Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2022

རེས་གཟའ་སྤེན་པ། ༢༠༢༢།༠༤།༠༩

ཉན་པ།: Listen ཕབ་ལེན། Download བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་དང་པོ་ཚོགས་པ་དང་འབྲེལ་བའི་གླེང་མོལ། Saturday 09/04/2022 The Future of Tibet: Exploring the Path Forward

རེས་གཟའ་པ་སངས། ༢༠༢༢།༠༤།༠༨

ཉན་པ།: Listen ཕབ་ལེན། Download རྒྱ་གར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་ཡོང་ཐབས་གནང་རྒྱུ་དེ་ང་ཚོའི་ལས་འགན་རེད། དབུས་བོད་མིའི་ངལ་སེལ་ཚོགས་པར་ཧིན་སྒོར་ས་ཡ་བཞི་བརྒྱ་ཐམ་པའི་རོགས་དངུལ་མུ་མཐུད་གནང་རྒྱུ། ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱིར་ཕུད་བཏང་འདུག བོད་ཀྱི་སེམས་ཁམས་རིག་པའི་བསམ་བློ་དང་སེམས་ཁམས་བདེ་ཐང་ཐོག་ཚོགས་འདུ། རྒྱ་ནག་གིས TikTok དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་སྤྱོད་དེ་ཨོ་རྩལ་ཁྱབ་བསྒྲགས་བྱས་པ་མངོན་གསལ། Friday 08/04/2022 Deputy Speaker led TPiE delegation in Delhi for Tibet advocacy campaign Centre to continue grant money of Rs 40 crore towards CTRC for next 5 years Russia ousted from UNHRC, Hailey welcomes; says Venezuela, Cuba, China should be next Mind and Mental Health Conference held in Dharamsala China used TV, TikTok stars in discreet Olympics campaign

རྒྱ་གར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་ཡོང་ཐབས་གནང་རྒྱུ་དེ་ང་ཚོའི་ལས་འགན་རེད།

