Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2021

ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཡོད།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་ནང་ལ་རྒྱ་གར་གྱི་གཞུང་ཚབ་པའི་ཐུགས་འགན་བཞེས་མྱོང་ཡོད་པ་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། སྐབས་དེའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་པ་དེ་རེད་ཅེས་གསུངས་འདུགདེ་ཡང་ཉེ་ཆར་ཕྱེ་ཚེས་ ༢༥ ཉིན་ལྕམ་ Nirupama Rao ལགས་ཀྱིས་ The Fractured Himalaya: India Tibet China 1949-62 ཆག་གྲུམ་ཤོར་བའི་ཧི་མ་ལ་ཡ། རྒྱ་གར། བོད་དང་རྒྱ་ནག ༡༩༤༩ ནས་ ༦༢ ཞེས་འཁོད་པའི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གསར་པ་ཞིག་འདོན་སྤེལ་གནང་ཡོད་པ་དང་། དཔེ་དེབ་དེའི་ནང་དོན་དང་འབྲེལ་བརྒྱུད་ལམ་གྱིས་བཅར་འདྲི་གནང་བའི་ལས་རིམ་ཐོག་ལྕམ་ Nirupama Rao ལགས་ནས། དཔེ་དེབ་དེ་ནི་ད་ཆ་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོ་ལ་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་རྒྱ་གར་དང་བོད། རྒྱ་ནག་བཅས་ཀྱི་རྙོག་འཛིངས་ཅན་གྱི་གནད་དོན་རྣམས་ངོ་སྤྲོད་བྱེད་རྒྱུར་དམིགས་པ་ཞིག་ཡིན་ཞེས་གསུངས་འདུགམ་ཟད་ཁོང་ནས་སྐབས་དེར་རྒྱ་གར་གྱི་སྲིད་བློན་དམ་པ་ Nehru མཆོག་གིས་རྒྱ་ནག་དང་འབྲེལ་བ་འཇོག་སྟངས་ལས་འཕྲོས་ཏེ། དུས་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གཞུང་གི་ལས་བྱེད་ Sumul Sinha ལགས་ནས། རྒྱ་ནག་བོད་ནང་དུ་འཛུལ་སོང་། ཧི་མ་ལ་ཡའི་གནས་བབ་རང་སོར་གནས་མ་སོང་ཞེས་རྒྱ་གར་གཞུང་ལ་བརྡ་ལན་བཏང་ཡོད་པ་དེ་ཡིས་ Nehru མཆོག་གིས་རྒྱ་ནག་བོད་ནང་འཛུལ་བ་དེ་ཡིས་རྒྱ་གར་ལ་ཉེན་ཚབས་དང་གདོང་ལེན་བྱེད་དགོས་པའི་གནས་སྟངས་མི་ཉུང་བ་ཞིག་འཕྲད་ངེས་ཡིན་པ་ཤེས་ཡོད་ཀྱང་། སྐབས་དེར་རྒྱ་གར་གྱིས་རྒྱ་ནག་ཐོག་བཟུང་བའི་སྲིད་བྱུས་གཙོ་བོ་དེ་རྒྱ་ནག་ལ་ཕོག་ཐུགས་མེད་པའི་འབྲེལ་བ་དམ་ཟབ་ཅིག་གི་ཐོག་ནས་རྒྱ་ནག་དང་རྒྱ་གར་གཉིས་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་གཙོ་གྲས་ཤིག་ཏུ་འགྱུར་རྒྱུའི་བསམ་བློ་དེ་ཡིན་པ་དང་། ད་ལྟའི་ཆ་ལ་སྐབས་དེའི་ཐག་གཅོད་ལ་ལྟ་སྐབས་ཐག་གཅོད་དེ་ནི་ནོར་བ་ཙམ་དུ་མ་ཟད། རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བའི་རྩིས་ལོག་ཐེབས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག འོན་ཀྱང་སྐབས་དེའི་རྒྱ་གར་གཞུང་གི་ཐག་གཅོད་དེ་དག་རྐང་རྒྱ་གར་རང་ཉིད་ཀྱི་བདེ་དོན་ཐོག་ལ་བསམ་བློ་བཏང་བ་ཞིག་ཡིན་སྟབས། ད་ལྟའི་དཀའ་རྙོག་ཚང་མ་སྲིད་བློན་དམ་པ་ Nehru མཆོག་ལ་ཁག་དཀྲི་བྱས་པ་ཙམ་གྱིས་དཀའ་ངལ་ཁག་སེལ་མི་ཐུབ་ཅེས་ཞེས་གསུངས་འདུགདེ་བཞིན་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་ཕྱི་ལོ་ ༡༩༥༠ ལོ་ལ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་རྒྱུ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་དང་། དེའི་གོང་ལ་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད་ཀྱང་། ཕྱོགས་གཞན་ཞིག་ནས་སྐབས་དེར་རྒྱལ་ཚོགས་གཙོས་པའི་ཨ་རི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་བོད་འདི་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡང་བྱས་མེད་སྟབས། རྒྱ་གར་གཙོས་པའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་ཐོག་ལ་དགག་པ་བསྐྱོན་མེད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག སྐབས་དེར་རྒྱ་གར་ངོས་ནས་བོད་ལ་དམག་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐུབ་མེད་ནའང་། བོད་མི་ཚོས་རྒྱལ་ཚོགས་ལ་ཞུ་གཏུགས་གནང་པའི་སྐབས་སུ་རྒྱ་གར་གི་ངོས་ནས་རྒྱབ་སྐྱོར་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པ་དེ་ལེན་ཐུབ་མེད་པ་རེད་ཅེས་གསུངས་འདུག གཞན་ཡང་དཔེ་དེབ་དེའི་ནང་ལ་སྐབས་དེའི་རྒྱ་གར་གྱི་འགོ་ཁྲིད་ཚོས་རྒྱ་ནག་ལ་ལྟ་སྟངས་མི་འདྲ་བ་ཇི་བྱུང་སྐོར་དང་འབྲེལ། ཕྱི་ལོ་ ༡༩༤༧ ནས་ ༡༩༥༠ བར་རྒྱ་གར་གྱི་སྲིད་བློན་གཞོན་པའི་ཐུགས་འགན་བཞེས་མཁན་སྐུ་ཞབས་དམ་པ་ Sardar་ Patel མཆོག་ནས་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་དེས་བོད་ཙམ་མ་ཟད་རྒྱ་གར་ལ་ཡང་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་རེད་ཅེས་ཡོངས་གྲགས་སུ་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་ཞིག་ཡིན་ཡང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ཕྱི་ལོ་ ༡༩༥༠ ལོར་དགོངས་པ་རྫོགས་ཏེ་རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བའི་ཐག་གཅོད་མང་དག་ཅིག་ཁོང་མེད་པའི་སྐབས་སུ་བྱེད་དགོས་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། གལ་སྲིད་སྐབས་དེའི་ཐག་གཅོད་ཀྱི་བརྒྱུད་རིམ་སྐབས་སུ་སྐུ་ཞབས་དམ་པ་ Sardar Patel ལགས་ཡོད་པ་ཡིན་ན་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་བཤད་ཚོད་ཁག་པོ་ཡིན་ཡང་། སྐབས་དེའི་སྲིད་བློན་དམ་པ་ Nehru མཆོག་གི་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་རྒྱ་ནག་ལ་ཕོག་ཐུགས་ཙམ་ཡང་མི་བྱེད་རྒྱུའི་སྲིད་བྱུས་འོག བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་བྱས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་ཆ་རྒྱ་དཀར་ནག་དབར་འཕྲད་བཞིན་པའི་ས་མཚམས་སོགས་ཀྱི་དཀའ་རྙོག་དེ་དག་ཀྱང་དེ་སྔ་བོད་ནང་ཡོད་པའི་རྒྱ་གར་གྱི་རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་ཐུབ་ཡོད་མིན་ཐད་རང་བཞིན་གྱིས་འབྲེལ་བ་ཆེན་པོ་ཞིག་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ། སྲིད་བློན་Modi མཆོག་དང་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དངོས་སུ་མཇལ་འཕྲད་སོགས་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་འགོ་འཛུགས་ཡག་པོ་ཞིག་བྱུང་ཡོད་ཀྱང་། ཉེ་ལམ་རྒྱ་ནག་ཕྱོགས་ནས་ལ་དྭགས་ Galwan ཡུལ་གཤོང་དུ་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་བ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་དཀར་ནག་གཉིས་ནས་ཆབ་སྲིད་ཀྱི་ཐབས་ལམ་ཞིག་རྒྱུད་ས་མཚམས་ཀྱི་བདག་དབང་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་ཐབས་བྱེད་དགོས་པ་དང་། ས་མཚམས་དང་འབྲེལ་བའི་དཀའ་རྙོག་དེ་སེལ་མ་ཐུབ་བར་དུ་རྒྱལ་ཁབ་ཕྱོགས་གཉིས་དབར་ལ་དོན་ཕན་ལྡན་པའི་འབྲེལ་ལམ་དང་གྲུབ་འབྲས་ཤིག་ཡོང་རྒྱུ་ཁག་པོ་རེད་ཅེས་གསུངས་འདུག གཞན་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Nirupama Rao ལགས་ཀྱི་དཔེ་དེབ་གསར་པ་ The Fractured Himalaya: India Tibet China 1949-62 ཞེས་པ་དེའི་ནང་ལ་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་དང་། ཕྱོགས་ཕན་ཚུན་དབར་བྱུང་བའི་བཙན་འཛུལ་དང་དམག་གི་དོན་རྐྱེན། དེ་བཞིན་འབྲུག་ཡུལ་སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནས་བབ་སོགས་ཀྱི་སྐོར་འཁོད་ཡོད་པ་རེད་འདུག

རེས་གཟའ་ཕུར་བུ། ༢༠༢༡།༡༡།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་རིང་གི་ཆོས་འབྲེལ་དབུ་འཛུགས། གནད་ཡོད་མི་སྣར་མཇལ་འཕྲད་དང་རྒྱལ་སྤྱིའི་སློབ་ཕྲུག་སྐོར་ཞིག་ལ་བོད་དོན་གསུང་བཤད། རྒྱ་ནག་གིས་སྐད་ཡིག་དང་འབྲེལ་བའི་གཉེན་ཆས་གཉིས་ནས་བོད་སྐད་དང་ཡུ་གུར་སྐད་ཡིག་ནག་གསུབ་བཏང་འདུག ༢༠༢༢ ལོའི་ཟླ་ ༣ ཚེས་ ༢༡ ཉིན་བོད་ཁྱིམ་སློབ་ཁག་ཀྱི་སློབ་དུས་གསར་པ་དབུ་འཛུགས་གནང་འཆར། རྒྱ་ནག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་མཉམ་ཞུགས་མ་བྱས་པར་སྐྱོན་བརྗོད། ༸སྐྱབས་རྗེ་ཁྲིག་རྩེ་རིན་པོ་ཆེར་ལ་དྭགས་ཀྱི་དཔལ་རྔམ་གཟེངས་རྟགས་ཕུལ་བ། Thursday 04/11/2021 Dalai Lama begins two days teaching to Russian devotees Sikyong meets dignitaries, students and Tibet Supporters in Geneva Language app in China emphasizing linguistic diversity deletes Tibetan and Uyghur languages TCV schools to begin new semester in March 2022 Biden slams Xi Jinping for no show at COP26 Leh felicitates Thiksey Khenpo Rinpoche on UT founding day

༸གོང་ས་མཆོག་གིས་སོག་རིགས་དད་ལྡན་ཚོར་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཨ་རུ་སུའི་དད་ལྡན་པ་ཁག་ཅིག་ལ་དྲ་རྒྱའི་བརྒྱུད་ཉིན་གྲངས་གཉིས་རིང་གི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་འབྲེལ། དེ་སྔ་ཨུ་རུ་སུ་དམར་པོའི་གཞུང་འོག་ཉམ་ཆགས་ཕྱིན་པའི་སངས་རྒྱས་ཀྱི་བསྟན་པ་དེ་ད་ཆ་སླར་གསོ་བྱེད་བཞིན་པའི་རྣམ་པ་གསལ་པོ་མངོན་རྒྱུ་ཡོད་སྟབས་མུ་མཐུད་སློབ་གཉེར་གནང་གལ་ཡིན་པའི་ལམ་སྟོན་བཀའ་སློབ་སྩལ་སོང་།ཨུ་རུ་སུ་ནང་པའི་རྗེས་འཇུག་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་ཉིན་གྲངས་གཉིས་རིང་བསྩལ་རྒྱུའི་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་། སྐབས་དེར་མགོན་པོ་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་ཡོད། གང་ལྟར་དངོས་ཡོད་གནས་ཚུལ་ལ་རྒྱ་གར་བྱང་རྒྱུད་ལ་ནཱ་ལེནྡྲ་ཤུགས་ཆེན་པོ་དར་བ་དང་། དེ་ནས་ཡར་བོད་དུ་སླེབས། བོད་ནས་ཕྱི་སོག་དང་ནང་སོག བྷུ་རི་ཡཏ་སོགས་ཡུལ་གྲུ་ཁག་མང་པོ་ཞིག་ལ་བོད་ནས་མར་སངས་རྒྱས་པའི་ཆོས་དར་རྗེས་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་པ་དེ་གོ་བ་ལེན་གྱི་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་ཆུང་སྐབས་སོག་པོའི་དགེ་བཤེས་དང་མཁས་པ་མང་པོ་མཇལ་མྱོང་ཡོད་པར་མ་ཟད་མགོན་པོ་མཆོག་ལ་ཆ་མཚོན་ན་ཆུང་ཆུང་སྐབས་གཞུང་སྤྱི་དང་ལྷག་པར་རྟགས་གསལ་གཏོང་སྟངས་བསླབ་མཁན་དངོས་གྲུབ་ཚོགས་ཉིད་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་ཡོད།སྔར་སངས་རྒྱས་ཀྱི་བསྟན་པ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པ་འདི་ཆེན་པོ་ཧོར་གྱི་ཡུལ་དུ་ཧ་ལས་པ་དར་ཁྱབ་ཆེན་པོ་ཆགས་ཏེ་བསྐྱར་དུ་བོད་ནང་སོག་པོའི་དཔེ་ཆ་མང་པོ་ཞིག་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བཤད་སྒྲུབ་ཟུང་སྦྲེལ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་དང་། ཕྱིས་སུ་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་གནས་སྟངས་ཉམ་ཐག་པོ་གྱུར་ཡོད་ཀྱང་། བྱེས་ཀྱི་གནད་ས་ཁག་ཏུ་དེ་རིང་ཁ་སང་སོག་པོའི་གྲྭ་རྒྱུན་ཁ་ཤས་ཡོད་པར་མ་ཟད། བར་སྐབས་ཤིག་ནས་སོག་པོའི་གྲྭ་རྒྱུན་ནང་གང་འཚམ་ཞིག་རྒྱ་གར་དུ་འབྱོར་ཏེ་སྒོ་མང་ལ་སོག་པོའི་གྲྭ་རྒྱུན་འགའ་ཤས་ཡོད་པ་ལྟར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་བཅས། སྤྱི་ཡོངས་ནས་བཤད་ན། ནང་པ་སངས་རྒྱས་ཀྱི་ཆོས་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་བོད་སོག་གཉིས་ཀྱིས་མི་ཉམས་རྒྱུ་འཛིན་གནང་བཞིན་ཡོད་པར་ངོས་འཛིན་གནང་ཆོག་པར་བཀའ་སྩལ་ཡོད།ད་རེས་ཨུ་རུ་སུའི་ཆོས་གྲོགས་ཚོ་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་ལྷག་པར་བོད་མི་རྣམས་ཀྱིས་བཙན་བྱོལ་དུ་འབྱོར་བའི་རྗེས་སུ་གཞུང་ཆེན་སློབ་གཉེར་གནང་རྒྱུ་ཐོག་དམིགས་བསལ་འབད་བརྩོན་གནང་བཞིན་ཡོད་པ་དང་འབྲེལ། དེང་སྐབས་སོག་པོའི་གྲྭ་རྒྱུན་རྣམས་ནས་ཀྱང་ནང་ཆོས་ལ་བསླབ་པ་སློབ་གཉེར་འབད་བཞིན་པ་དེ་དག་ལས་དེ་སྔ་ཨུ་རུ་སུ་དམར་པོའི་གཞུང་འོག་ཉམ་ཆགས་ཕྱིན་པའི་སངས་རྒྱས་ཀྱི་བསྟན་པ་དེ་ད་ཆ་སླར་གསོ་བྱེད་བཞིན་པའི་རྣམ་པ་གསལ་པོ་མངོན་རྒྱུ་ཡོད་པར་གཟིགས་སྐབས་མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འབྲེལ་ཏེ་ལྷག་པར་དུ་མུ་མཐུད་སློབ་གཉེར་གནང་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་ང་ཚོའི་རིག་པས་དཔྱད་པ་གནང་རྒྱུ་གཙོ་བོ་འཛིན་པའི་ཐོག་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་བཞིན་ཡོད་པ་ལྟར། བོད་བརྒྱུད་ནང་བསྟན་ལ་བསླབ་པ་སློབ་གཉེར་གནང་བཞིན་པའི་ཨ་རུ་སུའི་ཆེན་པོ་ཧོར་གྱི་ཡུལ་གྱི་སྡེ་ཁག་རྣམས་ལ་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་རྒྱུ་ཡོད་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གནང་རྒྱུའི་གོ་སྐབས་ཡོད་པ་ལྟར་འཛམ་གླིང་ཐོག་ངོམས་སུ་ཆོག་པའི་སངས་རྒྱས་ཀྱི་བསྟན་པ་དེ་མུ་མཐུད་སླར་གསོ་གནང་བར་འབད་བརྩོན་གནང་མུས་ཁྲོད་སློབ་གཉེར་ལ་ཤུགས་སྣོན་རྒྱག་དགོས་པར་ལམ་སྟོན་མཛད་ཡོད།རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་རྣམས་ལ་བཀའ་ཆོས་དབུ་འཛུགས་བསྐྱངས་ནས་ད་བར་ལོ་ ༡༣ ཕྱིན་ཡོད་པ་དང་། དེའི་ཁྲོད་༸གོང་ས་མཆོག་གིས་སོག་རིགས་དད་ལྡན་རྣམས་ལ་བཞུགས་སྒར་དྷརྨ་ཤ་ལ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི། དེ་བཞིན་ Latvia ཡི་ Riga གྲོང་ཁྱེར་བཅས་སུ་བཀའ་ཆོས་སྩལ་མྱོང་ཡོད་པ་རེད། སྔ་ལོར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་པ་ནས་བཟུང་ཨུ་རུ་སུའི་རྗེས་འཇུག་རྣམས་ལ་དྲ་ཐོག་བརྒྱུད་བཀའ་ཆོས་སྩལ་བ་ཐེངས་གཉིས་པ་དེ་ཆགས་ཡོད། དེ་སྔ་༸གོང་ས་མཆོག་གིས་ནང་པའི་དཔེ་ཆ་རྣམས་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་བསྒྱུར་གནང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན་ལྟར་མདོ་སྡེ་རྒྱན་དང་ཆོས་དབྱིངས་རྣམ་འབྱེད། དེ་བཞིན་དབུས་མཐའ་རྣམ་འབྱེད་བཅས་ཕྱག་དཔེ་ཁག་ཅིག་ཡིག་བསྒྱུར་གནང་སྟེ་ཟླ་ཤས་སྔོན་ལ་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་རེད།

གནད་ཡོད་མི་སྣར་མཇལ་འཕྲད་དང་རྒྱལ་སྤྱིའི་སློབ་ཕྲུག་སྐོར་ཞིག་ལ་བོད་དོན་གསུང་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡོ་རོབ་སུད་རྒྱལ་ཁབ་ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན་ས་གནས་སུ་ཡོད་པའི་རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་དང་སློབ་ཕྲུག་སྐོར་ཞིག་ལ་བོད་དོན་གསུང་བཤད་གནང་འདུགཁ་སང་ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་གིས་སུད་སི་གི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དང་ཨ་རིའི་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་སྐུ་ཞབས་ Benjamin W. Moeling ལགས་སོགས་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ནས་བོད་དོན་སྙན་སེང་ཞུས་འདུགསྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Michael Van Walt Van Praag ལགས་དང་ལྷན་དུ་ཇི་ནི་ཝའི་ Graduate Institute ཞེས་པའི་ཤེས་ཡོན་ཡོན་ལྟེ་གནས་ཁང་དུ་དུས་རབས་ཉེར་གཅིག་པའི་ནང་གི་ཕྱི་འབྲེལ་ལས་དོན། བོད་ཀྱི་ཆབ་སྲིད་དང་ཁྲིམས་ཐོག་གི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་སོགས་ངོ་སྤྲོད་གནང་སྟེ་སློབ་མ་རྣམ་པའི་བཀའ་འདྲིར་ལན་འདེབས་གསལ་བཤད་གནང་ཡོད་པ་རེད། སྐུ་ཞབས་ Michael ལགས་ཀྱིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ལ་བདག་དབང་ཡོད་སྐོར་བཤད་བཞིན་པ་དེ་དག་གཞི་རྩ་གང་ཡང་མེད་སྐོར་སོགས་གསུངས་ཡོད།གསུང་བཤད་ཀྱི་ལས་རིམ་དེ་ནི་ Graduate Institute ཞེས་པའི་ཤེས་ཡོན་ཡོན་ལྟེ་གནས་ཁང་གི་ཨེ་ཤ་ཡ་སློབ་ཕྲུག་རང་འགུལ་ཚོགས་པས་གོ་སྒྲིག་ཞུས་པ་དང་ལས་རིམ་ཁག་གྲུབ་ནས་ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཁུལ་དེར་ཡོད་པའི་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྟེ་མ་འོངས་ལས་དོན་གནང་ཕྱོགས་དང་འཆར་གཞི་ཇི་ཡོད་སོགས་ཀྱི་ཐོག་གྲོས་བསྡུར་དང་སྦྲགས་ཚོགས་མི་རྣམ་པའི་བཀའ་འདྲིར་ལན་འདེབས་གསལ་བཤད་གནང་ཡོད།གཞི་རྩའི་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་ཨི་ཝ་ལི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་ཁུལ་དེར་ཐེངས་དང་པོ་ཚོགས་པའི་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་ཚོགས་འདུར་ལྷན་ཞུགས་གནང་སྟེ་རྒྱ་ནག་ནི་གོ་ལའི་འགོ་ཁྲིད་ཅིག་ཆགས་འདོད་ཚེ་ནོར་འཁྲུལ་ཅན་གྱི་དྲག་པོའི་སྲིད་བྱུས་སྤེལ་མཚམས་བཞག་ནས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གོ་ངོས་ནས་ཡིད་ཆེས་འཕེལ་བ་ཞིག་བྱེད་དགོས་པ་སོགས་ཀྱི་གསུང་བཤད་གནང་བར་མ་ཟད་ས་གནས་ཀྱི་གནད་ཡོད་མི་སྣ་དང་བོད་མི་བཅས་ཐུག་འཕྲད་གནང་ཡོད།སྲིད་སྐྱོང་མཆོག་ད་ཆ་སུད་སིད་ཀྱི་གྲོང་ཁྱེར་ཇི་ནི་ཝ་ནང་ཚོགས་པའི་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་པ་དང་གནད་ཡོད་མི་སྣར་མཇལ་འཕྲད་སོགས་ཀྱི་མཛད་རིམ་ཁག་ལེགས་འགྲུབ་དང་བསྟུན་དེ་རིང་ཕྱི་ཚེས་ ༤ ཉིན་སུད་སི་རྒྱལ་ས་ Bern དུ་ཕེབས་ཐོན་གྱིས་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་དང་གསུང་བཤད་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་ ༦ ཉིན་སུད་སི་ཀྱི་གྲོང་ཁྱེར་ Zürich ནང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་དང་མཇལ་འཕྲད་གནང་རྒྱུ་ཙམ་མ་ཟད། ས་གནས་སུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོ་ལ་ཟུར་དུ་གསུང་བཤད་དང་བཀའ་འདྲི་ཞུ་རྒྱུའི་མཛད་རིམ་ཞིག་ཀྱང་གཏན་འཁེལ་ཡོད་པ་བཅས་སོ།

རྒྱ་ནག་གིས་སྐད་ཡིག་དང་འབྲེལ་བའི་གཉེན་ཆས་གཉིས་ནས་བོད་སྐད་དང་ཡུ་གུར་སྐད་ཡིག་ནག་གསུབ་བཏང་འདུག

རྒྱ་ནག་གཞུང་གིས་བོད་མི་རིགས་གཙོས་པའི་ཡུལ་དེའི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་ཆུང་དུས་ནས་རང་གི་ཕ་སྐད་ཀྱི་ཚབ་ཏུ་རྒྱའི་སྐད་ཡིག་སློབ་ཁྲིད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་བཞིན་པ་མ་ཟད། ལྷག་པར་འདི་ལོའི་ཟླ་བ་བརྒྱད་པ་ནས་བཟུང་བོད་ཁུལ་གྱི་སྒེར་གཉེར་གྱི་སློབ་གྲ་ཁག་ཅིག་སྒོ་རྒྱག་ཏུ་བཅུག་སྟེ་སློབ་ཁུལ་དེའི་སློབ་མ་རྣམས་རྒྱ་ནག་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ཏུ་ཆེད་གཏོང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད། ད་ཆ་རྒྱ་ནག་ནང་གི་མཉེན་ཆས་རིགས་ཤིག་གི་ནང་དུ་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་བཀག་སྡོམ་བྱས་འདུགདེ་ཡང་ཨ་རིར་རྟེན་གཞི་བྱས་པའི་ china digital times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཟླ་བ་འདིའི་ཚེས་གཅིག་ནས་བཟུང་། རྒྱ་ནག་ནང་དུ་བཀོལ་སྤྱོད་ཆེ་བའི་སྐད་ཡིག་དང་འབྲེལ་བའི་དེང་དུས་འཕྲུལ་ལས་ཀྱི་མཉེན་ཆས་Talkmate དང་ Bilibili ཞེས་པ་གཉིས་ཀྱི་ནང་ནས་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཡོད་ཀྱང་། རྒྱ་ཡིག་གི་མཚོན་པའི་ཕྱི་རྒྱལ་གྱི་སྐད་ཡིག་ཕལ་ཆེ་བ་བཀོལ་སྤྱོད་ཐུབ་ཀྱི་ཡོད་བཟོས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཡུལ་དེའི་མི་རིགས་སྣ་འཛོམས་རང་བཞིན་གྱི་གནས་བབ་ལ་སིམ་འཛུལ་གྱིས་མཁྲེགས་འཛིན་གྱི་ལངས་ཕྱོགས་འཛིན་བཞིན་པ་གསལ་བོར་མངོན་ཡོད་པར་བསྒྲགས་འདུག གནས་ཚུལ་ནང་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན། Talkmate གཉེན་ཆས་ལས་ཁང་གིས་རྒྱ་ནག་ནང་གི་རྒྱུགས་ཆེ་བའི་Weibo ཞེས་པའི་སྤྱི་ཚོགས་དྲ་རྒྱའི་ཐོག    རྒྱ་ནག་དབུས་གཞུང་གི་སྲིད་བྱུས་ཀྱི་འོག་ནས། དེ་གའི་གཉེན་ཆས་ལས་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་གཉིས་དུས་ཡུན་ངེས་མེད་ལ་བཀག་སྡོམ་བྱས་ཡོད་སྐོར་གསལ་བསྒྲགས་བྱས་པ་དང་། རེས་གཟའ་ཟླ་བ་ཉིན་གསལ་སྒྲགས་དེའང་Weibo དྲ་རྒྱའི་ཐོག་མི་མངོན་པར་གྱུར་བ་མ་ཟད། Bilibili མཉེན་ཆས་ཐོག་བོད་ཡིག་དང་ཡུ་གུར་ཁ་ཆེའི་སྐད་ཡིག་གིས་མཆན་བྲིས་ན།  རྒྱ་ཡིག་གི་ལམ་ནས་མཆན་འདེབས་དེར་ཚོར་རྣོ་བའི་གནས་ཚུལ་ཡོད་པར་བརྗོད་ཡོད་པའི་ལན་འདེབས་ཤིག་ཤར་ཏེ་སྐད་ཡིག་དེ་གཉིས་བཀོལ་སྤྱོད་མི་ཐུབ་པ་བཟོས་ཡོད་པར་བརྗོད་འདུགགཞི་རྩའི་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བསྲེས་སྦྱོར་གྱི་སྲིད་བྱུས་སྔར་ལྷག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ནས། འདི་ལོའི་ཟླ་བ་དང་པོའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཆོགས་ཆེན་གྱི་ཁྲིམས་བཟོའི་ལས་དོན་ཚོགས་ཆུང་གི་གཙོ་འཛིན། Shen Chunyao གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་དུ་གྲངས་ཉུང་མི་རིགས་རྣམས་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་ཡར་རྒྱས་གོང་འཕེལ་གཏོང་བའི་རང་དབང་ཡོད་པ་གསལ་བར་ལྟོས་མེད་ཀྱིས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གྲྭ་སོ་སོའི་འཛིན་ཁང་དུ་བཀོལ་སྤྱོད་བྱས་པ་ཡིན་ན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་རྒྱལ་ཡོངས་མི་རིགས་ལས་དོན་ལྷན་ཚོགས་ཀྱིས་བྱིས་པའི་སློབ་གསོ་གོང་སྤེལ་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་པ་རྣམས་ཀྱི་སྐད་ཡིག་ཐོབ་ཐང་གི་ཚབ་ཏུ། རྒྱ་ནག་གི་སྤྱི་སྐད་གཙོར་འཛིན་བྱེད་དགོས་བར་བཟོས་ཡོད་པ་རེད། China digital times གསར་ཁང་གིས་བོད་ཁུལ་དུ་རྒྱ་ནག་གིས་སྐད་གཉིས་སློབ་གསོ་ཞེས་པ་ལག་བསྟར་གྱིས་བོད་སྐད་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་གཙོར་འཛིན་བྱེད་བཞིན་པ་མ་ཟད།  སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་རང་བཞིན་གྱི་སྒོ་བྱང་དང་ལས་རྟགས་འདྲ་མིན་གྱི་སྟེང་དུ་ཡང་དང་པོ་རྒྱ་ཡིག་འབྲི་རུ་བཅུག་སྟེ་བོད་ཀྱི་སྐད་ཡིག་རྒྱ་ཡིག་གི་འོག་ཏུ་འབྲི་དགོས་བའི་སྲིད་བྱུས་སྤེལ་བཞིན་པ་དེ་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེམས་འཚབ་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་པར་བསྒྲགས་པ་མ་ཟད། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱང་རྒྱ་ནག་གིས་ལོ་ལྔའི་བཙོན་འཇུག་བྱས་ཏེ་ད་ཆ་ཀློད་གྲོལ་ཐོབ་ཡོད་ནའང་རྒྱ་ནག་གི་ལྟ་ཞིབ་ཀྱི་འོག་གནས་ཡོད་པ་སོགས་ཀྱི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུགད་ཆ་རྒྱ་ནག་གིས་ཆབ་སྲིད་ཀྱི་མཁའ་དབུགས་གསར་བའི་ཁྲོད་དུ། རྒྱ་ནག་གིས་ཞིན་ཅང་ནང་དུ་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཏེ། བཙན་དབང་གིས་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་པ་དང་། དེའི་ནང་ཡུ་གུར་རྩོམ་པ་པོ་མང་པོ་དང་ལོ་ཙཱ་བ། དེ་བཞིན་སྙན་ངག་པ་མང་པོ་ཞིག་ཚུད་ཡོད་པའི་ཁོངས་ནས་འགའ་ཞིག་བཀག་སྐྱིལ་ཁང་དུ་ཚེ་སྲོག་ཤོར་ཡོད་པར་མ་ཟད། ། ཡུ་གུར་ཁ་ཆེ་བྱིས་པ་གྲངས་འབུམ་ལྔ་ལྷག་རྒྱ་ནག་གི་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ཏུ་བཏང་ནས། ཡུ་གུར་གྱི་སྐད་ཡིག་སློབ་ཁྲིད་བྱེད་མཚམས་འཇོག་ཏུ་བཅུག་ཡོད་པ་དང་། དེ་བཞིན་ནང་སོག་གི་ནང་དུའང་སོག་ཡིག་རྩ་གཏོར་གྱིས་རྒྱ་སྐད་ཡིག་བཙན་ཁྲིད་བྱེད་བཞིན་པའི་ཁྲོད། མ་མཐའ་ཡང་སོག་རིགས་མི་མང་ ༢༣ ལྷག་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པར་བསྒྲགས་འདུག

༢༠༢༢ ལོའི་ཟླ་ ༣ ཚེས་ ༢༡ ཉིན་བོད་ཁྱིམ་སློབ་ཁག་གི་སློབ་དུས་གསར་པ་དབུ་འཛུགས་གནང་རྒྱུ།

བོད་ཕྲུག་ཁྱིམ་སྡེའི་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་འཛིན་རིམ་གསུམ་པ་ནས་བརྒྱད་པ་དང་། དགུ་པ་དང་བཅིུག་བཅས་ཀྱི་དུས་ཚིགས་གཉིས་པའི་ཡིག་རྒྱུགས་གནང་རྒྱུའི་དུས་ཚིགས་དང་། དགེ་སློབ་རྣམས་ཀྱི་གུང་སེང་དུས་ཚིགས། དེ་བཞིན་སང་ལོ་སློབ་དུས་གསར་པའི་དུས་ཚིགས་སོགས་ཀྱི་ཟླ་དུས་ཚེས་གྲངས་ཁག་ཅིག་གཏན་འབེབས་ཀྱིས་གསལ་བསྒྲགས་གནང་འདུགཉེ་བའི་ལོ་ཤས་ནས་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ ༡༩ རྐྱེན་པས་བོད་ཕྲུག་ཁྱིམ་སྡེ་གཙོས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་རྒྱུན་ལྡན་ལྟར་འཛིན་གྲྭ་དངོས་སུ་ཚོགས་ཐུབ་མེད་པ་དང་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་སླད་རྒྱ་གར་དབུས་ས་གཉིས་ཀྱི་ལམ་སྟོན་ལྟར་དྲྭ་ཐོག་ནས་སློབ་ཁྲིད་གནང་ཡོད་པར་མ་ཟད་ནད་ཡམས་ཀྱི་གནས་སྟངས་བཟང་དུ་ཕྱིན་སྐབས་སུ་སློབ་ཕྲུག་རྒན་པ་རྣམས་སློབ་གྲྭར་ཆེད་སྐོང་གིས་འཛིན་གྲྭ་ཚོགས་པ་དང་། སློབ་མ་གཞན་རྣམས་མུ་མཐུད་དྲྭ་ཐོག་ནས་སློབ་ཁྲིད་གནང་བཞིན་པའི་གནས་སྟངས་རིམ་པར་བྱུང་བའི་ཁྲོད་འདིར་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་སྡེ་ཁག་འཆར་ལོ་ ༢༠༢༢ ལོའི་ཟླ་ ༣ ཚེས་ ༢༡ ཉིན་བོད་ཁྱིམ་སློབ་ཁག་ཀྱི་སློབ་དུས་གསར་པ་དབུ་འཛུགས་གནང་དང་སླར་འཛིན་གྲྭ་དངོས་སུ་འཚོགས་རེད་འདུགགསལ་བསྒྲགས་དེའི་ནང་ཕྱི་ཟླ་ ༡༢ ཚེས་ ༢༧ ནས་ཕྱི་ཟླ་ ༡ ཚེས་ ༡ བར་དུ་སློབ་ཁག་སོ་སོའི་འཛིན་རིམ་གསུམ་པ་ནས་བརྒྱད་པ་དང་། དགུ་པ། བཅིུག་བཅས་ཀྱི་དུས་ཚིགས་གཉིས་པའི་ཡིག་རྒྱུགས་གནང་རྒྱུའི་དུས་ཚིགས་གསལ་བསྒྲགས་སྤེལ་བ་དང་སྦྲགས། སློབ་ཁག་ལ་སྤྱི་སྙོམས་ཀྱི་དྲི་ཤོག་གོ་སྒྲིག་གནང་མི་དགོས་པར་སློབ་གྲྭ་སོ་སོའི་ངོས་ནས་དྲི་ཤིག་གོ་སྒྲིག་གནང་འཐུས་དང་། དྲི་ཤོག་གོ་སྒྲིག་གནང་ཕྱོགས་དང་སློབ་ཚན་སོ་སོའི་བང་རིམ་དེ་བཞིན་ཡིག་རྒྱུགས་གནང་ཕྱོགས་སོགས་ཀྱི་ཐོག་ཕྱི་ལོ་ ༢༠༢༠ ལོའི་ EDC འམ་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་ལྷན་ཚོགས་ཐེངས་ ༣༥ པའི་ཚོགས་ཆེན་གྱི་གྲོས་ཆོད་ལྟར་ཕྱག་བསྟར་གནང་དགོས་པར་ལམ་སྟོན་གནང་འདུག་པ་དང་། འཛིན་རིམ་བཅུ་པ་དང་བཅིུས་གཉིས་ཀྱི་སློབ་མ་རྣམས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་བཀོད་ཁྱབ་ལམ་སྟོན་ལྟར་གནང་དགོས་པའི་གསལ་བསྒྲགས་གནང་ཡོད།དེ་བཞིན་ཕྱི་ཟླ་ ༡ ཚེས་ ༣ ཉིན་སློབ་ཕྲུག་རྣམས་དགུན་ཁའི་གུང་སེང་ལ་ཕེབས་རྒྱུ་དང་ཕྱི་ཚེས་ ༩ ཉིན་ལས་བྱེད་པ་རྣམས་དགུན་ཁའི་གུང་སེང་ལ་ཕེབས་རྒྱུ་ལས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ལ་གྲ་སྒྲིག་གནང་ཕྱིར་སློབ་གྲྭར་བཞུགས་དགོས་པའི་གསལ་བསྒྲགས་ཀྱང་གནང་འདུགསློབ་དུས་གསར་པ་དབུ་འཛུགས་གནང་སྟངས་དང་འབྲེལ་ནས་སློབ་སྡེ་ཁག་གི་ལས་བྱེད་པ་རྣམས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༨ ཉིན་སློབ་གྲྭར་འབྱོར་དགོས་པ་དང་སློབ་ཕྲུག་རྣམས་ཟླ་ ༣ ཚེས་ ༡༡ ཉིན་སློབ་གྲྭ་འབྱོར་དགོས་ཀྱི་འདུག སློབ་ཕྲུག་རྣམས་ཕྱི་ཚེས་ ༡༡ ཉིན་སློབ་གྲྭར་འབྱོར་བའི་རྗེས་སུ་ཚེས་ ༢༠ བར་དུ་ཟུར་བཀག་ལ་བཞུགས་དགོས་པ། ཕྱི་ཚེས་ ༢༡ ཉིན་སློབ་དུས་གསར་པའི་དབུ་འབྱེད་མཛད་སྒོ་གནང་རྒྱུ་ཡིན་པ་རེད།

རེས་གཟའ་ལྷག་པ། ༢༠༢༡།༡༡།༠༣

ཉན་པ།: Listen ཕབ་ལེན། Download བོད་རིགས་ཨ་རི་བ་སྐུ་ཞབས་ Aftab Pureval ལགས་ཨ་རིའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས། འབོད་སྐུལ་དོན་ཚན་བཅོ་ལྔ་གཏན་འབེབས་ཐོག་ཇེ་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་པ་མཇུག་སྒྲིལ། ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་དང་འབྲེལ་རྒྱ་ནག་གིས་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་པར་སྐྱོན་་བརྗོད། བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་ Riki ལགས་དགོངས་པ་རྫོགས་པར་ཐུགས་གསོ། རྒྱ་གཞུང་གི་དམ་དྲག་ཁྲོད་Yahoo ཚོང་ལས་ཁང་རྒྱ་ནག་ནས་ཕྱིར་འཐེན་བྱས་པ། ༸གོང་ས་མཆོག་གི་བཀའ་སློབ་ལེ་ཚན། བོད་རིགས་ན་གཞོན་ཚོས་བོད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་རྒྱུན་འཛིན་བྱེད་དགོས་གལ་སྐོར། Wednesday 03/11/2021 Indian-Tibetan descent Aftab Purewal wins Cincinnati Mayor’s race Geneva Forum 2021 concludes with a declaration, makes 15-point appeal China accused of blocking media access to Winter Olympics Sikyong condoles demise of long time Tibet supporter Fredrick R Hyde-Chambers Yahoo pulls out of China, citing ‘challenging’ environment FEATURE: HHDL’s speech to youth on Tibetan moral values

འབོད་སྐུལ་དོན་ཚན་ ༡༥ གཏན་འབེབས་ཐོག་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་པ་མཇུག་སྒྲིལ།

