར་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གཙོས་པའི་འཛམ་གླིང་ཁྱོན་ལ་གནང་པའི་བོད་མི་ཡོངས་ནས་མཛད་སྒོ་གཟབ་རྒྱས་དང་སྤྲོ་སྐྱིད་སོགས་ཀྱི་དགའ་སྤྲོའི་རྣམ་པའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུ་སྲོལ་ཡོད་པ་རེད། འོན་ཏང་འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་འོག་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་བོད་མི་མང་ཚོགས་ལ་མི་མང་འདུ་འཛོམས་ཤུགས་ཆེན་པོ་གནང་མི་དགོས་པར་རང་ཁྱིམ་དུ་སྤྱན་རས་གཟིགས་ཀྱི་གཟུང་སྔགས་མ་ཎི་ཡིག་དྲུག་གང་མང་འདོན་པའི་ཐོག་ནས་སྲུང་བརྩི་གནང་དགོས་པའི་ལམ་སྟོན་ཕེབས་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༢༡།༠༧།༠༡

ཉན་པ།: Listen ཕབ་ལེན། Download རྒྱ་མིའི་གཞུང་ཚབ་ཏུ་རྒོལ་མཆོང་གིས་དམར་པོའི་སྲིད་གཞུང་ལོ་བརྒྱ་འཁོར་བའི་རྗེས་དྲན་ལ་ངོ་རྒོལ། དམར་ཤོག་སྲིད་གཞུང་གཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་ནི་ལོ་རྒྱུས་ཀྱི་ཉིན་ནག་ཅིག་ཡིན། མི་མང་ལ་བདེ་སྐྱིད་སྐྲུན་ཐུབ་པ་ཞིག་མ་བྱུང་བར་དུ་ལོ་འཁོར་དུས་སྟོན་ལ་དགའ་སྤྲོའི་འོས་བབ་མེད། བོད་རིགས་དམར་ཤོག་ཚོགས་མིར་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་གསར་བསྒྲགས། Thursday 01/07/2021 China threatens against bullying as CCP turns 100, TYC activists storm Chinese Embassy Nothing to Celebrate: Tibetan NGOs mark black day Sikyong Penpa Tsering slams CCP centenary celebration New notice highlights tight restrictions against Tibetan cadres

རྒྱ་མིའི་གཞུང་ཚབ་ཏུ་རྒོལ་མཆོང་བརྒྱུད་དམར་པོའི་སྲིད་གཞུང་ལོ་བརྒྱ་འཁོར་བའི་རྗེས་དྲན་ལ་ངོ་རྒོལ་བྱས་སོང་།

དེ་རིང་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་ལས་འགུལ་བ་མི་གྲངས་ ༡༢ ཀྱིས་རྒོལ་མཆོང་བྱས་ཡོད་པ་དང་།   དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་ལ་ངོ་རྒོལ་མཚོན་ཆེད་རེད་འདུག   ལས་འགུལ་བ་དེ་དག་ཁོངས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཁང་གི་ཚོགས་གཙོ་མགོན་པོ་དོན་གྲུབ་དང་།   དེ་བཞིན་དབུས་ཀྱི་ཚོགས་གཞོན་དང་དྲུང་ཆེའི་གཙོས་པའི་རྒྱུན་ལས་ཁག་ཅིག་དང་། གཞན་ཡང་བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་བཅས་ནས་མཉམ་ཞུགས་གནང་འདུག ལས་འགུལ་བ་མི་གྲངས་ ༡༢ ཡོད་པ་དེ་དག་གིས་རྒྱ་མིའི་གཞུང་ཚབ་ཏུ་སྐོར་སྲུང་བ་ཕོན་ཆེན་ཞིག་འགྲེམས་འཇོག་བྱས་པར་ལྟོས་མེད།  སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་གློ་བུར་དུ་སྣུམ་འཁོར་འགའ་ཤས་ནས་མར་ཐོན་ཏེ་རྒྱ་མིའི་གཞུང་ཚབ་ཕྱོགས་སུ་སྐད་འབོད་བྱེད་བཞིན་རྒོལ་མཆོང་བྱས་སོང་ནའང་།   