ཉེ་ཆར་ཕྱི་ཚེས་ ༤ ཉིན་ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་གྱི་སྣེ་ཁྲིད་འོག་སྤྱི་འཐུས་མི་གྲངས་བཞི་ ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གིས་རྒྱལ་ས་ལྡི་ལིའི་ཁུལ་དུ་རྒྱ་གར་གྱི་སྔོན་རྩིས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་གནང་མཁན་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བོད་དེ་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་དང་རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་བོད་དེ་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཡོང་ཐབས་གནང་རྒྱུ་དེ་བོད་མི་ཚོའི་སྐབས་བབ་ཀྱི་ལས་འགན་ཞིག་རེད་གསུངས་ཡོད། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གིས་ད་བར་འདས་པའི་ཉིན་གྲངས་ལྔའི་རིང་རྒྱ་གར་གྱི་གནད་ཡོད་ཆབ་སྲིད་མི་སྣ་གྲངས་ ༤༠ ལྷག་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། སྐུ་ཚབ་རྣམ་པས་རྒྱ་གར་གྱི་གནད་ཡོད་དཔོན་རིགས་རྣམས་ལ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་པའི་ཁར་བོད་མིའི་ཡུལ་གོམས་གཤིས་ལུགས་དང་འགྲོ་འདུག་སྤྱོད་གསུམ་བཅས་ལ་དམ་དྲག་བྱས་དང་བྱེད་པའི་རྐྱེན་གྱིས་ད་བར་བོད་མི་ ༡༦༠ ཙམ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་ཆེས་ཡ་ང་བའི་གནས་སྟངས་དང་། བོད་ཀྱི་སྐད་ཡིག་དང་ཁོར་ཡུག། དེ་བཞིན་རྩོམ་པ་པོ་རྣམས་ལ་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བཀག་ཉར་བྱས་པ། ལྷག་པར་དུ་རྒྱ་ནག་གཞུང་གིས་ཡར་རྒྱས་ཀྱི་མིང་བྱང་འོག་བོད་ནང་གི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེར་བཏང་བ་སོགས་བོད་ནང་གི་ཛ་དྲག་གནས་ཐོག་རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་མ་ཚད་པར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ལ་བདེ་འཇགས་ཡོང་བའི་ཐབས་ལམ་གཙོ་བོ་དེ་བོད་ཀྱི་དཀའ་ངལ་ལ་ཐུག་ཡོད་སྟབས། རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཚོས་བོད་རྒྱའི་དབར་ཆབ་སྲིད་ཀྱི་གྲོས་མོལ་ཡོང་ཐབས་སུ་འབད་བརྩོན་གནང་དགོས་གནད་སོགས་ཀྱི་ཞུ་སྐུལ་ཞུས་ཡོད། ལྷག་དོན་ཚོགས་ཆུང་སྣེ་ ཁྲིད་གནང་མཁན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གིས་དམིགས་བསལ་རྒྱ་གར་བྱང་ཤར་གྱི་གྲོས་ཚོགས་འཐུས་མི་ ༢༠ ལྷག་དང་མཇལ་འཕྲད་ཞུས་པ་བརྒྱུད་ནས་ཁོར་ཡུག་དང་འབྲེལ་བའི་ཆུའི་དཀའ་ངལ་ཐོག་ཐུན་མོང་གི་ནུས་པ་མཉམ་སྤུངས་ཡོང་ཐབས་ཐོག་བཀའ་མོལ་ཞིབ་རྒྱས་བྱུང་ཡོད་པ་དང་། རྒྱ་གར་དཔོན་རིགས་ཚོའི་ངོས་ནས་བོད་ནང་གི་ཆེས་ཡ་ང་བའི་གནས་སྟངས་ཁག་གསན་རྗེས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པར་འགྲེལ་བརྗོད་གནང་སོང་།   འདས་པའི་ཉིན་གྲངས་ལྔའི་རིང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རྣམས་ནས་ད་དུང་ཐེ་ཝན་གཙོས་པའི་ཕྱི་རྒྱལ་གཞུང་ཚབ་པ་ཁག་ཅིག་དང་མཇལ་འཕྲད་གནང་འདུག ཐོག་མའི་ཆར་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༤ ནས་ ༨ བར་རྒྱ་གར་གྲོས་ཚོགས་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་ཁག་གི་གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་སོགས་ཀྱི་ལས་རིམ་སྒྲིག་ཡོད་ཀྱང་། ད་ཆ་སྔོན་སྒྲིག་གི་ལས་རིམ་ལ་འགྱུར་བ་ཕྲན་བུ་ཕྱིན་སྟབས་ཁོང་རྣམས་ད་དུང་ཉིན་ཤས་རིང་མུ་མཐུད་དེ་བོད་དོན་ཞུ་སྐུལ་གནང་འཆར་འདུག།

དབུས་བོད་མིའི་ངལ་སེལ་ཚོགས་པར་ཧིན་སྒོར་ས་ཡ་བཞི་བརྒྱ་ཐམ་པའི་རོགས་དངུལ་གནང་གཏན་ཁེལ་འདུག

བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་སྟེ་རྒྱ་གར་དབུས་དང་ས་གནས་གཞུང་གིས་བཙན་བྱོལ་བོད་མིའི་བདེ་དོན་དང་འབྲེལ་བའི་ཐོག་རོགས་རམ་སྣ་ཚོགས་ཤིག་གནང་དང་གནང་མུས་ཡིན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༦ ནས་དབུ་འཛུགས་ཀྱིས་ལོ་ལྔ་རེའི་མཚམས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་བོད་མིའི་ངལ་སེལ་ཚོགས་པར་ཧིན་སྒོར་ས་ཡ་བཞི་བརྒྱ་ཐམ་པའི་རོགས་དངུལ་ཞིག་གནང་ཡོད་པ་རེད། ལོ་ལྔ་ཚན་ཅན་གྱི་རོགས་དངུལ་དེ་ཕྱི་ལོ་ ༢༠༢༡༌༢༢ ལོའི་རྩིས་མཇུག་སྒྲིལ་ཟིན་གྱི་ཡོད་སྟབས། ཉེ་ཆར་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Sujeet Kumar ལགས་ནས་ཡུལ་འདིའི་གྲོས་ཚོགས་གོང་མར་རྒྱ་གར་གཞུང་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་ཧིན་སྒོར་ས་ཡ་བཞི་བརྒྱ་ཐམ་པའི་རོགས་དངུལ་མུ་མཐུད་གནང་འཆར་ཡོད་དམ་ཞེས་བཀའ་འདྲི་ཞུས་འདུག་སྟབས། སྐབས་དེར་རྒྱ་གར་དབུས་གཞུང་གི་ནང་སྲིད་ལས་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ Ajay Kumar Mishra ལགས་ཀྱིས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་ཁྱོན་རོགས་དངུལ་ས་ཡ་བཞི་བརྒྱ་ཐམ་པ་གསོལ་སྩལ་གནང་ཡོད་པ་དང་། རོགས་དངུལ་འདི་ཕྱི་ལོ་ ༢༠༢༥༌༢༦ ལོའི་རྩིས་ལོ་བར་ཁྱོན་ལོ་ལྔ་རིང་མུ་མཐུད་གནང་གཏན་ཁེལ་ཡོད་སྐོར་གསུངས་འདུག གཞི་རྩའི་རྒྱ་གར་གཞུང་གིས་དབུས་བོད་མིའི་ངལ་སེལ་ཚོགས་པར་གནང་བཞིན་པའི་ལོ་ལྔ་ཚན་ཅན་གྱི་རོགས་དངུལ་ཧིན་སྒོར་ས་ཡ་བཞི་བརྒྱ་དེ་འཆར་འགོད་ཐོག་རྩིས་ལོ་རེ་རེར་ཧིན་སྒོར་ས་ཡ་བརྒྱད་ཅུ་རེ་གནང་བཞིན་ཡོད་པ་དང་། སྐུ་ཞབས་ Ajay Kumar Mishra ལགས་ཀྱིས་ཁ་ཉིན་དེ་འབྲེལ་ལན་འདེབས་གསལ་བཤད་གནང་བར་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་བོད་མི་གནས་ཡུལ་རྒྱ་གར་གྱི་མངའ་སྡེ་དང་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་བཏང་འཛིན་འོག་ཡོད་པའི་ས་གནས་ཁག་གི་འབྲེལ་ཡོད་ཚོ་དང་གྲོས་བསྡུར་གནང་སྟེ་བཙན་བྱོལ་བོད་མིར་མཐུན་རྐྱེན་གནང་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པར་དགོས་ངེས་བསྐྱར་ཞིབ་ཅིག་གནང་འཆར་ཡོད་པ་གསུངས་འདུག

ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱིར་ཕུད་བཏང་འདུག

ཨུ་རུ་སུའི་ཉེ་ཆར་ཡུག་རེན་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ་ཕྱོགས་གཉིས་ཀྱི་དམག་འཐབ་རིམ་པ་བྱུང་བའི་ཁྲོད་མང་ཚོགས་ཤི་རྨས་ཐེབས་བཞིན་པའི་གནད་དོན་དང་འབྲེལ་ནས། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཀྱི་ཐོག་ནས། ཨུ་རུ་སུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱིར་ཕུད་བཏང་འདུག ཁ་སང་གི་ལྷན་ཚོགས་ཀྱི་ཐོག་ཏུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁོངས་ནས་རྒྱལ་ཁབ་༩༣ གྱིས་ཨུ་རུ་སུ་རྒྱལ་ཚོགས་ཀྱི་ཁོངང་ནས་ཕྱིར་ཕུད་གཏོང་རྒྱུར་འོས་འཕངས་ཡོད་པ་དང་། རྒྱལ་ཁབ་༢༤ ཡིས་གྲོས་གཞི་དེར་དགག་གཞག་གནང་ཡོད་པ་དང་རྒྱལ་ཁབ་ ༥༨ གྲོས་གཞི་དེར་ཞུགས་ཐུབ་མི་འདུགགྲོས་ཆོད་དེ་དང་འབྲེལ་ནས། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་པ་ཟུར་བ། ལྕམ Nikki Haley ལགས་ཀྱིས་ Fox News Digital གསར་ཁང་ལ་འགྲེལ་བརྗོད་བྱས་པའི་ནང་། ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་ནས་ཕྱིར་ཕུད་བཏང་བའི་གྲོས་ཆོད་དེར་དགའ་བསུ་ཞུས་ཏེ། ལྷན་ཚོགས་ཀྱི་ངོས་ནས་ཨུ་རུ་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནས་ཕྱིར་ཕུད་བཏང་བ་དེ་ནི་དོན་ལ་གནས་བ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས། དམག་དོན་གྱི་ཉེས་ཅན་པ་ཞིག་ལ་ལྷན་ཚོགས་སུ་ཞབས་སྟེགས་སྤྲད་པ་ཡིན་ན་ལྷན་ཚོགས་ཀྱི་མཚན་གནས་ལ་གནོད་ཀྱི་ཡོད་པར་ངོ་སྤྲོད་ཀྱིས། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞན་པའི་རྒྱལ་ཁབ་རྒྱ་ནག་དང་བྱང་ཀོ་ཡི་ཡ། དེ་བཞིན་སི་རི་ཡཱ་དང་ཨེ་རན་སོགས་ཀྱང་རྗེས་སུ་ཕྱིར་ཕུད་གཏོང་དགོས་བར་བརྗོད་འདུག གཞི་རྩའི་རེས་གཟའ་ཟླ་བའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་པ། ལྩམ་ Thomas-Greenfield ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་༤༧ པའི་ཐོག་ཨུ་རུ་སུ་དམག་འཐབ་དང་འབྲེལ་ནས་མང་ཚོགས་ཤི་རྨས་ཐེབས་པའི་གནད་དོན་མངོན་གསལ་གནང་བ་བརྒྱུད་ནས་ཨུ་རུསུ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནས་ཕྱིར་ཕུད་གཏོང་དགོས་བའི་སྐུལ་མ་གནང་བ་མ་ཟད། ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་ཡོད་པ་ནི་གད་མོ་སློང་བྱེད་ཀྱི་གནད་དོན་ཞིག་ཡིན་པའི་ཟུར་ཟ་གནང་འདུག ཁ་སང་ལྷན་ཚོགས་ཀྱི་དབུས་སུ་ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་ནས་ཕྱིར་ཕུད་བཏང་མ་ཐག ལྩམ་ Thomas-Greenfield ལགས་ཀྱིས་ཁོང་གི་འཕྲུལ་སྒྲའི་སྟེང་། ཁ་སང་ནི་གལ་གནད་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ཞིག་ཡིན་པ་ཕྱིར་བསྒྲགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་ཨུ་རུ་སུ་ལྷན་ཚོགས་ནས་ཕྱིར་ཕུད་བཏང་ཡོད་ལུགས་མངོན་གསལ་གནང་བརྒྱུད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཨུ་རུ་སུ་ཕྱི་གསལ་ནང་གསལ་བཟོ་དགོས་བའི་བརྡ་ལན་གལ་ཆེན་ཞིག་སྤྲད་ཡོད་པར་བསྒྲགས་འདུག གཞི་རྩའི་ཕྱི་ལོ་ ༢༠༠༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུན་མོང་གིས་གྲོས་ཆོད་གཏན་འབེབས་གནང་བའི་ནང་དུ། རྒྱལ་ཁབ་སུ་ཞིག་གིས་མངོན་སུམ་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་ན་རྒྱལ་ཁབ་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ནང་ནས་ཕྱིར་ཕུད་གཏོང་དགོས་བར་འཁོད་ཡོད་དང་། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་རྒྱལ་ཁབ་ ༡༩༣ ལྷག་ཡོད་པའི་ཁྲོད། གྲོས་ཆོད་གཏན་འབེབས་ལ་རྒྱལ་ཁོངས་ནས་ངོ་ཡོད་སུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་དགོས་བར་འཁོད་ཡོད་པ་ལྟར། ཁ་སང་གི་གྲོས་ཆོད་དེར་རྒྱལ་ཁབ་༩༣ ལྷག་གིས་རྒྱབ་སྐྱོར་གྱིས་མང་མོས་ཐོག་གཏན་འབེབས་བྱུང་འདུག

  བོད་ཀྱི་སེམས་ཁམས་རིག་པའི་བསམ་བློ་དང་སེམས་ཁམས་བདེ་ཐང་ཐོག་ཚོགས་འདུ།

དེ་རིང་སྔ་དྲོ་ཚོུད་ ༡༠ ཙམ་ལ་བཞུགས་སྒར་མེག་གྷན་བོད་ཀྱི་མགྲོན་ཁང་དུ་ Tibetan Psychological Association ཞེས་བོད་ཀྱི་སེམས་ཁམས་རིག་པའི་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་གཉིས་ཟུང་འབྲེལ་ཐོག  Mind and Mental Health ཞེས་བསམ་བློ་དང་སེམས་ཁང་བདེ་ཐང་ཞེས་པའི་བརྗོད་གཞི་ཐོག་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་། ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོར་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། བོད་མི་མང་སྤྱི་འཐུས་ ཁག་ཅིག དེ་བཞིན་ཚོགས་བཅར་བ་ ༤༧ ཙམ་ནས་ལྷན་འཛོམས་གནང་ཡོད།   སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་སེམས་ཁམས་འཕྲོད་བསྟེན་བདེ་ཐང་ཟེར་བ་དེ་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་དགོས་སྐོར་གསུངས་པ་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེར་སོང་སྐབས་མི་མང་པོར་སེམས་ཁམས་དང་འབྲེལ་སྐུ་ངལ་དུ་མ་འཕྲད་ཡོད་སྐོར་གསུངས་ཡོད། དེ་བཞིན་ཁོང་གིས་ད་ཆ་བོད་མིའི་སྤྱི་ཚོགས་ཁྲོད་ཉམས་ཞིབ་པ་ཚོས་སེམས་ཁམས་འཕྲོད་བསྟེན་ཐོག་ཉམས་ཞིབ་གནང་བའི་སྙན་ཐོར་གཞིགས་ཚེ་བོད་མིའི་གྲངས་འབོར་ལ་དཔག་པའི་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་སྐུ་ངལ་ཡོད་མཁན་མི་ཉུང་བ་ཞིག་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་ཀྱི་སེམས་ཁམས་རིག་པའི་ཚོགས་པས་དང་བླངས་ཐོག་ནས་འགན་ཁུར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་སོང་། བོད་ཀྱི་སེམས་ཁམས་རིག་པའི་ཚོགས་པ་ནི། ཅན་རྡི་གྷར་མཐོ་སློབ་ནང་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་གནང་མཁན་བསྟན་འཛིན་གྲགས་པ་ལགས་དང་ངག་དབང་ལྷ་སྐྱིད་ལགས་རྣམ་གཉིས་ཀྱིས་ཆེད་འཛུགས་གནང་ཞིང་། བོད་པའི་སྤྱི་ཚོགས་ནང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐད་གོ་རྟོགས་དང་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས།  དེ་བཞིན་བགྲོ་གླེང་སོགས་ཡོང་བར་སྡིངས་ཆ་བསྐྲུན་པ་ཞིག་ཆགས་ཀྱི་འདུག བོད་ཀྱི་སེམས་ཁམས་རིག་པའི་ཚོགས་པས་བསམ་བློ་དང་སེམས་ཁམས་བདེ་ཐང་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་མཁན་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གཙོས། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་རྒྱབ་ལྗོངས་ཡོད་པའི་ཆེད་ལས་མི་སྣ་ཁག་ཅིག་ཆགས་ཀྱི་འདུག

རེས་གཟའ་ཕུར་བུ། ༢༠༢༢།༠༤།༠༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ཚོགས་མིར་མཇལ་ཁ་སྩལ་བ། Enes Kanter ནས་རྒྱ་གཞུང་གི་ངོས་ནས་བོད་ཀྱི་བདག་པོ་བོད་མི་ཡིན་པ་ཤེས་ཞེས་གསུངས་པ། རྒྱ་ནག་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ལ་མུ་མཐུད་བཀག་སྡོམ་བྱེད་བཞིན་པ་མངོན་གསལ། དྷརྨ་སཱ་ལཱའི་བོད་མི་ཁོར་ཡུག་ལས་འགུལ་བ་ཚོགས་སྒེར་ཁག་ཅིག་ལ་ཆེ་བསྟོད་གནང་བ། Thursday 07/04/2022 Dalai Lama meets with 25th Shoton Festival participants China should know that Tibet belongs to Tibetans: Enes Kanter at Geneva Summit How China’s authorities aim to control Tibetan reincarnation: HRW Tibetan teacher and NGOs honored with Swachhta Mahotsav 2022

༸གོང་ས་མཆོག་གིས་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ཚོགས་མིར་མཇལ་ཁ་སྩལ་བ།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་འཚོགས་བཞིན་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ ཐོག་མཉམ་ཞུགས་གནང་མཁན་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའ་ཁག་ནས་བཅར་བའི་ལྷ་མོའི་ཚོགས་པ་ཁག་གི་ཚོགས་མི་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་དང་བླང་དོར་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཞོ་སྟོན་ཉིན་མ་ལྔ་ཙམ་རིང་ཚོགས་ཀྱི་ཡོད་པ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་༸རྒྱལ་ཡུམ་ཆེན་མོ་མཆོག་དང་མཇལ་འཕྲད་ཡང་ཡང་བྱུང་གི་སྟབས་དུས་ཚོད་དེ་ནི་ཆེས་སྐྱིད་ཤོས་ཤིག་དང་། དེ་ནི་དབྱར་ཁའི་གུང་སེང་རིང་ཤོས་ཤིག་ཀྱང་ཡིན་པ་སོགས་དྲན་གསོ་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་རང་མགོ་གང་ཐོན་བྱས་ནས་མ་ཕྱིན་པར་བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་ཁག་འཛིན་སྐྱོང་གནང་སྟེ་གནས་ཡོད་པ་དང་། ལྷག་པར་དུ་བོད་མི་ཚོས་བཤད་སྒྲུབ་ཟུང་འབྲེལ་ཐོག་བདག་གཅེས་གནང་བའི་ནང་པ་སངས་རྒྱས་པའི་ཆོས་ལ་ད་ཆ་རྒྱ་ནག་ནང་ལ་དམིགས་བསལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་མ་ཚད་པར་དད་པ་ཙམ་མིན་པར་ཚན་རིག་དང་མཐུན་པའི་བོད་ཀྱི་ནང་ཆོས་ལ་རྒྱལ་སྤྱིའི་ཚན་རིག་མཁས་པ་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག ང་ཚོ་བཙན་བྱོལ་ལ་གྱུར་བའི་རྐྱེན་ངན་དེ་གྲོགས་ལ་ཤར་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་ཆོས་རིག་དང་ལེགས་བྱང་སོགས་ཁྱབ་སྤེལ་ཐུབ་ཡོད་སྟབས། བོད་མི་ཚོའི་ངོས་ནས་བོད་ཀྱི་ཆོས་རིག་དེ་དག་མུ་མཐུད་བདག་གཅེས་གནང་གལ་ཡིན་པའི་ལམ་སྟོན་མཛད་ཡོད། དེ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གིས་དབུས་པའི་ཆོས་རྒྱལ་ཚོས་བོད་ཀྱི་ཡི་གེ་གསར་གཏོད་དང་དཔལ་ནཱ་ལེནྡཱའི་རིག་གཞུང་རྣམས་བོད་བསྒྱུར་གནང་བ་སོགས་རླབས་ཆེན་གྱི་མཛད་རྗེས་བསྐྱངས་ཁག་དྲན་གསོ་མཛད་དེ། ང་ཚོ་བོད་མི་རྣམས་བཙན་བྱོལ་བ་ཞིག་ཆགས་ཡོད་ཀྱང་ལོ་རྒྱུས་ལྡན་པའི་བོད་པའི་རིག་གཞུང་དག་ལ་གཞིགས་ན་བོད་མི་རྣམས་སེམས་ཞུམ་མི་དགོས་པར་སྤོབས་པ་གནང་འོས་པ་ཞིག་ཆགས་ཡོད་པར་བཀའ་སྩལ་གྲུབ་མཚམས་སུ་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའ་ཁག་ནས་བཅར་བའི་ལྷ་མོའི་ཚོགས་ཁག་གི་སྐུ་ཚབ་རེ་རེའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་རྣམ་ཐར་རེ་གཟིགས་ཕུད་ཞུས་ཡོད། རྣམ་མཐར་གཟིགས་ཕུད་སྤྱན་འབུལ་ཞུ་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་སྨད་ཙོང་ཁའི་ཡུལ་ནས་ཡོང་བའི་ལྷ་མོ་དོན་གྲུབ་ཞུ་བའི་བུ་དེས་ད་བར་༸རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཙོ་གྱུར་རིས་སུ་མ་ཆད་པའི་བསྟན་པ་སྤྱིར་སྨན་པའི་ཞབས་འདེགས་ཞུས་ཡོད་པ་དེ་དག་ལ་བོད་མི་ཚོའི་ངོས་ནས་སྤོབས་པ་གནང་འོས་པ་དང་། ད་ལྟའི་ཆར་ལྷ་བླའི་བཀའ་ལུང་ཁག་ལ་གཞིགས་ན་མགོན་པོ་༸གང་ཉིད་མཆོག་ད་དུང་དགུང་ལོ་བཅུ་བཅོ་ལྔ་བར་བཞུགས་ངེས་ཡིན་པ་ལྟར་བོད་མི་ཚོའི་ངོས་ནས་ཀྱང་ཧུར་ཐག་གནང་རོགས་ཞེས་བཀའ་སྩལ་མཛད་ཡོད། དེ་རིང་མཇལ་ཁའི་ཐོག་ཉེ་ཆར་བཞུགས་སྒར་དུ་ཚོགས་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བཅར་བའི་ཚོགས་མི་རྣམས་ཀྱང་ལྷན་ཞུགས་གནང་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དབུ་མའི་ལམ་ཞེས་རྒྱ་ཆེ་ས་ནས་དགོངས་པ་བཞེས་ཚེ་བོད་ཙམ་མིན་པར་རྒྱ་ནག་ལའང་འགྱུར་བ་འགྲོ་ཐབས་དང་། ལྷག་པར་དུ་ང་ཚོས་རང་སྐྱོང་ཞེས་པ་དེ་ཆབ་སྲིད་འཛིན་སྐྱོང་གི་སྐད་ཆ་ཞིག་མིན་པར་བོད་ཆོལ་ཁ་གསུམ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འོག་བོད་ཀྱི་ཐུན་མིན་ཆོས་རིག་དང་ལེགས་བྱང་བཅས་པ་བདག་གཅེས་གནང་རྒྱུའི་ཐོབ་ཐང་བྱུང་རྒྱུ་ཡིན་སྐོར་བཀའ་སྩལ་བ་མ་ཟད། རིམ་པས་ཆོས་རིག་ཐོག་ནས་རྒྱ་ནག་ལ་ཕར་དབང་བསྒྱུར་བྱེད་ཐུབ་པའི་ཐུགས་རེ་ཡོད་པར་བཀའ་སྩལ་མཛད་ཡོད་པ་རེད།

རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་བདག་པོ་བོད་མི་ཡིན་པ་ཤེས་དགོས།

འདི་ལོ་ ༢༠༢༢ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མངོན་གསལ་གནང་མཁན་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་སུ་ཁ་སང་ལྷན་ཚོགས་ཐོག་དངོས་སུ་འབུལ་བཞེས་གནང་སོང་བ་དང་འབྲེལ། སྐུ་ཞབས་ཨི་ནེས་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་བོད་མིའི་ཐོག་སྤེལ་བྱེད་བཞིན་པའི་བྱ་སྤྱོད་དེས་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་པ་དང་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་བདག་པོ་བོད་མི་ཡིན་པ་ཤེས་དགོས་ཞེས་གསུངས་སོང་།རྒྱལ་སྤྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ ལས་གྲུབ་པའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་ལྷན་ཚོགས་ནས་ལྷན་ཚོགས་རིམ་པའི་ནང་འཛམ་གླིང་དབང་ཆ་གཅིག་བསྡུས་རིང་ལུགས་ལ་དཔའ་ངར་ཞུམ་མེད་ཀྱིས་གདོང་ལེན་དང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་སྲུང་སྐྱོབ་གནང་མཁན་གྱི་སྐྱེ་བོ་རྣམས་ཀྱི་བྱས་རