Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2022

བསྟན་འཛིན་ཡོན་ཏན་ལགས་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་སོང་།

དེ་རིང་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡ ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་དྲུང་ནས་རང་ལོ་ ༣༡ སོན་ལ་ཉེ་བ་དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་སོང་།དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་དགུའི་ནང་གསེས་དོན་ཚན་དང་པོའི་ནང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ས་གནས་སོ་སོའི་འགོ་འཛིན་ཁག་དང༌། དེ་མིན་ལས་བྱེད་དང༌། སྐྱེ་བོ་སུ་འོས་ལ་ཁྲིམས་ཞིབ་ཀྱི་དབང་ཆ་སྤྲད་དེ་གཏན་འཇགས་དང༌། འཕྲལ་སེལ། ཡང་ན་སྐོར་བསྐྱོད་བཅས་ཀྱི་ཁྲིམས་ཞིབ་ཁང་འོག་མའི་ལས་དོན་སྐབས་བསྟུན་གྱིས་སྒྲུབ་ཆོག་པ་ཡིན་ཞེས་གསལ་དོན་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག དེ་བཞིན་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་དང་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་སར་དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་དྲུང་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་ཡོད། གཞི་རྩའི་བསྟན་འཛིན་ཡོན་ཏན་ལགས་ནི་བོད་ནང་ལ་འཁྲུངས་ཏེ་ཆུང་དུས་བོད་ནང་དུ་འཚར་ལོངས་བྱུང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༢༠༠༤ ལོ་ལ་བཙན་བྱོལ་དུ་ཕེབས་ཏེ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་ལ་འབྲིང་རིམ་དང་གཞི་རིམ་གོང་མའི་སློབ་སྦྱོང་གནང་གྲུབ་པའི་རྗེས་སུ་རྒྱ་གརལྷོ་ཕྱོགས་མེ་སོར་གཙུག་ལག་སློབ་གཉེར་ཁང་དུ་ལོ་ལྔའི་རིང་ལ་ཁྲིམས་ལུགས་རབ་འབྱམས་པ་དང་། རྡེ་ར་རྡུན་ཁྲིམས་ལུགས་རིག་པའི་མཐོ་སློབ་ནས་ཁྲིམས་ལུགས་རིག་པའི་གཙུག་ལག་རབ་འབྱམས་པ་བཅས་སློབ་ཐོབ་བྱུང་བ་ཞིག་ཆགས་འདུགད་རེས་ཁོང་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་གྲུབ་པའི་རྗེས་སུ་གསར་འགོད་པའི་བཅར་འདྲི་དང་དུ་བླངས་བ་དང་སྦྲགས། ང་རང་ཚོ་མང་གཙོའི་ལམ་སྲོལ་ཞིག་གི་ཐོག་ལ་འགྲོ་བཞིན་ཡོད་སྟབས། ཁྲིམས་ཀྱི་དབང་བསྒྱུར་ཞེས་པ་དེ་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག མ་འོངས་ལས་དོན་ཁྲོད་གཙོ་བོ་མང་ཚོགས་ཁྲོད་ལ་དེ་འབྲེལ་ཁྲིམས་ཀྱི་གོ་རྟོག་གང་ཐུབ་སྤེལ་རྒྱུའི་ཐོག་ལ་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་། རྩ་བའི་ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་སྒར་དུ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། དེ་བཞིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་བཅས་ཁྱོན་ས་གནས་ཁྲིམས་ཞིབ་ཁང་གསུམ་ཡོད་པ་དང་། དེ་དག་ཁྲོད་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དེ་ནི་ཕྱི་ལོ་ ༢༠༠༣ ལོར་ཟུར་བཙུགས་གནང་ཞིང་། ས་གནས་ཁྲིམས་ཞིབ་ཁང་དེའི་ཁྱབ་ཁོངས་སུ་ཀར་ན་ཀྲ་ཀ་དང༌། ཊ་མཱེལ་ནཐ། གོ་ཝ། མ་ཧ་ར་ཤི་ཀྲ། ཨོ་ལྡི་ཤ  ཆཱ་ཏི་སི་སྒར་སོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁང་དང་། དེ་བཞིན་མངའ་ཁུལ་དེ་དག་ནང་ཁ་འཐོར་དུ་གནས་འཁོད་བོད་མི་རྣམས་ཚུད་ཀྱི་ཡོད་པ་རེད།

འདི་ལོ་ནས་རྡ་ཤོད་བོད་ཁྱིམ་དུ་འཛིན་རིམ་ལྔ་བ་བར་དུ་མ་གཏོགས་སློབ་འཇུག་བྱེད་རྒྱུ་མ་རེད།