སྔོན་ཚུད་ནས་གྲ་སྒྲིག་བྱས་ཏེ་བསྡད་ཡོད་པའི་སྐོར་སྲུང་བ་དེ་དག་གིས་ལས་འགུལ་བ་རྣམས་རེ་རེ་བྱས་ཏེ་འཛིན་བཟུང་གིས་སྐོར་སྲུང་སྣུམ་འཁོར་ནང་བཅུག་པ་ལྟར་སྐབས་དེར་གཞོན་ནུའི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་དང་འབྲེལ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ་དང་། བོད་ཀྱི་གནད་དོན་མ་སེལ་བར་དུ་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་འདུགགང་ལྟར་ལས་འགུལ་དེ་སྐར་མ་ ༡༥ ཙམ་གྱི་རིང་ལ་རྒྱ་མིའི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་དང་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགོད་པ་ཚོར་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བའི་རྗེས།   ས་གནས་སྐོར་སྲུང་བས་ཁོང་ཚོ་ཚང་མ་ Mandir Marg  སྐོར་སྲུང་ལས་ཁང་ཕྱོགས་སུ་ཁྲིད་ཡོད་པ་རེད།དེ་དང་དུས་མཚུངས་ཆུ་ཚོད་ ༡༢ ཙམ་ལ་ད་དུང་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་ཡིན་པའི་རང་བཙན་རྡོ་རྗེ་དང་།  རྒན་ལེགས་ལྡན་གཉིས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ཁུལ་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་དེར་ངོ་རྒོལ་བྱས་སོང་བ་དང་།   ཁོང་གཉིས་ནས་སྐབས་དེར་རྒྱ་མིའི་རྒྱལ་དར་ཞིག་མེར་སྲེག་གཏོང་ཐབས་བྱས་སོང་ཡང་།  གློ་བུར་དུ་ས་གནས་སྐོར་སྲུང་བ་སླེབས་ཏེ་ཁོང་གཉིས་དོ་དམ་བྱས་པ་མ་ཟད།  གནས་ཚུལ་ཤེས་རྟོགས་བྱས་ན་ཁོང་གཉིས་ལ་སྐོར་སྲུང་བས་ཉེས་རྡུང་ཕྲན་བུ་བཏང་པའི་གནས་ཚུལ་བྱུང་འདུག

དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་ནག་ཅིག་ཡིན།

དེ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་དང་བསྟུན།  རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་རིང་གི་ཉིན་མོ་དེ་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ནག་པོ་ཞིག་ཡིན་པར་ངོས་འཛིན་གྱིས་རྡ་ས་མེག་གྷན་དུ་ཡོད་པའི་དེ་གའི་ལས་ཁུངས་ཀྱི་མདུན་དུ་པར་རིས་འགྲེམས་སྟོན་བརྒྱུད་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨོ་རྩེད་ཀྱི་མཚོན་རྟགས་སྟེང་དུ་མི་རོའི་འདྲ་གཟུགས་ཐོག་བོད་དང་ཤར་ཏུར་ཀི་སི་ཐན།  ལྷོ་སོག  ཧོང་ཀོང་དེ་བཞིན་ཐེ་ཝན་སོགས་བཀལ་ནས།  རྒྱ་གཞུང་གིས་དེ་གའི་དབང་བསྒྱུར་འོག་ཡོད་པའི་མང་ཚོགས་ཐོག་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བ་སོགས་ཀྱི་མཚོན་ཁྲག་གིས་ཁེངས་པའི་ཁྲུས་གཤོང་ནང་ཞི་ཅིན་ཕིང་བཞག་ཏེ་པར་རིས་འགྲེམས་སྟོན་དང་འབྲེལ་འཁྲབ་སྟོན་གྱི་ལས་འགུལ་སྤེལ་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པར།  ད་རེས་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས།  