Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2021

བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་ Riki ལགས་དགོངས་པ་རྫོགས་པར་ཐུགས་གསོ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Fredrick R Hyde-Chambers ལགས་ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་ཐུགས་གསོ་དང་སྦྲགས་ཏེ་དམ་པ་ཁོང་ནི་བོད་དང་བོད་མིའི་འབོད་སྒྲར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྐོར་གསུངས་འདུགདགུང་ལོ་ ༧༧ ལ་ཕེབས་པའི་དབྱིན་ཡུལ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་སྐུ་ཞབས་ Fredrick Hyde- Chambers OBE འམ་ཡོངས་གྲགས་སུ་ Riki ཞེས་འབོད་པ་ཁོང་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། ཁ་སང་སྲིད་སྐྱོང་མཆོག་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ Twitter བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་དམ་པ་དེ་ཉིད་ལ་ཐུགས་གསོ་གནང་བར་སྐུ་ཞབས་ Fredrick ལགས་ཀྱིས་ཕྱི་ལོ་ ༡༩༦༠ ནས་བཟུང་བོད་དང་བོད་མིའི་འབོད་སྒྲར་རྒྱབ་སྐྱོར་ཤུགས་ཆེ་གནང་བ་བརྒྱུད་བོད་མིར་རོགས་སྐྱོར་གནང་བ་དེ་འགྲན་ཟླ་བྲལ་བ་ཞིག་ཆགས་ངེས་ཡིན་པར་འགྲེལ་བརྗོད་ཀྱིས་ད་ལན་ཁོང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ཧ་ཅང་བློ་ཕམ་བྱུང་བ་དང་། ང་ཚོས་སྨོན་ལམ་དང་ཤུ་ལུས་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཀྱང་དམ་པ་དེ་ཉིད་སྐུ་འཚེ་མ་ཟིན་པ་ནི་བོད་མི་དང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པར་བརྗོད་དེ་སྐུ་ཞབས་ཁོང་ནི་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་ཞིང་། ཁོང་གི་མི་ཚེ་གོང་པོ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་ཕུལ་ཡོད་པར་མ་ཟད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཕྱག་ལས་ལ་རྒྱབ་སྐྱོར་དང་ལྷག་དོན་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་སྐོང་གིས་གྲོས་ཚོགས་འཐུས་མི་དང་དབུ་ཁྲིད་རྣམ་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་ཐུགས་འཁུར་ཆེ་བཞེས་གནང་སྐོར་གསལ་འདོན་གནང་སྟེ། ཁོང་སྐུ་ཚེ་མ་ཟིན་པར་གདུང་ཤུགས་དྲག་པོས་ཐུགས་གསོ་གནང་བ་དང་ཆབས་ཅིག ཁོང་གིས་བོད་དོན་ཆེད་དུ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཡོད་པ་ནི་བོད་མི་ཚོགས་སྡེ་ཁག་གིས་གུས་བརྩི་ཆེན་པོའི་ཐོག་ནས་དྲན་ངེས་ཡིན་པ་གསུངས་འདུགདབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཡིས་མི་ཚེ་ཧྲིལ་པོ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྙིང་གྲས་དང་ཚོགས་པ་དེ་ཉིད་ཀྱི་རྒྱུན་ལས་ཚོགས་མི་སྐུ་ཞབས་ Fredrick ལགས་དགུང་ལོ་ ༧༧ ཐོག་དགོངས་པ་རྫོགས་པར་ཐུགས་གསོ་གནང་འདུག ཚོགས་པ་དེ་ཉིད་དང་སྒོས་སྐུ་ཞབས་ Riki ལགས་ཀྱི་གྲོགས་པོ་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Society གཉིས་ལ་ད་ལན་དམ་པ་ཁོང་གློ་བུར་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་ཡིད་རབ་ཏུ་སྐྱོ་ཞིང་། ཁོང་ནི་ཕྱི་ལོ་ ༢༠༡༡ ནས་བཟུང་ Tibet Society གི་རྒྱུན་ལས་ཚོགས་མི་གནང་མྱོང་ཡོད་པར་མ་ཟད་དབྱིན་ཡུལ་གྱི་བོད་མིའི་སྤྱི་ཚོགས་ལ་སྔ་ཕྱི་བར་གསུམ་དུ་བོད་དོན་རྒྱབ་སྐྱོར་བ་རྙིས་གྲས་ཤིག་དང་བོད་ཀྱི་གནད་དོན་རྣམས་དབྱིན་ཡུལ་གྲོས་ཚོགས་སུ་གླེང་སློང་གནང་ཐུབ་པར་གཙོ་འགན་བཞེས་མཁན་ཞིག་ཀྱང་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་ཆེ་བསྟོད་ཞུས་འདུག Free Tibet ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Daniel Russell ལགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་སྐུ་ཞབས་ Riki ལགས་ཀྱི་ཤུགས་རྐྱེན་ཇི་ཐབས་སྐོར་ཚོད་དཔག་གནང་དཀའ་སྐོར་གསུངས་པ་དང་སྦྲགས། ཁོང་གིས་ཕྱི་ལོ་ ༡༩༦༠ ནས་བཟུང་བོད་དོན་ཐད་སེམས་ཚོར་དྲག་པོ་དང་ངལ་བ་འཛེམས་ཀྱིས་ཕྱག་ལས་མང་དག་ཅིག་གནང་ཡོད་པ་དང་དེའི་ནང་ནས་སྔ་ལོར་སྐུ་ཞབས་ཁོང་གིས་ Free Tibet དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟླ་སྒྲིལ་གནང་སྐབས་སུ་མེད་དུ་མི་རུང་བའི་ཆ་ཤས་བཞེས་ཡོད་ཀྱང་། ད་ལན་དམ་པ་ཁོང་དགོངས་པ་རྫོགས་པ་དེས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་སྟོང་ཆ་ཆེན་པོ་ཞིག་ཆགས་ཡོད་པ་དང་དེར་ཁ་སྐོང་གནང་ཐབས་དཀའ་སྟབས།  ཁོང་གིས་ད་བར་བོད་དོན་ཆེད་ཞབས་འདེགས་རླབས་ཆེན་ཞུས་པ་དེ་བོད་མི་མང་ཚོགས་ཀྱི་སེམས་ནང་ནམ་ཡང་བརྗེད་ཐབས་མེད་པའི་བག་ཆགས་བཟང་པོ་ཞིག་བཞག་ཡོད་པར་གསུངས་ཏེ་དམ་པ་ཁོང་གི་མཛད་རྗེས་དག་ལ་དྲན་གསོ་ཞུས་པ་དང་དེ་བཞིན་ནང་མི་ལྷན་རྒྱས་ལ་མྱ་ངན་གུས་འདུད་ཞུ་བཞིན་ཡོད་པར་གསུངས་ཡོད། རྩ་བའི་སྐུ་ཞབས་ Riki ལགས་ནི་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཅིང་། Tibet Society དང་ལྷན་དེ་སྔ་ཕྱི་ལོ་ ༡༩༧༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཐེངས་དང་པོའི་ཆིབས་བསྒྱུར་གོ་སྒྲིག་ཞུས་པ་མཚོན་ད་བར་བོད་དོན་ཐད་ཞབས་འདེགས་རླབས་ཆེན་ཞུས་ཏེ་མི་ཚེ་ཧྲིལ་པོ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཕུལ་ཡོད་པར་མ་ཟད། ཁོང་གིས་ད་བར་བོད་ཀྱི་ངལ་སེལ་གྱི་རོགས་དངུལ་ཐེབས་རྩ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་ཡོད་པ་དང་། དེ་བཞིན་  Industry and Parliamentary Trust ཞེས་པའི་ཚོགས་པའི་འཛིན་སྐྱོང་འགན་འཛིན། དབྱིན་ཡུལ་གྲོས་ཚོགས་འཐུས་མི་ལྷན་དུ་ཕྱག་ལས་གནང་བའི་ཉམས་མྱོང་ལོ་ངོ་སུམ་ཅུ་སོ་གསུམ་ཙམ་ཡོད་པ་རེད།

༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་དང་འབྲེལ་རྒྱ་ནག་གིས་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་པར་སྐྱོན་་བརྗོད།

ཁ་སང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་  Foreign Correspondents' Club of China ཞེས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་རིང་མིན་ཟླ་བ་གསུམ་ནང་སླེབས་ལ་ཉེ་བའི་དགུན་དུས་ Olympic རྩེད་འགྲན་སྐོར་གནས་ཚུལ་སྤེལ་བར་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགོག་རྐྱེན་སྣ་ཚོགས་བཟོས་པ་དང་། རྩེད་འགྲན་དང་འབྲེལ་བའི་བྱེད་སྒོ་ཁག་ཕྱི་གསལ་ནང་གསལ་བཟོ་ཡི་མེད་པར་མ་ཟད་ཕྱིའི་བརྒྱུད་ལམ་ཁག་ནས་རྩེད་འགྲན་སྐོར་གནས་ཚུལ་སྤེལ་ཆོག་མིན་ཡང་ད་བར་གསལ་བཟོ་མེད་པ་སོགས་སྐྱོན་བརྗོད་གནང་འདུག དེ་ཡང་ The Guardian སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་སང་རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་མཐུན་ཚོགས་ཀྱི་ངོས་ནས་པེ་ཅིང་ Olympic རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ལ་ཨོ་རྩེད་ཀྱི་གནས་ཚུལ་སྤེལ་ཕྱོགས་སྐོར་ལམ་སྟོན་ཡང་ཡང་ཞུས་ཀྱང་། ཚོགས་ཆུང་གིས་ཡ་ལན་གནང་གི་མེད་པ་དང་ཡང་ན་ལན་གསལ་པོ་མ་གནང་བའི་ཁྲོད་མཐུན་ཚོགས་ཀྱི་ཚོགས་མི་གསར་འགོད་པ་རྣམས་ཀྱིས་ཨོ་རྩེད་དང་འབྲེལ་བའི་གསར་འགོད་པའི་སྐུ་ཚབ་སུ་ཡིན་མིན་སོགས་ཀྱི་སྐོར་ལ་བདུན་ཕྲག་མང་པོའི་རིང་གནས་ཚུལ་ཤེས་ཐབས་བྱས་ཡོད་ཀྱང་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལན་ཡང་དག་ཅིག་མ་གནང་བ་འམ་ཡང་ན་གང་ཡང་མ་གསུང་པར་བཞག་ཡོད་པར་མངོན་གསལ་གནང་ཡོད། ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས་ད་དུང་འདས་པའི་ལོ་དུས་ནང་ Olympic རྩེད་འགྲན་གྱི་དཔལ་འབར་འབྱོར་བ་ལྟ་བུའི་རྒྱ་ནག་རྒྱལ་ནང་གི་གསར་འགོད་པ་རྣམས་མཉམ་ཞུགས་ཡོད་པའི་མཛད་སྒོ་མང་པོའི་ཐོག་ཕྱི་རྒྱལ་གསར་འགོད་པ་རྣམས་མཉམ་ཞུགས་གནང་མ་བཅུག་པ་དང་། མཛད་སྒོ་མང་པོའི་དུས་ཚིགས་ཡོངས་གྲགས་མ་བྱས་པར་མ་ཟད་མཛད་རིམ་འཚོགས་ཉེ་བའི་སྐབས་གསལ་བསྒྲགས་སྤེལ་བ་སོགས་ཀྱི་གནད་དོན་ལ་སྐྱོན་བརྗོད་དང་གདོང་ལེན་མང་དག་ཅིག་གནང་དགོས་པ་བྱུང་སྐོར་གསུངས་ཡོད་པ་རེད། ལྷག་པར་དུ་ཨོ་རྩེད་དང་འབྲེལ་བའི་མཛད་སྒོ་ཁག་གི་ཐོག་ས་དམིགས་འཁེངས་པ་དང་ཡང་ན་ཆུ་ཚོད་གཅིག་གམ་གཉིས་ཀྱི་ནང་དུ་ཏོག་དབྱིབས་གཉན་རིམས་མེད་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་དགོས་པའི་ལམ་སྟོན་བྱས་ནས་ཨོ་རྩེད་ཚོགས་ཆུང་གིས་འདམ་ག་བྱས་པའི་གསར་འགོད་པ་མ་གཏོགས་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་མི་སྣ་རྣམས་དེབ་སྐྱེལ་གནང་བར་འགོག་རྐྱེན་བཟོ་ཡི་ཡོད་པ་མངོན་གསལ་གནང་ཡོད། གསར་འགོད་མཐུན་ཚོགས་ཀྱི་བསྒྲགས་གཏམ་ནང་ཉེ་ཆར་དཀའ་ངལ་འཕྲད་པའི་གསར་འགོད་པ་ཁག་ཅིག་གིས་ཉམས་མྱོང་བཀོད་འདུག་པར་ཨ་རིའི་གསར་འགོད་པ་ཞིག་གིས་ཁ་པར་ཐོག་རྩེད་འགྲན་ཚོགས་སའི་ས་ཚིགས་ཤིག་གི་པར་བླངས་པར་ཉེན་རྟོག་པས་བཀག་སྡོམ་དང་འདྲི་རྩད་བྱས་པ་དང་། དེ་བཞིན་གསར་འགོད་པ་གཞན་ཞིག་གི་གནས་ཚུལ་ནང་དུ་པེ་ཅིང་ Olympic རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་ལས་འགུལ་སྐོར་བཀོད་པར་བཀག་སྡོམ་བྱས་ཏེ་ད་བར་གནས་ཚུལ་ཆེད་བཀོད་ལ་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཡུ་རོབ་གསར་ཁང་ཞིག་གིས་ Chongli དང་ Yanqing ཁུལ་གྱི་རྩེད་འགྲན་ཚོགས་ཡུལ་དུ་བསྐྱོད་རྒྱུའི་ཆོག་མཆན་ཞུས་པར་ངོས་ལེན་བྱས་མེད་པ་སོགས་བཀོད་འདུགདེ་བཞིན་གཞུང་གི་ཆོག་མཆད་སྤྲད་པའི་ཕྱི་རྒྱལ་གསར་འགོད་པ་རྣམས་ལ་པེ་ཅིང་ནང་དང་ཕྱི་ཕྱོགས་སུ་འགྲུལ་སྐྱོད་བྱེད་ཆོག་མིན་དང་། གཉན་རིམས་དང་འབྲེལ་བའི་ཟུར་བཀག་གི་དུས་ཡུན་རིང་ཐུང་གང་ཡིན་ཁ་གསལ་མེད་པ་བཅས་གང་ལྟར་ཕྱི་རྒྱལ་གསར་འགོད་པ་ཚོའི་ངོས་ནས་ཨོ་རྩེད་དང་འབྲེལ་བའི་གསར་འགྱུར་མཁོ་སྒྲུབ་ཆོག་མིན་གསལ་ཁ་མེད་གང་ཡང་མེད་པར་མངོན་གསལ་དང་སྦྲགས། གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་ནས་ཨོ་རྩེད་ཀྱི་གྲ་སྒྲིག་དང་ཕྱིའི་གསར་འགོད་པ་རྣམས་ལ་ལམ་སྟོན་ཕྱི་གསལ་ནང་གསལ་བཟོ་དགོས་པ་སོགས་དགོས་འདུན་ཁག་ཅིག་བཏོན་འདུག རྩ་བའི་འདས་པའི་ལོ་ཤས་ནང་དུ་རྒྱ་ནག་དང་ཕྱི་རྒྱལ་གསར་འགོད་པའི་དབར་གྱི་འབྲེལ་ལམ་ཆེས་སྡུག་པོ་ཆགས་ཡོད་པའི་ཁྲོད་སྔ་ལོར་རྒྱ་ནག་གཞུང་གི་གསར་འགོད་པ་མང་དག་ཅིག་ཕྱིར་འབུད་བཏང་རྐྱེན་ད་ལྟ་རྒྱ་ནང་དུ་ཡན་ལག་ལས་ཁུངས་ཡོད་པའི་ New York Times དང་ Washington Post དེ་བཞིན་ Wall Street Journal སོགས་ཨ་རིའི་གསར་ཁང་དང་། Australia གསར་ཁང་ཁག་གི་གསར་འགོད་པའི་ས་དམིགས་སྟོང་པ་ལུས་ཡོད་པར་མ་ཟད། དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པ་ཉུང་ཤས་ཤིག་ལ་མ་གཏོགས་རྒྱ་ནག་ཏུ་ཡོང་རྒྱུའི་མཐོང་མཆན་མ་སྤྲད་པར་མཐོང་མཆན་གྱི་སྙན་ཞུ་རྣམས་བཀག་ནས་བཞག་ཡོད་སྟབས། གསར་ཁང་མང་དག་ཅིག་ལ་གནས་ཚུལ་སྤེལ་རྒྱུར་མི་ཆ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བཀག་ནས་བཞག་པའི་གསར་འགོད་པའི་མཐོང་མཆན་རྣམས་མགྱོགས་མྱུར་སྤྲོད་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༢༡།༡༡།༠༢

ཉན་པ།: Listen ཕབ་ལེན། Download པཎ་ཆེན་༸དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཞུ་གཏུགས་སྐོར་སྐྱོད་ལས་འགུལ་དབུ་འབྱེད་གནང་འདུག རྒྱལ་རབས་དང་ཁྲིམས་སྒྲིག་གང་གི་ཆ་ནས་ཀྱང་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད་པར་གསུངས་སོང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ Dr. Aaron Beck མཆོག་གི་དགོངས་རྫོགས་ལ་ཐུགས་གསོ་མཛད་འདུག དུག་རླངས་ཉུང་འཕྲུའི་གནད་དོན་དང་འབྲེལ་ནས་རྒྱ་དཀར་ནག་གི་བར་དུ་འགལ་འདུ་བྱུང་བ། དབྱིན་གཞུང་གིས་བོད་དང་ཤིང་ཅང་གི་གནད་དོན་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་གྲོས་མོལ། གླུ་གཞས་ལས་རིམ། གླུ་བ་དཔལ་ཆེན་རྡོ་རྗེ་ལགས་ཀྱིས་བླངས་པའི་ཡར་ཀླུང་སྤྲིན་བཟང་། Tuesday 02/11/2021 CTA launches Panchen Lama campaign with a special panel China’s sovereignty over Tibet historically and legally baseless: Geneva Forum HHDL condoles demise of Dr Aaron Beck India targets 2070 for net-zero emissions; China makes no new commitments UK raises concern about Tibet, calls for unfettered access to Xinjiang Song Feature: ‘Yarlung Trinsang’ by Palchen Dorjee

སྐུ་ཞབས་ Dr. Aaron Beck མཆོག་དགོངས་པ་རྫོགས་པར་ཐུགས་གསོ་སྩལ་བ།

ཨ་རིའི་ Pennsylvania མངའ་སྡེའི་ Philadelphia གྲོང་ཁྱེར་ནང་དུ་བཅའ་བཞུགས་སེམས་ཁམས་རིག་པའི་མཁས་པ་དང་།  Cognitive Behavior འམ་རྟོག་པའི་སྤྱོད་ཚུལ་གྱི་སྨན་བཅོས་མཁས་པ་སྐུ་ཞབས་ Dr Aaron Beck མཆོག་དགོངས་པ་རྫོགས་པར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་འཛམ་གླིང་ནང་ Cognitive Behavior Therapy ཞེས་པའི་རྟོག་པའི་སྤྱོད་ཚུལ་གྱི་སྨན་བཅོས་གསར་གཏོད་གནང་མཁན་ལ་ངོས་འཛིན་ཡོད་པའི་སེམས་ཁམས་རིག་པའི་མཁས་པ་སྐུ་ཞབས་ Dr. Aaron Beck མཆོག་དགུང་གྲངས་ ༡༠༠ ཐམ་པའི་ཐོག་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་རང་ཤག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྲས་མོ་ལྕམ་སྐུ་ Judith ལགས་དང་སྐུ་ཟླས་གཙོས་པའི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་། སྐུ་ཉིད་ཀྱི་ཡབ་དམ་པ་དེ་ཉིད་སྐུ་འཚོ་བཞུགས་སྐབས་སུ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། འདས་པའི་དུས་ཡུན་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་དམ་པ་དེ་ཉིད་ཀྱི་བཞུགས་གནས་སུ་ཆིབས་བསྒྱུར་མཛད་པ་གཙོས་ཁོང་དང་མཇལ་འཕྲད་ཐེངས་ཁ་ཤས་མཛད་ མྱོང་ཡོད་སྐོར་ཐུགས་དྲན་གསོས་པ་མཛད་དེ། མཇལ་འཕྲད་དེ་དག་ཐོག་དམ་པ་ཁོང་དང་ལྷན་དུ་ཐུགས་མཐུན་གྱི་བརྗོད་གཞི་སྣ་མང་ཐོག་བཀའ་མོལ་མཛད་ཡོད་པ་དང་། ལྷག་པར་དུ་ཀླད་པའི་བྱེད་ལས་དང་དེའི་བརྒྱུད་ནས་འགྲོ་བ་མི་རྣམས་ལ་བདེ་སྐྱིད་དང་དོན་དང་ལྡན་པའི་མི་ཚེ་སྐྱེལ་རྒྱུར་ཕན་ཐོགས་ཇི་ཡོད་ཀྱི་ནུས་པ་བཅས་ཀྱི་ཐོག་བཀའ་བསྡུར་ལྷུག་པོ་མཛད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་དམ་པ་ཁོང་གིས་སེམས་ཁམས་འཕྲོད་བསྟེན་ཐོག་ལ་ཁྱད་དུ་འཕགས་པའི་དམིགས་བསལ་ཞབས་འདེགས་ཞུས་པར་ཡི་རངས་ཀྱི་མངོན་བསྟོད་མཛད་ཀྱི་ཡོད་པར་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་སྲས་མོ་ལྕམ་སྐུ་ Judith ལགས་དང་ཁོང་གི་ཡབ་དམ་པ་གཉིས་དང་ལྷན་དུ་གསར་འཛུགས་གནང་བའི་ Beck བསྟི་གནས་ཁང་གིས་དམ་པ་དེ་ཉིད་ཀྱི་རིན་ཐང་བྲལ་བའི་ཕྱག་ལས་དེ་དག་རྒྱུན་སྐྱོང་གནང་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་བཀའ་སྩལ་དང་འབྲེལ་ཏེ། དེ་ལྟར་གནང་ཚེ་དེ་ནི་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་ལ་ཆེ་བསྟོད་ལེགས་ཤོས་ཤིག་འགྱུར་ངེས་ཡིན་པ་བཀའ་སྩལ་འདུག རྩ་བའི་སྐུ་ཞབས་ Aaron Beck དམ་པ་དེ་ཉིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་ Meeting of the Minds ཞེས་རྟོག་པའི་ལྷན་ཚོགས་ཐོག་མཇལ་འཕྲད་གནང་བ་དང་།སྐབས་དེར་སྐུ་ཞབས་ Aaron Beck མཆོག་གིས་གསར་གཏོད་གནང་བའི་ Cognitive Therapy ཐོག་བཀའ་བསྡུར་ལྷུག་པོ་མཛད་ཡོད། སྐབས་དེར་༸གོང་ས་མཆོག་གིས་སྐུ་ཞབས་ Aaron མཆོག་གིས་གསར་གཏོད་གནང་བའི་ Cognitive Behavioral Therapy ཞེས་པ་དེ་ནང་པའི་ཆོས་ཀྱི་ཉམས་ལེན་ལས་དཔྱད་སྒོམ་དང་གཅིག་པ་ཡིན་པར་གཟིགས་ཀྱི་ཡོད་པ་དང་། ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ Prisoners of Hate ཞེས་པ་དེའང་ནང་ཆོས་ཀྱི་དཔེ་ཆ་ལྟ་བུར་གཟིགས་ཀྱི་ཡོད་པར་བཀའ་སྩལ་མཛད་ཡོད་པ་རེད། རྗེས་སུ་སྐུ་ཞབས་  Aaron མཆོག་གིས་ཀྱང་རྟོག་པའི་སྤྱོད་ཚུལ་གྱི་ཐོག་ནས་སྨན་བཅོས་ཀྱི་ལྟ་གྲུབ་དེ་དང་ནང་པའི་ཆོས་གཉིས་དབར་འབྲེལ་བ་ཆེན་པོར་གཟིགས་ཀྱི་ཡོད་སྐོར་གསུངས་ཡོད།

༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད།

དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་གྱི་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་དབུ་འབྱེད་གནང་སོང་། ཁ་སང་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཀྱི་ཉིན་རྒྱབ་ཚོགས་དུས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པ་ཆེ་མཆོག་དབུ་ཞུགས་ཐོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་དམིགས་བསལ་ལས་རིམ་ཚོགས་བསྐོང་གིས་ལས་རིམ་ཐོག་ཆེད་བཅར་གནང་བའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པ་ཆེ་མཆོག་གིས་ལྷན་ཚོགས་ཐོག་༸པཎ་ཆེན་༸སྐུ་གོང་མ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་བསྐྱངས་པའི་རླབས་ཆེན་མཛད་འཕྲིན་དང་༸རྒྱལ་མཆོག་ཡབ་སྲས་རྣམ་གཉིས་དབར་གྱི་ཐོུང་མ་ཡིན་པའི་འབྲེལ་བའི་དེ་བྱུང་གི་རྒྱབ་ལྗོངས་དང་ད་ཡོད་རྒྱ་ནག་གཞུང་གི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་བབས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད། གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ནི་གདན་ས་བཀྲིས་ལྷུན་པོ་ཁོ་ན་ཙམ་མིན་པར་བོད་སྤྱིའི་བསྟན་པ་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་དང། གལ་ཏེ་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བར་འབད་བརྩོན་མ་གནང་ཚེ་མ་འོངས་པར་བོད་བསྟན་པ་ཆབ་སྲིད་ལ་ཉན་ཁ་ཆེན་པོ་ཆགས་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།ཁ་སང་གི་ལྷན་ཚོགས་བརྒྱུད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་གཞུང་ཁག་གི་ངོས་ནས་ཨ་རི་གཞུང་ལྟར་གཅིག་མཚུངས་ཐོག་ནས་བོད་དོན་ཁྲིམས་སྒྲིག་ཞིག་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས། རྒྱ་ནག་དམར་པོའི་གཞུང་གིས་༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གིས་ངེས་པར་དུ་ཐུགས་སྣང་ཆེ་བཞེས་གནང་གལ་ཡིན་པ་དང་། བོད་མི་ཚོས་དུས་ནམ་ཡང་རྒྱ་གཞུང་ནས་བདམས་པའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ལ་ངོས་ལེན་གནང་གི་མ་རེད་ཅེས་ལྷན་ཚོགས་བརྒྱུད་ནས་རྒྱ་གཞུང་ལ་གསལ་པོ་བཟོ་རྒྱུ་ཡིན་ཞེས་གསུངས་པར་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་དགུང་ལོ་དྲུག་ལ་ཕེབས་པའི་བྱིས་པ་ཞིག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་བཏང་བ་ནི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཞིག་ཡིན་པར་གསུངས་ཏེ་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་བ་ཆབས་ཅིག རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གི་ངོས་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཤེས་རྟོགས་དང་གློད་བཀྲོལ་ཡོང་བར་ནུས་པ་མཉམ་སྤུངས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་ད་ཐེངས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བའི་ལྷན་ཚོགས་འདི་ནི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་འཆར་གྱི་དབུ་འབྱེད་ཀྱི་ལས་རིམ་ཡིན་པ་དང། ཞུ་གཏུག་གི་ལས་འགུལ་ཐོག་མར་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་རིན་པོ་ཆེའི་སྐོར་ཞུ་གཏུག་གནང་སྟེ་རིམ་པས་ཡོ་རོབ་དང་ཨི་རི་སོགས་ཀྱི་ནང་དུ་ཞུ་གཏུག་སྐོར་སྐྱོད་གནང་འཆར་ཡོད་པ་རེད།

རྒྱལ་རབས་དང་ཁྲིམས་སྒྲིག་གང་གི་ཆ་ནས་ཀྱང་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད།

གཞན་ཡང་དེ་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པའི་ཚོགས་དུས་གཉིས་པའི་སྔ་དྲོའི་མཛད་རིམ་ཐོག་ཏུ་སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་གཙོ་སྐྱོང་འོག་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Michael Van Walt Van Praag ལགས་དང་ལྷན་དུ་ཁོང་གིས་ལྗགས་རྩོམ་གནང་པའི་བོད་དང་འབྲེལ་བའི་དཔེ་དེབ་ Tibet Brief 20/20 ཞེས་པའི་ཐོག་ལ་གྲོས་བསྡུར་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གནང་སོང་བ་དང་། སྐབས་དེར་སྐུ་ཞབས་ Michael ལགས་ནས་དཔེ་དེབ་དེའི་ནང་ལ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དང་འཁྱོགས་བཤད་ཅན་གྱི་རྒྱལ་རབས་ལོ་རྒྱུས། དེ་བཞིན་ཁྲིམས་ཐོག་ནས་བོད་ཀྱི་གནས་བབ་གང་ཡིན་སོགས་གསལ་ཡོད་པ་ངོ་སྤྲོད་དང་སྦྲགས། རྒྱ་ནག་གཞུང་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཤད་བཞིན་ཡོད་ཀྱང་། འདས་པའི་བོད་དང་སོག་པོ། དེ་བཞིན་རྒྱ་ནག་སོགས་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ལྟ་སྐབས་བོད་འདི་རྒྱ་ནག་གིས་དབང་བསྒྱུར་འོག་ཚུད་མྱོང་མེད་ལ། བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་གཞི་རྟེན་གང་ཡང་རྙེད་རྒྱུ་ཡོད་མ་རེད་ཅེས་གསུངས་སོང་།མ་ཟད་ཁྲིམས་ཀྱི་ངོ་བོའི་ཐོག་ནས་བལྟས་ཀྱང་། བོད་འདི་རྒྱ་ནག་གི་དྲག་པོའི་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་ལས། ཁྲིམས་མཐུན་གྱི་ངོ་བོའི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་ཆགས་མྱོང་མེད་པ་དང་། བོད་ཀྱི་ཁྲིམས་མཐུན་གནས་བབ་ཐོག་ལ་སྐད་ཆ་བཤད་པའི་སྐབས་སུ་རང་བཞིན་གྱིས་རྒྱ་ནག་རང་ཉིད་ལ་ཡང་དོགས་པ་ཆེན་པོ་ཞིག་ཡོད་སྟབས། ༸གོང་ས་མཆོག་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་གསུངས་དགོས་པའི་དགོས་འདུན་བཏོན་པ་དང་། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་དང་འབྲེལ་བ་འཇོག་པའི་སྐབས་སུ་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་པ་དེ་དག་ནི་རྒྱ་ནག་གཞུང་ནས་བོད་འདི་ཁྲིམས་ཀྱི་ཐོག་རྒྱ་ནག་གི་ཆ་ཤས་ཡིན་པར་སྒྲུབ་ཐབས་ཀྱི་ཐབས་བྱུས་ཤིག་རེད་ཅེས་གསུངས་ཡོད། ལྷག་པར་དུ་སྐུ་ཞབས་ Michael ལགས་ནས་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་མཐུན་གང་གི་ཆ་ནས་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད་པ་དང་། བོད་ཀྱི་ཁྲིམས་མཐུན་བདག་དབང་སུ་ལ་ཡོད་མེད་དེ་རྐང་བོད་མིས་ཐག་གཅོད་གནང་དགོས་པ་ཞིག་ཡིན་པ་མ་ཟད། དེ་ཡང་གཙོ་བོ་གྲོས་མོལ་གྱི་ཐོག་ནས་ཐག་གཅོད་གནང་དགོས་པ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ནས་གྲོས་མོལ་མ་བྱས་པའི་བར་དུ་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཅེས་བཤད་རྒྱུའི་དབང་ཚད་མེད་པ་རེད་ཅེས་གསུངས་ཡོད། དེ་བཞིན་སྔ་དྲོའི་ཚོགས་དུས་ཐོག་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱི་གཙོ་སྐྱོང་འོག་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་དཔལ་འབྱོར་རང་དབང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་གྲོས་བསྡུར་གྱི་ལས་རིམ་ཞིག་ཚོགས་སོང་བ་དང་། སྐབས་དེར་ཨ་རིའི་ Anti-Communist ཞེས་དམར་ཤོག་གི་ལྟ་གྲུབ་ལ་དགག་པ་སྐྱོན་མཁན་གྱི་་ཚོགས་པའི་ཉམས་ཞིབ་པ་སྐུ་ཞབས་ Adrian Zenz ལགས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་མིང་བྱང་འོག་ཤིང་ཅང་ཡུ་གུར་མི་སེར་འཛིན་བཟུང་བྱས་པའི་གནས་སྟངས་ཙམ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་ཡང་དཔལ་འབྱོར་དང་དབུལ་ཕོངས་ལས་གྲོལ་ཐབས་ཀྱི་མིང་བྱང་འོག་བོད་མི་མང་པོ་རང་གི་ས་ནས་བཙན་དབང་ཐོག་གནས་སྤོར་བྱས་པ་དང་། འདོད་མོས་མེད་བཞིན་དུ་ངལ་རྩོལ་གྱི་ལས་རིགས་ལ་བཀོལ་བཞིན་པ་སོགས་པར་རིས་དང་བཅས་ཐེར་འདོན་གནང་ཡོད། གཞི་རྩའི་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ཚོགས་པའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་རྒྱལ་ཁག་ཁག་ཅིག་གི་གྲོས་ཚོགས་འཐུས་མི་དང་། བོད་དང་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན། དེ་བཞིན་རྒྱལ་སྤྱིའི་ས་གནས་འདྲ་མིན་ནང་ཡོད་པའི་བོད་པའི་གཞོན་སྐྱེས་མི་ཉུང་བ་ཞིག་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་འདི་གའི་ས་གནས་གསར་འགོད་པ་དགའ་གདོང་དབང་གྲགས་ལགས་ནས་བོད་པའི་གཞོན་སྐྱེས་ཁག་ཅིག་ལ་གླེང་སྟེག་འདིའི་ཐོག་ཚོགས་བཅར་དགོས་དོན་སྐོར་བཅར་འདྲི་ཞུས་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དྲུང་ཆེའི་ལས་རོགས་དང་ལྷན་བོད་གཙོས་པའི་ལུང་པ་ཁག་ཅིག་གི་གནད་དོན་ཐོག་གྲོས་མོལ།