ཕྱི་ལོ་༢༠༠༨ གྱི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། གཞིས་ནས་བྱིས་སུ་བཙན་བྱོལ་དུ་ཕེབས་མཁན་གྱི་གྲངས་འབོར་ལྟོས་བཅོས་ཀྱི་ཇེ་ཉུང་དུ་ཕྱིན་པ། དེ་བཞིན་བཙན་བྱོལ་ནང་དུ་བོད་ཁྱིམ་སློབ་གྲྭ་ཁག་གི་ནང་དུ་བོད་ཕྲུག་སློབ་མའི་གྲངས་འབོར་ཚད་མདའ་རུ་གྱུར་བ་དང་། སློབ་མ་ཡོད་བསྡད་པའི་གྲངས་ནས་ཀྱང་སློབ་ཐོན་ཟིན་པ་དང་ཕྱི་རྒྱལ་ཏུ་འགྲོ་མཁན་རིགས་མང་དུ་འགྲོ་བཞིན་པ་དང་བསྟུན་ནས་ད་ཆ་བོད་ཁྱིམ་སློབ་གྲྭ་ཁག་གི་ནང་དུ་སློབ་མའི་གྲངས་ཚད་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པར་བརྟེན་འདི་ལོ་ནས་རྡ་ཤོད་བོད་ཁྱིམ་ཏུ་འཛིན་རིམ་ལྔ་བ་བར་དུ་མ་གཏོགས་དེ་མིན་གྱི་འཛིན་རིམ་རྒན་པ་རྣམས་གོ་པལ་པུར་དང་སུ་ཇ། དེ་བཞིན་ཅོན་ཏ་ར་བོད་ཁྱིམ་སོགས་སུ་གནས་སྤོར་བྱེད་རྒྱུ་རེད་འདུག གཞི་རྩའི་བཀའ་ཤག་སྐབས་སྔོན་མ་དང་ད་ལྟའི་བཀའ་ཤག་ནས་བོད་པའི་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་བའི་སྲིད་ཇུས་གྲོས་བསྡུར་སྔ་ཕྱི་གནང་བ་ལྟར། ཟླ་སྒྲིལ་གཏོང་རྒྱུའི་གྲོས་ཆོད་དང་པོ་དེ་ཁྱབ་ཁོངས་སོ་སོའི་ཁོངས་སུ་ཟླ་སྒྲིལ་གཏོང་རྒྱུར་ཐག་གཅོད་གནང་ཡོད་པ་ལྟར། རྡ་ཤོད་བོད་ཁྱིམ་དུ་འདི་ལོ་ནས་བཟུང་འཛིན་རིམ་ལྔ་བ་བར་དུ་མ་གཏོགས་སློབ་འཇུག་བྱེད་རྒྱུ་མིན་པར། ད་ཡོད་ཀྱི་རྡ་ཤོད་བོད་ཁྱིམ་གྱི་སློབ་ཁོངས་ནས་འཛིན་རིམ་དྲུག་པ་རྣམས་གོ་པལ་པུར་བོད་ཁྱིམ་ལ་ཟླ་སྒྲིལ་དང་། འཛིན་རིམ་བདུན་པ་རྣམས་ཅོན་ཏ་ར་བོད་ཁྱིམ་དུ་སློབ་འཇུག དེ་བཞིན་འཛིན་རིམ་བརྒྱད་པ་རྣམས་སུ་ཇཱ་བོད་ཁྱིམ་དུ་ཟླ་སྒྲིལ་གཏོང་རྒྱུའི་ཐག་གཅོད་གནང་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དབུས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་ཤེས་ཡོན་འགན་འཛིན་རྒན་བསོད་ནམས་སྲི་གཅོད་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པར་ཁོང་གིས་སྤྱི་ཡོངས་ཀྱི་སློབ་མའི་གྲངས་འབོར་ཉུང་དུ་ཕྱིན་པ་དང་བསྟུན་ནས་ད་ཆ་བོད་ཁྱིམ་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་ཟླ་སྒྲིལ་གྱི་སྲིད་བྱུས་ཤིག་གཏན་འབེབས་ཀྱིས་ད་ལོ་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པར་གསུངས་ཏེ། སློབ་ཕྲུག་རྣམས་ཀྱི་ནང་མི་ཁ་འཐོར་དུ་མི་འགྲོ་བའི་རྩ་བའི་དགོངས་པ་གཞིར་བཞག་གི་ཐོག་ནས་ཧི་མ་ཅལ་ཁྱབ་ཁོངས་ཀྱི་བོད་ཁྱིམ་སློབ་གྲྭ་ཁག་གི་ནང་དུ་རྡ་ཤོད་བོད་ཁྱིམ་གྱི་སློབ་མ་རྣམས་ཟླ་སྒྲིལ་གཏོང་རྒྱུར་ཐག་གཅོད་གནང་ཡོད་སྐོར་གསུངས་སོང་། སློབ་གྲྭ་ཟླ་སྒྲིལ་དང་འབྲེལ་ནས་བོད་ཁྱིམ་སློབ་ཁོངས་སུ་ཡོད་པའི་རྒྱ་གར་གྱི་ལས་བྱེད་དང་དེ་བཞིན་ཡུལ་མིའི་སློབ་ཕྲུག་སོགས་ཀྱི་གནས་བབ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་རྒན་ལགས་ཀྱིས་དམིགས་བསལ་གྱི་སྲིད་བྱུས་དེ་འདྲ་གང་ཡང་མེད་པར་གཅིག་མཚུངས་ཡིན་པར་ངོ་སྤྲོད་ཀྱིས། ཟླ་སྒྲིལ་གྱི་སྐབས་སུ་སློབ་མ་ཙམ་མིན་པར་ལས་བྱེད་མང་པོ་ཞིག་ཀྱང་གནས་སྤོར་བྱེད་དགོས་དུས་དཀའ་ངལ་ཆུང་ངུ་འཕྲད་སྲིད་ཀྱང་། གོང་རིམ་ནས་ལས་བྱེད་ཀྱི་ས་མིག་ཡོད་མེད་དང་ནང་མི་མཉམ་གནས་ཐུབ་ཐབས་སོགས་ལ་དགོངས་བཞེས་གནང་རྒྱུ་ཡིན་པར་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་ཤེས་རིག་ཚོགས་ཆེན་སོགས་བརྒྱུད་ནས་སློབ་གྲྭ་ཟླ་སྒྲིལ་གྱི་སྐོར་ན་བཀའ་མོལ་རིམ་གནང་བའི་ནང་དུ། ཁྱབ་ཁོངས་སོ་སོའི་འགན་རྐང་བཞེས་ཀྱིས་སློབ་གྲྭ་ཟླ་སྒྲིལ་གནང་རྒྱུར་འབད་བརྩོན་ཞུ་རྒྱུར་ཐག་གཅོད་གནང་བ་ལྟར། ཐེངས་འདིར་ཟླ་ཤོད་བོད་ཁྱིམ་དུ་སློབ་མ་ཉུང་དུ་ཕྱིན་པའི་དབང་གིས་ཟླ་སྒྲིལ་བྱས་ཡོད་པ་ཞིག་ཡིན་པ་ལས་བོད་ཁྱིམ་གྱི་སློབ་ཁག་གཞན་ལ་དམིགས་བསལ་གྱིི་འགྱུར་བ་གང་ཡང་ཕྱིན་མེད་པར་གསུངས་སོང་། གཞི་རྩའི་བཙན་བྱོལ་ནང་དུ་བོད་ནས་ཕེབས་མཁན་ཇེ་ཉུང་དུ་ཕྱིན་པའི་དབང་གིས་སྤྱི་ཡོངས་ཀྱི་བོད་སློབ་ཀྱི་གྲངས་འབོར་ཉུང་དུ་ཕྱིན་པ་དང་འབྲེལ་ནས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་སྤོན་ཊ་གཏན་སློབ་ཏུ་སློབ་མ་ཉུང་འཕྲི་བྱས་ནས་འཛིན་རིམ་ལྔ་པ་བར་གཅོག་རྒྱུ་ཡིན་ཞིང་། ད་ལོའི་སློབ་དུས་གསར་པ་ནས་སྤོན་ཊ་གཏན་སློབ་ཀྱི་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་སུ་རི་དང་ཧ་སྤར་སྤུར་སློབ་ཁག་གཉིས་ནང་ཟླ་སྒྲིལ་གཏོང་རྒྱུ་ཡིན་པར་བསྒྲགས་ཡོད་པ་ལྟར། སྐབས་དེར་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་འགྲུབ་ལགས་ཀྱིས་འདི་གའི་གསར་ཁང་ལ་འགྲེལ་བརྗོད་བྱས་པའི་ནང་དུ། ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་སྐབས་གྲོས་ཆོད་བཞག་པ་གཞིར་བཟུང་གིས་སློབ་ཕྲུག་གི་གྲངས་ཚད་ལ་གཞིགས་ཏེ་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་གི་ཡོད་པ་ཞིག་ཡིན་པར་གསུངས་ཡོད།

རེས་གཟའ་ཉི་མ། ༢༠༢༢།༠༡།༠༢

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བེུད་ལེ་ཚན། གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་དང་གླེང་མོལ། Sunday 02/01/2022 Women of Tibet: Tenzin Sangmo, Tibetan Journalist

རེས་གཟའ་སྤེན་པ། ༢༠༢༢།༠༡།༠༡

ཉན་པ།: Listen ཕབ་ལེན། Download ༢༠༢༡ ལོའི་རེ་བཟང་གི་གནས་ཚུལ་ཕྱོགས་བསྡུས། Saturday 01/01/2022 2021: News Stories that gave us hope

Latest news