རྒྱ་ནག་གཞུང་གི་ལོ་ངོ་ ༡༠༠ ནང་བོད་ཙམ་མ་ཟད།  རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རང་དབང་ལ་དོ་ཕོག་ཚབས་ཆེར་བཏང་ཡོད་པས།  རྒྱ་ནག་དམར་ཤོག་གཞུང་གི་བྱུས་ངན་གྱི་བྱེད་ཕྱོགས་དེ་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ།   བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ལས་འགུལ་མུ་མཐུད་སྤེལ་གྱི་ཡིན་ཞེས་རྒྱ་གཞུང་ལ་བརྡ་ལན་སྤྲད་སོང་།ད་དུང་ཕྱི་ལོ་ ༢༠༢༢ ལོར་པེ་ཅིན་ནང་དུ་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་འཆར་ཡོད་སྟབས།   ཁོང་གིས་ Twitter དྲ་གནས་ཐོག་ #Nothingtocelebrate  #CPC100 ཞེས་ལས་འགུལ་གཞན་ཞིག་གནང་གི་ཡོད་པ་དང་འབྲེལ་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྦྲགས།  ཉེ་ལམ་རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་དམར་ཤོག་གི་དགའ་སྟོན་གྱི་བརྗོད་ཚིག་བཀོད་པའི་བརྙན་པར་ཆེན་པོ་ཞིག་བཀལ་ཡོད་པས།  བོད་པའི་བུད་མེད་ཅིག་གིས་ཚོར་ཤུགས་དྲག་པོའི་ཐོག་ནས་ངུ་འབོད་བྱས་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་སྤེལ་ཕྱིན་ཡོད་པ་དང་།  འདི་གས་གསར་འགོད་པས་རིག་འཛིན་ཆོས་སྒྲོན་ལགས་སུ་བོད་ནང་གི་གནས་སྟངས་དེའི་ཁྲོད་གཞིས་བཞུགས་བོད་མི་ཚོར་བརྡ་ལན་ཇི་ཡོད་བཅར་འདྲི་ཞུས་སྐབས།  ཁོང་གིས་ཉེ་ལམ་གནས་ཚུལ་དེ་གཟིགས་མ་ཐག་སེམས་ནང་དངངས་སྐྲག་སྐྱེས་བྱུང་བ་དང་།  ལྷག་པར་བརྙན་ཐུང་དེ་བརྒྱུད་ད་ལྟ་བོད་ནང་གི་གནས་སྟངས་དངོས་དེ་ཕྱིར་མངོན་བྱུང་ཡོད་པ་དང་།  རང་ངོས་ནས་བརྙན་པར་སྐྱོན་མཁན་གྱི་བོད་མི་དེའི་བདེ་འཇགས་ལ་སེམས་འཚབ་བྱུང་སོང་བ་དང་ཆབས་ཅིག  ང་ཚོས་ངོས་ནས་མུ་མཐུད་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་སོང་། གཞི་རྩའི་དེ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་དང་སྦྲགས།  དེ་རིང་ཕྱི་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་གཞུང་གི་བཙན་འོག་ཏུ་སྐུ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་།  དེ་བཞིན་རྡ་རམ་ས་ལ་ས་གནས་གཞོན་ནུའི་གོ་སྒྲིག་འོག་དེ་རིང་དགོང་མོའི་ཕྱག་ཚོད་ ༧ པའི་ཐོག་ངོ་དེབ་ཐད་གཏོང་བརྒྱུད་ཁྲག་དྲི་བྲོ་བའི་གུང་ཁྲན་ཏང་ལོ་ངོ་ ༡༠༠ འཁོར་བ་དང་བོད་ནང་གི་མིག་ཆུའི་གཏམ་བརྒྱུད་ལ་དཔྱད་གླེང་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་རྒྱུ།  དེ་བཞིན་ས་གནས་ཁག་ཅིག་ནང་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་གང་ལྟར་དེ་རིང་གི་དུས་ཚིགས་དེ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་མི་རྣམས་ནས་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་རེད།

མི་མང་ལ་བདེ་སྐྱིད་སྐྲུན་ཐུབ་པ་ཞིག་མ་བྱུང་བར་དུ་ལོ་འཁོར་དུས་སྟོན་ལ་དགའ་སྤྲོའི་འོས་བབ་མེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་ནས་དངོས་ཡོད་ཀྱི་ཞི་བདེ་དང་། མི་མང་ལ་བདེ་སྐྲུན་ཐུབ་པ་ཞིག་མ་བྱུང་བར་དུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་ཡིན་ཞེས་བརྗོད་ཀྱང་ཉིན་མོ་དེར་དགའ་དགའ་སྤྲོ་བྱེད་འོས་པའི་གནས་སྟངས་གང་ཡང་མེད་པ་རེད་ཅེས་གསུངས་སོང་།དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་ཐུགས་འགན་བཞེས་ཏེ་ཟླ་བ་གཅིག་ཙམ་འགྲོ་བཞིན་པ་དང་བསྟུན་དེ་རིང་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་དུ་གསར་འགོད་པ་རྣམས་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་དེ་རིང་རྒྱ་ནག་གཞུང་ནས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ་བརྒྱ་འཁོར་བའི་དུས་ཚིགས་སྲུང་བརྩི་བྱེད་བཞིན་པ་དང་འབྲེལ། གཞུང་སྲིད་སྐྱོང་མཁན་ཞིག་གི་འགན་གཙོ་བོ་དེ་མི་མང་ལ་བདེ་བ་སྐྲུན་རྒྱུ་དེ་ཡིན་ཡང་། རྒྱ་ནག་གཞུང་ནས་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་དང་ཤིན་ཅང་། སོག་པོ།  ཐེ་ཝན་དང་ཧོང་ཀོང་བཅས་ཀྱི་ནང་ལ་ཡོད་པའི་མི་རིགས་ཚོར་བདེ་སྐྱིད་ཞིག་བསྐྲུན་ཐུབ་ཡོད་མེད་དེ་དྲི་བ་ཞིག་ཡིན་པ་མ་ཟད། ད་ཆ་རྒྱ་ནག་གཞུང་ནས་ཕྱིའི་དགྲ་བོ་ལས་ནང་གི་མི་སེར་རྣམས་ལ་དམ་དྲགས་བྱེད་རྒྱུར་འགྲོ་སོང་ཆེ་བ་གཏོང་བཞིན་པ་དེ་ཡིས་རྒྱ་ནང་སྤྱི་དང་བོད་ནང་གི་གནས་སྟངས་ངོ་མ་གང་ཡིན་གསལ་པོ་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་བརྒྱ་འགྲོ་གི་ཡོད་ཟེར་ན་འདྲ། བོད་བཅིངས་གྲོལ་བཏང་བ་ཡིན་ཟེར་བ་དེ་ལོ་བདུན་བཅུ་འཁོར་གྱི་ཡོད་ཅེས་བཤད་ནའང་འདྲ། དོན་ངོ་མའི་ཐོག་བོད་ནང་ལ་བདེ་སྐྱིད་སྐྲུན་ཐུབ་མེད་སྟབས། རྒྱ་ནག་གཞུང་ནས་འཛུགས་སྐྲུན་ཁོ་ན་མི་བཤད་པར་བོད་མིའི་མངོན་འདོད་གང་ཡིན་ཤེས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་པ་དང་ཆབས་ཅིག སྤྱི་ཡོངས་ནས་རྒྱ་ནག་གཞུང་གིས་མི་མང་ལ་བདེ་བ་སྐྲུན་ཐུབ་པ་ཞིག་མ་བྱུང་བར་དུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་ཡིན་ཞེས་པར་འགྲེལ་བརྗོད་བྱས་ཀྱང་ཉིན་མོ་དེར་དགའ་དགའ་སྤྲོ་བྱེད་འོས་པའི་གནས་སྟངས་ཤིག་གང་ཡང་མེད་པ་རེད་ཅེས་གསུངས་སོང་། དེ་བཞིན་སྐབས་དེར་གསར་འགོད་པ་ཁག་ཅིག་ནས་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་ཀྱི་དམ་འབུལ་གནས་སྟངས་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ཐོག་འཛིན་སྐྱོང་ནས་ཐུགས་འགན་ག་རེ་བཞེས་ཡོད་མེད་བཀའ་འདྲི་ཞུས་སོང་བ་དང་། སྲིད་སྐྱོང་མཆོག་ནས། ད་ལྟའི་གནད་དོན་འདིའི་ཐད་ལས་ཀྱི་སྣེ་མོ་བ་དང་མང་ཚོགས་ཡོངས་ནས་མང་གཙོའི་འགྲོ་ལུགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་ང་ཚོའི་ཐུན་མོང་མ་ཡིན་པའི་མང་གཙོའི་འགྲོ་ལུགས་ནང་མང་གཙོའི་ཀ་བ་གསུམ་སོ་སོར་དབང་ཆ་འཆར་འགོད་གནང་ཡོད་སྟབས། འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་དང་། ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ལ་ཐེ་བྱུས་བྱེད་རྒྱུའི་འགན་དང་དབང་ཚད་མེད་སྟབས།  ད་བར་འཛིན་སྐྱོང་བཀའ་ཤག་ནས་གནད་དོན་དེའི་ཐོག་ཐེ་བྱུས་བྱེད་རྒྱུ་མེད་པ་རེད་ཅེས་གསལ་བཤད་གནང་པ་དང་སྦྲགས། གལ་སྲིད་ད་རེས་བདམས་ཐོན་བྱུང་བའི་སྤྱི་འཐུས་ཐུན་མོང་ནས་འཛིན་སྐྱོང་བཀའ་ཤག་གིས་གནད་དོན་འདིའི་ཐོག་ལ་ཐེ་བྱུས་བྱས་ཏེ་དཀའ་ངལ་འདི་སེལ་ཐབས་གནང་དགོས་ཀྱི་འདུག་ཅེས་རེ་འདུན་བཏོན་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་ནས་དྲང་པོ་དྲང་བཞག་ཐོག་ནས་ག་རེ་བྱེད་དགོས་བྱུང་ཡང་བྱེད་རྒྱུའི་འདོད་པ་ཡོད་ཞེས་གསུངས་ཡོད། མ་ཟད་སྲིད་སྐྱོང་མཆོག་ནས་ད་ལྟའི་སྤྱི་འཐུས་དམ་འབུལ་དང་འབྲེལ་བའི་དཀའ་ངལ་ལས་ཕྲོས་ཏེ་བཀའ་ཤག་གསར་པའི་བཀའ་བློན་བསྐོ་བཞག་མ་ཐུབ་པར་ལྷག་ཡོད་པ་ལས། འཛིན་སྐྱོང་བཀའ་ཤག་ད་ལྟའི་དཀའ་རྙོག་འདིའི་ནང་དངོས་སུ་ཚུད་མེད་སྟབས་འཛིན་སྐྱོང་གི་ལས་དོན་ཐོག་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་དེ་འདྲ་འཕྲད་མེད་པ་གསུངས་སོང་། གཞན་ཡང་གསར་འགོད་པ་ཁག་ཅིག་ནས་ཟླ་བ་གཅིག་ཙམ་གྱི་ནང་གནང་པའི་འཛིན་སྐྱོང་བཀའ་ཤག་གི་ལས་དོན་དང་འབྲེལ། ད་བར་ཏོག་སྔོན་ཁབ་རྒྱབ་ཟིན་པའི་གནས་སྟངས་སྐོར་བཀའ་འདྲི་ཞུ་སྐབས། ཕྱི་ནང་གི་རོགས་རམ་མང་དག་ཅིག་ལ་བརྟེན་ནས་ད་ཆ་བོད་མིའི་སྔོན་ཁབ་རྒྱབ་ཟིན་པའི་རྒྱ་ཆ་ ༨༢ ཆགས་ཀྱི་ཡོད་པ་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་ནས་དེ་སྔ་ཡོད་བཞིན་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ལ་བཅོས་སྒྲིག་ཞུས་ཏེ། བོད་རྒྱ་འབྲེལ་མོལ་ལས་དོན་དང་འབྲེལ་བའི་ཐབས་བྱུས་གཏན་འཇགས་ཚོགས་ཆུང་ཞིག་འཛུགས་རྒྱུ་གཏན་འཁེལ་ཟིན་ཡོད་པ་དང་། ཚོགས་ཆུང་དེའི་ཚོགས་མི་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡིན་པ་སོགས་བཀའ་ལན་གནང་སོང་བ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པར་བསྐོ་བཞག་གསལ་བསྒྲགས་གནང་ཡོད།   གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་གསར་འགོད་པ་རྣམས་དང་དྲི་བ་དྲིས་ལན་གྱི་ལས་རིམ་མ་གནང་པའི་གོང་དུ་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་དུ་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་གཞུང་འབྲེལ་དབྱར་གསོལ་སྤྱན་འདྲེན་གཟབ་རྒྱས་ཞུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་མཇལ་དང་སྦྲགས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།

Latest news