རྒྱ་ནག་གཞུང་གིས་བོད་མི་དང་ཤིན་ཅང་མང་ཚོགས་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པར་མ་ཟད་ཧོང་ཀོང་རང་སྐྱོང་གི་གནས་བབས་དང་འབྲེལ་བའི་གྲོས་མཐུན་གྱི་རྩ་འཛིན་ཁག་ལ་གུས་བརྩི་ཞུ་དགོས་པ་སོགས་རྒྱ་ནག་གཞུང་ནས་འཕྲལ་དུ་ལག་བསྟར་དགོས་པའི་འབོད་སྐུལ་དོན་ཚན་དྲུག་དང་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་ལག་བསྟར་དགོས་པའི་འབོད་སྐུལ་དོན་ཚན་དགུ་བཅས་གཏན་འབེབས་ཀྱིས་ཡོངས་གྲགས་གནང་བ་དང་སྦྲགས་ནས་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་པ་མཇུག་སྒྲིལ་གནང་ཡོད།ཁ་སང་སུད་སིད་ཀྱི་གྲོང་ཁྱེར་ཇི་ནི་ཝ་ནང་དུ་འཚོགས་བཞིན་པའི་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་པའི་ཚོགས་དུས་མཐའ་མའི་ཐོག་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Michael Van Walt Van Praag ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Kai Muller ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་ཐོག་ཐེངས་འདིའི་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་པའི་གྲོས་ཆོད་དང་གྲུབ་དོན་ཁག་གཏན་འབེབས་གནང་སོང་བ་དང་དེའི་ནང་ཚོགས་བཅར་བ་ཐུན་མོང་གིས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་རྒྱ་ནག་རྒྱལ་ནང་ཙམ་མིན་པར་དེའི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་ཏུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ལ་སེམས་ཚབས་ཆེན་པོ་ཡོད་པར་མ་ཟད། ལྷག་པར་དུ་བོད་དང་ཤིན་ཅང་། ལྷོ་སོག་བཅས་ཀྱི་ནང་ལ་མི་སེར་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནི་ངོས་ལེན་གནང་ཐབས་མེད་པའི་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཡིན་པར་འགྲེལ་བརྗོད་གནང་འདུགརྒྱ་ནག་གཞུང་གིས་ད་བར་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་ཡར་ལན་གང་ཡང་བྱེད་ཀྱི་མེད་པ་དང་། བོད་དང་ཤིན་ཅང་སོགས་ཀྱི་ནང་ལ་གནོད་ཚབས་ཆེ་བའི་ཁོར་ཡུག་གི་སྲིད་ལག་བསྟར་བྱས་པར་མ་ཟད། ཤིང་ཅང་དང་བོད་ཀྱི་ནང་ལ་ད་དུང་ངལ་རྩོལ་གྱི་ལས་རིགས་རྒྱ་སྐྱེད་བཏང་བ་དང་དབུལ་ཕུངས་ངལ་སེལ་གྱི་སྲིད་བྱུས་འོག་འབྲོག་པ་གཙོས་མི་སེར་མང་པོ་བཙན་དབང་གིས་གནས་སྤོ་བྱས་པ་སོགས་ཐེར་འདོན་དང་སྦྲགས་ཏེ་རྒྱ་གཞུང་ནས་འཕྲལ་དུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་རིག་གཞུང་ཚན་པའི་རྩ་འཛིན་ནང་གསལ་བའི་འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་གྱི་རང་དབང་ཁག་ལ་བརྩི་སྲུང་བྱས་ན་ས་མི་སེར་རྩ་མེད་གཏང་རྒྱུའི་སྲིད་བྱུས་དང་དྲག་གནོན་ཅན་གྱི་བྱ་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པར་བསྐྱར་ནན་གྱིས་གསུངས་ཡོད།དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གང་ཡིན་གསལ་པོ་བཟོ་དགོས་པ་དང་རིན་པོ་མཆོག་གི་གཞི་རྩའི་རང་དབང་ཁག་ལ་བརྩི་སྲུང་དང་བོད་མི་དང་ཤིན་ཅང་མང་ཚོགས་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པར་མ་ཟད། ཧོང་ཀོང་རང་སྐྱོང་གི་གནས་བབས་དང་འབྲེལ་བའི་གྲོས་མཐུན་གྱི་རྩ་འཛིན་ཁག་ལ་གུས་བརྩི་ཞུ་དགོས་པ་གསུངས་འདུག ཚོགས་བཅར་བ་ཐུན་མོང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་སྔ་ལོར་རྒྱལ་ཚོགས་ཀྱི་མཁས་ལས་པ་ཁག་ཅིག་གིས་བོད་དང་ཡུ་གུར་ནང་གི་གནས་སྟངས་ཛ་དྲག་ཡིན་པའི་བསྒྲགས་གཏམ་སྤེལ་བ་དེར་མཇུག་སྐྱོང་གནང་དགོས་པ་དང་། རྒྱ་ཚོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་རིག་གཞུང་ཚན་པའི་ངོས་ནས་རྒྱ་ནག་གི་གནད་དོན་ཐོག་བསྐྱར་ཞིབ་གནང་སྐབས་རྒྱ་ནག་གཞུང་ལ་དྲག་པོའི་སྲིད་བྱུས་རྣམས་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲོད་དགོས་པ། རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པས་ཀྱང་རྒྱ་ནག་གི་ལག་བསྟར་བྱེད་བཞིན་པའི་ཁོར་ཡུག་གི་སྲིད་བྱུས་ཁག་ཕྱི་གསལ་ནང་གསལ་བྱེད་དགོས་པར་གནོན་ཤུགས་སྤྲོད་དགོས་པར་མ་ཟད། རྒྱལ་སྤྱིའི་མང་ཚོགས་ཚོས་ཀྱང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ངལ་རྩོལ་གྱི་སྲིད་བྱུས་ལ་འདྲི་རྩད་ནན་པོ་གནང་དགོས་པ་སོགས་གསུངས་ཡོད།རྒྱལ་སྤྱིའི་གཞུང་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལྷན་དུ་གྲོས་མོལ་གནང་སྟེ་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར་དུ་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་གསལ་བའི་གཞུང་འབྲེལ་གྱི་ཡིག་ཆ་ཁག་ལ་བསྐྱར་བཅོས་གནང་དགོས་པར་མ་ཟད་རྒྱ་ནག་གཞུང་གི་བྱེད་བབ་ལ་ངོ་རྒོལ་མཚོན་ཆེད་ལོ་རྗེས་མར་རྒྱ་ནག་ལ་འཚོགས་གཏན་འཁེལ་བའི་ཨ་ལམ་པིག་རྩེད་འགྲན་ནང་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་མ་གཏང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།ལྷན་ཚོགས་ཀྱི་ཉིན་མཐའ་མིའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱི་གཙོ་སྐྱོང་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐུ་ཞབས་སྐལ་བཟང་རྒྱལ་མཚན་ལགས་དང་ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ André Gattolin ལགས། རྒྱལ་སྤྱིའི་ Sinopsis ཚོགས་པའི་འགན་འཛིན་སྐུ་ཞབས་ Martin Hala ལགས། དེ་བཞིན་ཨི་ཊ་ལི་ནང་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་དབང་འཛིན་ཚོགས་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་ Laura Harth ལགས་བཅས་ཀྱིས་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་བཞག་པའི་རྐང་རྗེས་དང་ཕྱི་ཕྱོགས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་གཏོང་བཞིན་པའི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་དམིགས་བསལ་སྐུ་ཚབ་ཟུར་པ་སྐུ་ཞབས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་བར་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐོག་ཕྱག་ལས་གནང་བའི་ཉམས་མྱོང་དང་འབྲེལ་ཏེ་རྒྱ་ནག་གི་རྒྱལ་སྤྱིའི་ཐོག་བཞག་པའི་ཆབ་སྲིད་ཀྱི་རྐང་རྗེས་ཐོག་མ་དེ་བོད་བཙན་འཛུལ་བྱས་པའི་གནད་དོན་དེ་ཡིན་པ་དང་བོད་ལ་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པ་དེས་ད་ཆ་བོད་ཙམ་མིན་པར་ཨེ་ཤ་ཡ་སྤྱི་ཡོངས་ཀྱི་ཆབ་སྲིད་གནས་བབས་དང་། བདེ་འཇགས་ཀྱི་གནད་དོན་ཐོག་དོ་ཕོག་ཆེན་པོ་བཏང་ཡོད་ཅེས་གསུངས་སོང་། ལྷག་པར་དུ་འདས་པའི་རྒྱལ་རབས་ལོ་རྒྱུས་ནང་བོད་འདི་རྒྱ་ནག་གི་ཆ་ཤས་ནམ་ཡང་ཆགས་མྱོང་མེད་ལ། ཁྲིམས་སྒྲིག་གི་ཐོག་ནས་ཀྱང་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་དུས་ད་ལྟའང་སྒྲུབ་མེད་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་ཆ་ཁྲིམས་སྒྲིག་ཐོག་ལ་བཀའ་མོལ་གནང་སྐབས་རྒྱ་ནག་གིས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་ཀྱི་རེད་ཅེས་གསུང་བཞིན་ཡོད་པ་ལྟར། ད་ལྟའི་བོད་ཀྱི་གནས་བབས་ཐོག་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱས་ཏེ་ཁྲིམས་འགལ་གྱིས་བོད་བཙན་བཟུང་བྱེད་མཚམས་འཇོག་དགོས་པར་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་གིས་གང་བཤད་པ་དང་གང་བྱས་པར་རྒྱབ་སྐྱོར་མ་གནང་བར་རྒྱ་ནག་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་པའི་བོད་འདི་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་གསུང་རྒྱུའི་འགན་ཡོད་པ་རེད་ཅེས་གསུངས་ཡོད།ད་ཆ་རྒྱ་ནག་འདི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཚབས་ཅན་གྱི་རྒྱལ་ཁབ་ཞིག་ཏུ་གྱུར་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་རྒྱ་གར་དང་འབྲུག་ཡུལ། བལ་ཡུལ་སོགས་ལ་གནོན་ཤུགས་སྤྲོད་བཞིན་པའི་བྱ་སྤྱོད་དང་། བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཁག་ལས་གསལ་པོ་མཚོན་ཐུབ་པ་དང་། དེ་ནི་ད་བར་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་པའི་བོད་ཀྱི་གནད་དོན་ལ་གདོང་ལེན་ཚུལ་བཞིན་མ་གནང་བའི་མཇུག་འབྲས་ཤིག་ཀྱང་རེད་ཅེས་གསུངས་པ་དང་ཆབས་ཅིག རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་གིས་བོད་ནང་ལ་དྲང་བདེན་མ་ཡིན་པའི་བྱ་སྤྱོད་སྤེལ་བཞིན་པ་ཁག་ལ་གདོང་ལེན་མ་གནང་བར་བཟོད་སྒོམ་གྱི་རྣམ་པའི་ཐོག་ནས་བཞུགས་བཞིན་པ་དེས་དྲན་བདེན་མིན་པའི་བྱ་སྤྱོད་དེ་དག་དྲང་བདེན་ཡིན་པར་སྒྲུབ་རྒྱུའི་ཞོགས་འདེགས་བྱས་པ་ཞིག་ཀྱང་ཆགས་ཀྱི་ཡོད་ཅེས་གསུངས་ཡོད།དེ་བཞིན་དམིགས་བསལ་སྐུ་ཚབ་ཟུར་པ་སྐུ་ཞབས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་ཆ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་རང་ཉིད་ཀྱི་འདོད་མོས་དང་མཐུན་པའི་ཁྲིམས་ཀྱི་དབང་བསྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་ཚོགས་པ་དང་སྒྲིག་འཛུགས་འདྲ་མིན་གྱི་ལས་དོན་ལ་ཐེ་བྱུས་དང་། མང་གཙོའི་ལྟ་གྲུབ་ལ་གདོང་ལེན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་དག་ནི་འཐབ་མི་དགོས་པའི་ཆབ་སྲིད་རང་བཞིན་གྱི་དམག་ཆེན་པོ་ཡིན་པར་འགྲེལ་བརྗོད་དང་སྦྲགས། ང་ཚོ་ཚང་མས་ཤེས་དགོས་པར་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཡོད་པའི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱལ་ཁག་ཞིག་ཡོད་པའི་རིང་ལ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་གཞི་རྩའི་རང་དབང་ཁག་རྟག་ཏུ་གནས་རྒྱུའི་ངེས་པ་ཞིག་གཏན་ནས་མེད་སྟབས། རྒྱལ་སྤྱིའི་མང་གཙོ་རྒྱལ་ཁབ་རྣམས་ཟུང་སྦྲེལ་ཐོག་རྒྱ་ནག་གིས་ཁྲིམས་འགལ་ཐོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་གཏོང་བཞིན་པ་དེ་དག་ལ་གདོང་ལེན་བྱེད་དགོས་པ་དང་མང་གཙོའི་རྒྱལ་ཁབ་སོ་སོས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པ་གསུངས་ཡོད། ལྷག་པ་དུ་རྒྱ་ནག་ལ་གདོང་ལེན་བྱེད་སྐབས་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཆབ་སྲིད་ཚོགས་པ། སྒྲིག་ཛུགས་ཁག གསར་འགོད་པ། དེ་བཞིན་མང་ཚོགས་བཅས་ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་འདུན་པ་དང་གཅིག་སྒྲིལ་གྱི་འདུ་ཤེས་ཡོད་པའི་ཐོག་ནས་གནང་རྒྱུ་དེ་གནད་ཆེ་ཡིན་པར་གསུངས་ཡོད།སྐབས་དེར་སྐུ་ཞབས་ André Gattolin ལགས་དང་ལྕམ་ Laura Harth ལགས། Dr Martin Hala ལགས་བཅས་ནས་རྒྱ་ནག་གཞུང་གིས་ཐབས་བྱུས་འདྲ་མིན་ཐོག་རྒྱལ་སྤྱིའི་མཉམ་འབྲལ་རྒྱལ་ཚོགས་ཀྱི་ལས་དོན་ལ་ཐེ་བྱུས་དང་། བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་སོགས་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ལ་དྲག་གནོན་དང་གནོན་ཤུགས་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་ཁག་ཐེར་འདོན་གནང་ཡོད། སྐབས་དེའི་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཁག་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གླེང་སྟེགས་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་ཞིག་ཡོད་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གྲོས་མོལ་བརྒྱུད་དཀའ་རྙོག་དེ་དག་སེལ་ཐབས་ཐོག་གྲ་སྒྲིག་ཡིན་པར་མ་ཟད་དཀའ་ངལ་དེ་མ་སེལ་གྱི་བར་དུ་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་གནང་སྟེ་རྒྱ་ནག་གཞུང་གི་བྱེད་བབ་ཁག་རྒྱལ་སྤྱིའི་ཐོག་ཐེར་འདོན་མུ་མཐུད་གནང་རྒྱུའི་ཆོད་སེམས་གཏན་པོ་ཡིན་ཅེས་གསུངས་ཡོད།

བོད་རིགས་ཨ་རི་བ་སྐུ་ཞབས་ Aftab Pureval ལགས་ཨ་རིའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས།

ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་ Ohio མངའ་སྡེའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུ་ནང་བོད་རིགས་ཨ་རི་བ་ Aftab Pureval ལགས་འོས་བསྡུའི་རྒྱལ་ཁ་ཐོབ་འདུག་པ་དང་ཨ་རི་ནང་འཚར་ལོངས་བྱུང་བའི་བོད་རིགས་ཤིག་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།ཕ་རྒྱ་གར་བ་དང་ཨ་མ་བོད་རིགས་ཡིན་པ་ཨ་རིར་འཚར་ལོངས་བྱུང་བའི་ན་གཞོན་དགུང་ལོ་ ༣༩ ལ་ཕེབས་པའི་སྐུ་ཞབས་ Aftab Karma Singh Pureval ལགས་དང་། ལོ་མང་རིང་གྲོང་སྡེའི་ལས་ཁུངས་སུ་ཕྱག་ལས་གནང་མྱོང་ཡོད་མཁན་དང་གྲོང་སྡེའི་སྤྱི་ཁྱབ་ཐེངས་གཉིས་ཙམ་གནང་མྱོང་ཡོད་པ་ལོ་ན་ ༨༢ ལ་ཕེབས་པའི་སྐུ་ཞབས་ David Mann ལགས་རྣམ་གཉིས་ཨ་རིའི་མང་གཙོ་ཚོགས་པའི་འོས་མིའི་ཐོག་ནས་ Cincinnati གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུར་མཉམ་ཞུགས་གནང་སྟེ་སྐུ་ཞབས་ Aftab Karma ལགས་ལ་འོས་གྲངས་བརྒྱ་ ༦༤ ཐོག་ནས་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུའི་རྒྱལ་ཁབ་ཐོབ་འདུགAftab Pureval ལགས་ཨ་རིའི་ Cincinnati གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བའི་རྒྱལ་ཁའི་གཏམ་བཤད་གནང་སར་ཁོང་གི་ཨ་མ་ལགས་དང་གཅེན་པོ་བཅས་ལྷན་བཅར་ཞུས་འདུག སྐབས་དེར་ཁོང་རང་ཉིད་ཀྱི་མི་ཚེའི་མདུན་ལམ་སླད་ཨ་མ་ལགས་ཨ་རིར་འབྱོར་བ་དང་ཨ་མའི་རེ་བ་བཞིན་དེ་རིང་རང་ཉིད་བཙན་བྱོལ་བ་ཞིག་གྲོང་སྡེའི་སྤྱི་ཁྱབ་པར་འདེམས་ཐོན་བྱུང་ཡོད་པར་ངོ་སྤྲོད་གནང་འདུག་པ་དང་། ཁ་སང་དགོང་མོར་ tweeter དྲྭ་ལམ་བརྒྱུད་ང་ཚོས་ལོ་རྒྱུས་གསར་པ་ཞིག་བསྐྲུན་པ་རེད། དེས་ན་དུས་ད་ནས་བཟུང་ལས་ལ་བརྩོན་རྒྱུ་ཡིན་ཞེས་བཀོད་འདུགཁ་སང་དགོང་མོར་ tweeter དྲྭ་ལམ་བརྒྱུད་སྐུ་ཞབས་ Aftab Pureval ལགས་ཀྱི་ཁ་གཏད་འོས་མི་སྐུ་ཞབས་ Mann ལགས་ཀྱིས་ཀྱང་ Aftab Pureval ལགས་གྲོང་སྡེའི་སྤྱི་ཁྱབ་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག་ཅིང་། སྐུ་ཞབས་ Aftab ལགས་དང་མཇལ་མོལ་གནང་ནས་མ་འོངས་པར་ལས་དོན་གང་གནང་ཐམས་ཅད་ལམ་ལྷོངས་ཡོང་བར་བཀྲིས་སྨོན་འདུན་ཞུས་འདུག་པར་མ་ཟད། སྐབས་གཉིས་ཀྱི་རིང་གྲོང་སྡེའི་སྤྱི་ཁྱབ་དང་ལོ་མང་རིང་གྲོང་སྡེའི་ལས་ཁུངས་སུ་ཞབས་ཕྱི་ཞུ་རྒྱུ། དེ་བཞིན་གྲོས་ཚོགས་འཐུས་མི་སོགས་མི་ཚེ་ཧྲིལ་པོ་སྤྱི་ཚོགས་ལ་སྨན་པའི་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བར་ Cincinnati གྲོང་སྡེའི་མིང་མང་ལ་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་བཀོད་འདུགགཞི་རྩའི་སྐུ་ཞབས་ Aftab Karma Singh Pureval ལགས་ཀྱི་ཨ་མ་ལགས་ནི་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་རྗེས་རང་ཉིད་ཀྱི་བཟའ་ཟླ་དང་ལྷན་དུ་ལོ་ངོ་ ༤༠ གོང་ཨ་རིའི་ Ohio མངའ་སྡེར་གནས་སྡོད་བྱེད་བཞིན་ཡོད་པ་དང་། Aftab Karma Singh Pureval ལགས་འདས་པའི་ལོ་དུས་ནང་ཨོ་ཧེ་ཧོ་མངའ་སྡེའི་མི་མང་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་སོགས་སུ་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་རིག་པ་ཐོག་སློབ་སྦྱོང་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་ཁོང་ Ohio མངའ་སྡེའི་སྲིད་གཞུང་གི་ཁྲིམས་ཁང་དུ་ཕྱག་ལས་གནང་མྱོང་ཡོད་པར་མ་ཟད། ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ནང་ལ་མཉམ་ཞུགས་གནང་མྱོང་ཡོད་པ་དང་། སྐབས་དེར་ཁོང་གིས་ང་ནི་བཙན་བྱོལ་བའི་བུ་ཕྲུག་ཅིག་ཡིན། ངའི་ཨ་མ་ནི་བོད་ལ་སྐྱེས་པ་དང་། རྨོ་ལགས་དང་ཨ་མ་ལགས་ནི་རང་ཉིད་ཀྱི་རྒྱལ་ཁབ་བཞག་ནས་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད་པ་དང་། ལོ་ ༡༣ སྐབས་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་མྱོང་ཡོད་པ་དང་བོད་རིགས་ཨ་རི་བ་ཞིག་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པའི་སྤོབས་པ་ཡོད་ཅེས་གསུངས་ཡོད།ད་རེ་སྐུ་ Aftab Pureval ལགས་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བར་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་བརྒྱུད་འཚམས་འདྲི་དང་མ་འོངས་ལས་དོན་ཁག་ལམ་ལྷོངས་ལྡན་པ། དེ་བཞིན་མ་འོངས་ལས་དོན་ཁྲོད་བོད་ཀྱི་གནད་དོན་གཙོས་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་གླེང་སློང་གནང་ཐུབ་རྒྱུ། གཞན་ཡང་བོད་མི་ཁག་ཅིག་གིས་ཁོང་ནི་མ་འོངས་པར་སྲིད་སྐྱོང་ཀྱི་འོས་ཆོས་ཚང་བ་ཞིག་ཡིན་སྐོར་སོགས་ཀྱང་གསུང་མཁན་འདུག

Latest news