དབྱིན་ཡུལ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ལྕམ་སྐུ་Ilze Brands Kehris ལགས་དང་ལྷན་དུ་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་ཐོག་ཐུགས་ཚབས་ཆེན་པོ་ཡོད་པའི་གྲོས་བསྡུར་གནང་འདུགརྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཉེ་ལམ་ཕྱི་ཚེས་ ༢༩ ཉིན་སུད་སི་ཇི་ནི་ཝའི་གྲོང་ཁྱེར་དུ་སྒྲིག་འཛུགས་དེའི་དྲུང་ཆེའི་ལས་རོགས་ལྕམ་སྐུ་ Ilze Brands Kehris ལགས་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་གཏུག་ལས་དོན་དང་དེ་བཞིན་འགྲོ་བ་མི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་མཇལ་མོལ་གྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་ལྟར། དེ་ཉིན་རྒྱལ་ཚོགས་སུ་ཡོད་པའི་དབྱིན་ཡུལ་གྱི་གཞུང་ཚབ་ཆེན་མོས་ཤིན་ཅང་ནང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་ཚབས་དང་སྦྲགས་ཏེ་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་དངོས་ཡོད་གནས་སྟངས་ལ་རང་དབང་སྒོ་ནས་རྒྱུས་ལོན་སླད་འཕྲལ་མར་རྒྱལ་ཚོགས་ཀྱི་རྟོག་ཞིབ་རུ་ཁག་ཆེད་གཏོང་དགོས་པའི་ཞུ་སྐུལ་གནང་བར་མ་ཟད་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་གཞིའི་འོག་ཧོང་ཀོང་ནང་གི་གཞི་རྩའི་རང་དབང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཐུགས་ཚབས་ཆེན་པོ་གནང་བཞིན་པར་འགྲེལ་བརྗོད་གནང་འདུག དབྱིན་ཡུལ་གྱི་གཞུང་ཚབ་ཀྱི་ངོས་ནས་སྐབས་དེར་དབྱིན་ཡུལ་ནི་དུས་རྟག་ཏུ་གསར་འགོད་རང་དབང་ལ་བརྩི་སྲུང་གནང་རྒྱུར་བློ་ཐག་ཆོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། གསར་འགོད་པར་རྡོག་རོལ་གཏོང་མཁན་རྣམས་ཐེར་འདོན་གནང་མཁན་ཞིག་ཡིན་སྐོར་ངོ་སྤྲོད་དང་འབྲེལ། གསར་འགོད་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་མང་གཙོ་གོང་འཕེལ། དཔལ་འབྱོར་འཕེལ་རྒྱས་ཐད་ཧ་ཅང་གནད་འགག་ཞིག་ཆགས་ཡོད་སྟབས་དབྱིན་ཡུལ་གྱིས་འཕེལ་རྒྱས་ཆེ་བའི་ G7 ཞེས་པའི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ལ་གསར་འགོད་རང་དབང་ཁྱབ་སྤེལ་གནང་གལ་དུ་བརྩི་དགོས་པའི་འབོད་སྐུལ་ཞུས་ཏེ་གསར་འགོད་རང་དབང་ལྷན་ཚོགས་ཀྱི་ཕྱག་ལས་ལ་དགའ་བསུ་གནང་བ་དང་ཆབས་ཅིག རྒྱལ་སྤྱིའི་གསར་འགོད་རང་དབང་གི་མ་དངུལ་ལ་རྒྱབ་སྐྱོར་གནང་རྒྱུར་དང་ཚང་མས་གསར་འགོད་རང་དབང་དེ་གལ་ཆེར་ངོས་འཛིན་གྱིས་མཉམ་ཞུགས་གནང་རྒྱུར་རེ་སྐུལ་ཞུས་འདུགགཞི་རྩའི་ཉེ་ལམ་ཕྱི་ཟླ་ ༦ པ་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་ཀྱིས་ཤིན་ཅང་ཁུལ་གྱི་གནས་སྟངས་སྟངས་ངོ་མ་དེ་རྒྱུས་ལོན་བྱ་སླད་རྒྱ་ནག་གཞུང་དང་འབྲེལ་བ་བྱས་དང་བྱེད་མུས་ཡིན་པ་དང་། འདི་ལོར་ཤིན་ཅང་གི་ཁུལ་དུ་རྟོག་ཞིབ་སླད་ཆེད་ཕེབས་ཐུབ་རྒྱུའི་རེ་བ་གནང་གི་ཡོད་ཅེས་གསུངས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ལྕམ་ Michelle Bachelet ལགས་རྒྱ་ནག་ཏུ་ཕེབས་རྒྱུར་དགའ་བསུ་ཞུ་བཞིན་པ་དེ་ལྟར་ཡང་དེ་ནི་ཕན་ཚུན་དབར་མཉམ་ལས་དང་བརྗེ་ལེན་ལ་དམིགས་པ་ཞིག་ཡིན་དགོས་པ་ལས་རྒྱ་ནག་ཉེས་ཅན་ཞིག་ཏུ་སྔོན་ཚུད་ནས་ངོས་འཛིན་གྱིས་རྟོག་ཞིབ་བྱ་ཕྱིར་དམིགས་པ་ཞིག་ཡིན་མི་དགོས་པའི་དགག་ལན་སྤྲད་མུས་ཡོད་པ་རེད།

གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་སེལ་ཐབས་ཀྱིས་ལས་འགུལ་དུས་བཅས་ཀྱི་རེའུ་མིག་འཆར་འགོད་གནང་དགོས།

ཁ་སང་དབྱིན་ཡུལ་གྱི་ Glasgow གྲོང་ཁྱེར་དུ་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ཉེར་དྲུག་པ་དབུ་འཛུགས་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་ཏེ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་དེང་སྐབས་ང་ཚོར་འཕྲད་བཞིན་པའི་གནམ་གཤིས་ཀྱི་ཛ་དྲག་གནས་སྟངས་ལ་གདོང་ལེན་ཆེད་དབུ་ཁྲིད་ཚོས་མཉམ་རུབ་ངང་འབད་སྤུངས་ཀྱིས་ལས་འགུལ་དུས་བཅད་ཀྱི་རེའུ་མིག་འཆར་འགོད་གནང་བའི་ཐུགས་རེ་མཛད་འདུགམགོན་པོ་༸གང་ཉིད་མཆོག་གི་གསུང་འཕྲིན་ནང་གོ་ལའི་ཚ་དྲོད་འཕེལ་བ་འདི་དངོས་ཡོད་ཀྱི་གནས་ཚུལ་ཛ་དྲག་ཅིག་ཡིན་པ་དང་ང་ཚོ་སུས་ཀྱང་འདས་པའི་དུས་ཚོད་ལ་འགྱུར་བ་གཏང་རྒྱུ་དཀའ་ནའང་། ང་ཚོ་ཚང་མར་མ་འོངས་པ་སྔར་ལས་བཟང་བ་ཞིག་ཡོང་བར་ཞབས་འདེགས་ཞུ་ཐུབ་པའི་གོ་སྐབས་ཡོད་པར་མ་ཟད་ང་ཚོ་དང་ལྷག་དོན་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཚང་མར་ཞི་བདེ་དང་ཉེན་ཁ་མེད་པར་མུ་མཐུད་གནས་ཐབས་བྱ་རྒྱུའི་འགན་ཡོད་སྟབས། ཚང་མས་རེ་བ་དང་ཆོད་སེམས་བརྟན་པོའི་ཐོག་ནས་སོ་སོ་དང་གྲོང་པ་ཁྱིམ་མཚེས་ཡོངས་ལ་ངེས་པར་གཅེས་སྐྱོང་གནང་དགོས་པའི་ལམ་སྟོན་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ང་ཚོའི་མེས་པོ་རྣམས་ཀྱིས་སའི་གོ་ལ་འདི་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཏུ་འདོད་པ་དེ་དེ་བཞིན་རེད། དེ་ལས་ཀྱང་གལ་ཆེ་བ་ནི་འཛམ་གླིང་འདི་ང་ཚོའི་རང་ཁྱིམ་ཁོ་ན་དེ་ཡིན་པ་དང་འདི་ཉིད་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་ཁོ་ནའི་ཆེད་དུ་མིན་པར་མི་རབས་རྗེས་མ་རྣམས་དང་། ང་ཚོ་དང་མཉམ་དུ་ལོངས་སྤྱོད་མཁན་གྱི་ས་ཡི་གོ་ལའི་སྐྱེས་ལྡན་རིགས་ཡོད་དོ་ཅོག་གི་ཆེད་དུའང་རེད་ཅེས་བཀའ་སྩལ་མཛད་ཡོད། བོད་མཐོ་སྒང་ནི་འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་གཉིས་ཕུད་པའི་གངས་དང་འཁྱག་པའི་གན་མཛོད་ཆེ་ཤོས་ཡིན་པའི་དབང་གིས་“འཛམ་གླིང་གི་སྣེ་གསུམ་པ་”ཞེས་ཡང་ཡང་འབོད་བཞིན་པ་དང་བོད་ནི་འཛམ་གླིང་གི་རྒྱུགས་ཆུ་ཆེ་གྲས་ཡར་ཀླུང་གཙང་པོ་དང་། གངྒཱ། སེངྒེ་གཙང་པོ། རྫ་ཆུ། རྒྱ་མོ་རྔུལ་ཆུ། རྨ་ཆུ། འབྲི་ཆུ་བཅས་ཀྱིས་གཙོས་པའི་ཆུ་བོ་ཆེ་ཁག་འགའི་འབྱུང་ཁུངས་ཀྱང་ཡིན་པར་མ་ཟད། གཙང་པོ་དེ་དག་ནི་ཨེ་ཤ་ཡའི་མི་འབོར་དུང་ཕྱུར་ཉི་ཤུ་མ་ཟིན་ཙམ་གྱི་འཐུང་ཆུ་དང་ཞིང་འདྲེན་ཡུར་ཆུ། དེ་བཞིན་གློག་བཟོ་སྐྲུན་བཅས་ལ་ཉེ་མཁོར་གྱུར་ཡོད་སྟབས། བོད་ཀྱི་ཁ་བའི་འཁྱག་རོམ་མང་དག་ཅིག་བཞུ་བ་དང་། གཙང་པོར་ཆུ་མཛོད་ཀྱི་རགས་རྒྱག་པ། ཆུ་ཁ་སྒྱུར་བ། གཞི་རྒྱ་ཆེ་བའི་ཤིང་ནགས་གཅོད་འབྲེག་སོགས་ས་རྒྱུད་གཅིག་ཏུ་ཁོར་ཡུག་ལ་སྣང་ཆུང་བྱས་པའི་རྐྱེན་གྱིས་ས་ཕྱོགས་གང་སར་དེའི་ངན་འབྲས་འབྱུང་བ་གསལ་པོར་མཚོན་ཡོད་ཅེས་ལུང་འདྲེན་མཛད་དེ་ད་ཆ་ང་ཚོས་མ་འོངས་པར་གདོང་ལེན་བྱེད་སྟངས་དེ་ཞེད་སྣང་གིས་སྨོན་ལམ་བཏབ་ནས་མ་ཡིན་པར་ཚན་རིག་གི་ཤེས་ཚད་ལ་གཞི་བཅོལ་བའི་དངོས་དོན་དང་མཐུན་པའི་ལག་ལེན་གྱི་སྒོ་ནས་གནང་དགོས་པར་བཀའ་སྩལ་བ་དང་ཆབས་ཅིག ད་ཆ་རང་རེའི་འཛམ་གླིང་འདིར་གནས་པའི་སེམས་ཅན་རྣམས་སྔར་དང་མི་འདྲ་བར་ཕན་ཚུན་ལྟོས་ཚབས་ཆེ་བས་སོ་སོས་གང་བྱེད་ཀྱང་རོགས་པ་མི་གཞན་རྣམས་མ་ཚད་པར་རྩི་ཤིང་དང་སེམས་ཅན་གྲངས་ལས་འདས་པ་ལའང་ཕན་གནོད་འདྲེན་གྱི་ཡོད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བར་སྩལ་ཡོད།ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་འགྲོ་བ་མི་རྣམས་ནི་འཇིག་རྟེན་འདི་གཏོར་བཤིག་གཏོང་བ་དང་ཡང་ན་སྲུང་བའི་ནུས་པ་ཆེ་ཤོས་ལྡན་པའི་སྲོག་ཆགས་གཅིག་པོ་དེ་ཡིན་སྟབས། གནམ་གཤིས་འགྱུར་ལྡོག་གི་གནས་དོན་ཐད་ངེས་པར་ཀུན་ལ་ཕན་ཆེད་གོ་ལའི་ཁྱོན་ཡོངས་ནས་འཕྱར་གྲུ་མཉམ་འདེགས་གྱིས་གདོང་ལེན་གནང་དགོས་པ་དང་ལྷན་དུ་མི་སྒེར་གྱི་ངོས་ནས་ཀྱང་སོ་སོའི་ནུས་པ་གང་ཡོད་ངེས་པར་འདོན་དགོས་ལ། རང་རེའི་རང་བྱུང་ཁམས་དེ་སོ་སོའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་བརྩིས་ཏེ་བདག་གཅེས་གནང་དགོས་ལ་ཚན་རིག་གིས་སློབ་སྟོན་གང་གནང་རྒྱུ་ཡོད་པ་དེ་དག་ངེས་པར་དུ་སློབ་གཉེར་གནང་དགོས་ཞེས་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་མི་རབས་གཞོན་པ་རྣམས་ནས་གནམ་གཤིས་འགྱུར་ལྡོག་ཐད་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཐོས་སྐབས་༸སྐུ་ཉིད་མཆོག་ཐུགས་སྐྱེད་ཆེན་པོ་ཡོང་བཞིན་འདུག་པ་དང་དེས་མ་འོངས་པའི་ཐུགས་རེ་གང་ལ་གང་འཚམ་སྤྲོད་ཀྱིན་གྱི་འདུག་ལ། ལྷག་དོན་གཞོན་སྐྱེས་ལས་འགུལ་བ་ Greta Thunberg ལགས་ཀྱིས་ཚན་རིག་གི་གྲུབ་དོན་ལ་གསན་འཇོག་དང་དེ་འབྲེལ་ལག་བསྟར་དགོས་པའི་སྐོར་ལ་གོ་རྟོགས་སྤེལ་བ་དེ་ནི་གནད་དོན་གལ་འགངས་ཆེན་པོ་དང་ཁོང་ཚོའི་ལང་ཕྱོགས་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཡིན་པས་ཁོང་ཚོར་སེམས་ཤུགས་ངེས་པར་སྤེལ་དགོས་ཞེས་བཀའ་སྩལ་འདུག གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་རྒྱུན་དུ་འགྲོ་བ་མི་རྣམས་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་གལ་ཆེ་བ་དང་འབྲེལ། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ལ་རྒྱལ་ཁབ་ཀྱི་ས་མཚམས་ཀྱིས་ཚད་བཀག་མེད་པ་དང་དེས་ང་ཚོ་ཚང་མར་ཕོག་ཐུག་གཏོང་གིན་ཡོད་སྟབས། ད་ལྟའི་དཀའ་རྙོག་འདི་ཐུན་མོང་དུ་མྱོང་བས་དེའི་བྱུང་འབྲས་ཇེ་ཉུང་གཏོང་ཕྱིར་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ་ཆེ་བ་དང་ལྷན་དུ་དབུ་ཁྲིད་ཚོས་ཐུགས་འཁུར་ཆེར་བསྐྱེད་ཀྱིས་མཉམ་རུབ་ངང་འབད་སྤུངས་གནང་སྟེ་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་སེལ་ཐབས་གནང་དང་དེ་བཞིན་ལས་འགུལ་དུས་བཅད་ཀྱི་རེའུ་མིག་ཞིག་འཆར་འགོད་གནང་ཐོག་འཛམ་གླིང་འདི་སྔར་ལས་ཀྱང་སྡོད་བློ་བཟོད་པ་དང་སྔོ་ལྗང་ཅན། བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་འབད་བརྩོན་གནང་དགོས་པའི་ཐུགས་རེ་དང་ཐུགས་སྨོན་བཅས་མཛད་འདུགགཞི་རྩའི་ཐེངས་འདིའི་ COP26 གྱི་ལྷན་ཚོགས་འདི་བཞིན་ཁ་སང་ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༡༢ བར་འཚོགས་འཆར་ཡོད་པ་དང་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་ལྷན་ཚོགས་དབུ་འཛུགས་མ་གནང་བའི་གོང་དུ་བརྙན་འཕྲིན་བརྒྱུད་གསུང་འཕྲིན་ཞིག་སྩལ་བའི་ནང་དུ་ཁོར་ཡུག་གཏོར་སྐྱོན་གྱིས་གོད་ཆག་ལས་བསླབ་བྱ་བླངས་ཏེ་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་སྩལ་ཡོད་པ་རེད།

གྲོས་མོལ་བརྒྱུད་བོད་རྒྱའི་གནད་དོན་མ་སེལ་བར་དུ་རྒྱ་ནག་ལ་མགོ་སྒུར་རྒྱུ་མིན།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁ་སང་སུད་སིའི་ཇི་ནི་ཝ་གྲོང་ཁྱེར་དུ་ཆེད་ཕེབས་དང་འབྲེལ། དེ་རིང་སུད་སི་ནང་གི་ལས་རིམ་ཐོག་མར་ཇི་ནི་ཝའི་གླེང་སྟེགས་ཐོག་དབུ་བཞུགས་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ཞི་བའི་གྲོས་མོལ་བརྒྱུད་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུར་མུ་མཐུད་ཆོད་སེམས་བརྟན་པོ་ཡོད་པ་དང་རྒྱ་ནག་གཞུང་ནས་དེ་ལྟར་མ་གནང་བར་དུ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་མི་ཙམ་མ་ཡིན་པར་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤིན་ཅང་དང་ལྷོ་སོག ཧོང་ཀོང་། ཐེ་ཝན་སོགས་ཀྱི་ཛ་དྲག་གནད་དོན་འཛམ་གླིང་ལ་དྲིལ་བསྒྲགས་མུ་མཐུད་ནས་གནང་ངེས་ཡིན་པར་མ་ཟད་ལྷག་དོན་རྒྱ་ནག་གིས་གང་བཤད་ཀྱང་མགོ་བོ་སྒུར་ནས་ཁ་ཁུ་སིམ་པོར་རྩ་བ་ཉིད་ནས་བསྡད་ཐབས་མེད་ཅེས་གསུངས་འདུགབོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་ཏེ་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡ དང་སང་ཚེས་ ༢ བཅས་ཉིན་གྲངས་གཉིས་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་ Geneva Forum འམ་ཇི་ནི་ཝ་བོད་དོན་གླེང་སྟེགས་ ༢༠༢༡ ཞེས་པ་དབུ་འཛུགས་གནང་ཡོད་པ་དང་ཐེངས་འདིའི་གླེང་སྟེགས་གྱི་བརྗོད་གཞི་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་ཁག་རྡོག་རོལ་ཞེས་པ་དེ་ཡིན་པ་རེད།དེ་རིང་གླེང་སྟེགས་དབུ་འབྱེད་ཀྱི་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྐུ་མགྲོན་གཙོ་བོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ Jiri Oberfalzer མཆོག དམིགས་བསམ་སྐུ་མགྲོན་དུ་སུད་སིའི་གྲོས་ཚོགས་འཐུས་མི་ Nicolas Walder ལགས། ཧང་གྷ་རིའི་རྒྱལ་ས་ Budapest གྱི་རྫོང་དང་པོའི་གྲོང་ཁྱེར་སྤྱི་ཁྱབ་པ་ Geleneser Ferenc ལགས་བཅས་ཆེད་ཕེབས་གནང་འདུགསྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་ཁྲོད་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བ་དང་། བོད་ནང་རྒྱ་ནག་གི་དཀའ་སྡུག་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ནང་དེ་སྔ་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་ཁག་ཅིག་བཞག་ཐུབ་ཡོད་ཀྱང་གྲོས་ཆོད་ཀྱི་ནང་དོན་ཁག་ལག་བསྟར་དོན་འཁྱོལ་རྩ་བ་ཉིད་ནས་བྱུང་མེད་པར་མ་ཟད། དེང་གི་དུས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཞེས་པའི་སྒྲིག་འཛུགས་ཀྱི་ད་ལྟའི་སྒྲོམ་གཞི་དང་གནས་བབས་ལ་མང་ཚོགས་དུ་མས་ཡིད་ཆེས་བློ་འགེལ་གནང་གི་མེད་པའི་ཁྲོད་འདིར་སྲིད་སྐྱོང་མཆོག་སྐུ་ཉིད་ད་རེས་ཚོགས་འདུར་ཐུགས་ཕམ་རང་བཞིན་གྱི་ཐུགས་ཚོར་ཞིག་གི་ཐོག་ནས་ཆེད་བཅར་གནང་ཡོད་ཀྱང་། ཚོགས་འདུའི་ཐོག་ཆེས་གུས་བརྩི་ཡོད་པའི་སྐུ་མགྲོན་དང་ཆེད་ལས་པ། དེ་བཞིན་གཞོན་སྐྱེས་མང་དག་ཅིག་བོད་ཙམ་མ་ཡིན་པར་རྒྱ་ནག་གི་དབང་བསྒྱུར་འོག་དཀའ་སྡུག་མྱོང་བཞིན་པ་ཚང་མའི་ཆེད་དུ་ཕེབས་པ་མཇལ་སྐབས་སྲིད་སྐྱོང་མཆོག་ལ་སེམས་འགུལ་འཕར་མ་ཞིག་ཐེབས་ཡོད་པར་འགྲེལ་བརྗོད་གནང་ཡོད།སྲིད་སྐྱོང་མཆོག་གིས་སྐབས་དེར་ལོ་རྒྱུས་ཁྲོད་བོད་རང་བཙན་གྱི་གནས་བབས་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་འབྲེལ་ཏེ་བོད་རྒྱའི་གནད་དོན་གཙོས་རྩོད་རྙོག་གང་འདྲ་ཞིག་འཕྲད་ཀྱང་དེ་སེལ་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ལས་གཞན་པའི་ཐབས་ལམ་ཞིག་རྩ་བ་ཉིད་ནས་མེད་པ་ལྟར་བོད་མིའི་ངོས་ནས་རྒྱ་ནག་ལ་མུ་མཐུད་འབྲེལ་གཏུག་བརྒྱུད་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་ཕན་ཚུན་དབར་ཞི་བའི་གྲོས་མོལ་ཐོག་དཀའ་རྙོག་སེལ་ཐབས་གནང་རྒྱུ་དང་། དེ་ལྟ་བུའི་གནས་སྟངས་ཤིག་མ་འབྱུང་བར་དུ་བོད་མི་ངོས་ནས་བོད་ནང་གི་ཛ་དྲག་གནད་དོན་རྒྱལ་སྤྱིའི་ཁྲོད་མངོན་གསལ་དང་གསལ་བཟོ་གནང་རྒྱུར་འཛེམ་ཟོན་རྩ་བ་ནས་གནང་རྒྱུ་མིན་ལ། ཤིན་ཅང་དང་། ལྷོ་སོག ཧོང་ཀོང། དེ་བཞིན་ཐེ་ཝན་སོགས་ཀྱི་དངོས་ཡོད་གནས་ཚུལ་གང་ཡིན་གླེང་ངེས་ཡིན་པར་མ་ཟད་དུས་ནམ་ཡང་རྒྱ་ནག་གི་གནོན་ཤུགས་འོག་མགོ་བོ་སྒུར་ནས་ཁ་ཁུ་སིམ་པོར་བསྡད་རྒྱུ་མིན་ཞེས་ནན་པོ་གསུངས་སོང་།སྲིད་སྐྱོང་མཆོག་གིས་གཞན་ཡང་ཐེངས་འདིའི་གླེང་སྟེགས་ཀྱི་གོ་སྐབས་དང་བསྟུན་ Scotland གྱི་ Glasgow གྲོང་ཁྱེར་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་གནད་དོན་གླེང་དགོས་པའི་ཞུ་འབོད་གནང་བར་མ་ཟད། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཨོ་ལམ་པིག་རྩེད་འགྲན་ཚོགས་སྐབས་བོད་མིའི་ངོས་ནས་དེར་རྒྱབ་སྐྱོར་ཞུས་པ་དང་། རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ནང་ཞུགས་ཐབས་བྱས་པའི་སྐབས་སུའང་བོད་མིའི་ངོས་ནས་རྒྱབ་སྐྱོར་ཞུས་ཏེ་རྒྱ་ནག་དེ་ནམ་ཞིག་འགན་འཁུར་ལྡན་པའི་རྒྱལ་ཁབ་ཞིག་ཆགས་ཐུབ་པའི་རེ་བ་གནང་ཡོད་ཀྱང་ད་བར་དེ་ལྟར་རྩ་བ་ཉིད་ནས་བྱུང་མེད་སྟབས། ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་ལམ་པིག་རྩེད་འགྲན་ལ་མཉམ་ཞུགས་གནང་མཁན་རྒྱལ་ཁབ་སུ་འདྲ་ཞིག་ནས་དེ་ལྟར་གནང་ཚེ་དེ་ནི་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་དྲག་པོའི་སྲིད་བྱུས་ལ་ངན་སྦྲེལ་ཡོད་པར་ངོས་འཛིན་གནང་རྒྱུ་ཡིན་པར་གསུངས་ཡོད།ཕྱོགས་མཚུངས་རྒྱ་ནག་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཡོད་ཀྱང་བཟང་སྤྱོད་ཐོག་འཛམ་གླིང་སྣེ་ཁྲིད་བྱ་རྒྱུའི་སྟོབས་ཤུགས་མེད་པར་འགྲེལ་བརྗོད་དང་འབྲེལ། ཐེངས་འདིའི་ལྷན་ཚོགས་ཐོག་ཚོགས་བཅར་བ་རྣམས་ཀྱིས་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་སྟེ་གླེང་སྟེགས་ཐོག་མར་གསར་འཛུགས་བའི་གནང་བའི་དམིགས་ཡུལ་གཞིར་བཟུང་ནུས་པ་ལྡན་པའི་ལམ་བུ་ཞིག་ལ་བསྐྱོད་དེ་བོད་དང་ཤིན་ཅང། ཧོང་ཀོང། ཐེ་ཝན་སོགས་ཀྱི་གནད་དོན་རྒྱལ་སྤྱིའི་ཁྲོད་འབུར་ཐོན་བྱེད་ཐུབ་པའི་རེ་བ་ཞུས་པ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷག་པར་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ཐོག་གཅིག་གྱུར་གྱི་ཕྱི་འབྲེལ་སྲིད་བྱུས་དང་ཚོང་འབྲེལ་ཐོག་གཅིག་གྱུར་གྱི་སྲིད་བྱུས་ཟིན་ཐུབ་པའི་རེ་སྐུལ་གནང་ཡོད། ཉིན་གཉིས་ཀྱི་ཇི་ནི་ཝའི་གླེང་སྟེགས་ཐོག་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་གཞོན་སྐུ་ཞབས་ Jiri oberfalzer ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་གཙོས་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་དེ་བྱུང་གི་ཉམས་མྱོང་ངོ་སྤྲོད་དང་འབྲེལ། མང་གཙོ་ལྡན་པའི་རྒྱལ་ཁབ་ཚོས་ཚོང་འབྲེལ་དང་དཔལ་འབྱོར་གྱི་ཁེ་ཕན་སླད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཡ་ང་བའི་གནས་སྟངས་ལ་སྡིག་པ་མིག་བཙུམ་གནང་ན་དེ་ནི་ཧ་ཅང་གི་བྱབ་ཆུང་དང་གླེན་རྟགས་ཡིན་པར་འགྲེལ་བརྗོད་གནང་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་སུད་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ nicholaswalderལགས་ཀྱིས་རྒྱ་ནག་སྤྱིའི་འགྲོ་བ་མིིའི་ཐོབ་ཐང་གི་གནད་དོན་དང་བོད་ནང་གི་རང་དབང་རྡོག་རོལ་གྱི་གནད་དོན་ནི་འཛམ་གླིང་སྤྱི་དང་སུད་སི་གཞུང་ལ་ནག་ཐིག་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ། སུད་སི་གྲོས་ཚོགས་ཀྱི་ཕྱི་ནང་གཉིས་སུ་ཁོང་གཙོས་བོད་ཀྱི་གྲོགས་པོ་རྣམས་ཀྱིས་བོད་དོན་འཐབ་རྩོད་ལ་སྨན་པའི་རྒྱབ་སྐྱོར་གྱི་ལས་དོན་གང་སྤེལ་སྙན་སེང་ཞུས་པ་དང་། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དམར་ཤོག་གི་རྒྱ་སྐྱེད་རིང་ལུགས་ཀྱི་ཤུགས་རྐྱེན་སྐོར་ལ་གཞི་ནས་གོ་རྟོགས་འཕེལ་ཏེ་རྒྱ་ནག་གི་དཔོན་རིགས་ལ་གཞུང་འབྲེལ་ཉེས་ཆད་སོགས་བཏང་བའི་ལམ་བུར་ཕེབས་བཞིན་པ་ནི་ཤིན་ཏུ་འོས་འཚམས་དང་བཟང་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ Geleneser Ferenc ལགས་ཀྱིས་ཀྱང་ཧང་གྷ་རིའི་ནང་རྒྱ་ནག་གི་ཤུགས་རྐྱེན་སྐོར་འགྲེལ་བརྗོད་དང་འབྲེལ། མེས་མེར་ཁ་གཏད་གཅོག་རྒྱུ་ཞེས་པ་དེ་འོས་འཚམས་མེད་ཀྱང་། རྒྱ་ནག་ལ་ཐུག་སྐབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེ་ལྟར་གནང་བ་བརྒྱུད་ནམ་ཞིག་རྒྱ་ནག་ལ་རང་ཉིད་སོ་སོའི་རྒྱལ་ཁབ་ཀྱི་རྩ་ཆེའི་རིན་ཐང་དང་ལེན་བྱེད་ཐུབ་པ་ཞིག་བཟོ་དགོས་སྐོར་གསུངས་འདུགཉིན་གཉིས་རིང་གི་ཇི་ནི་ཝའི་གླེང་སྟེགས་ཐོག་སྲིད་སྐྱོང་མཆོག་གཙོས་བོད་མིའི་སྒྲིགས་འཛུགས་ཀྱི་སྐུ་ཚབ་དང་། གསར་འགོད་པ། བོད་དང་རྒྱ་ནག་རིག་པའི་ཁས་དབང། དེ་བཞིན་ཆབ་སྲིད་མི་སྣ་སོགས་གནད་ཡོད་སྐུ་མགྲོན་ཁག་ཅིག་གདན་ཞུ་ཕུལ་བའི་ཐོག་བོད་ནང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་དང་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན། རྒྱ་ནག་གིས་རང་ཉིད་ཀྱི་རྒྱལ་མཚམས་ལས་འགལ་ནས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་བཀའ་བསྡུར་གནང་གི་ཡོད་པ་རེད།

Latest news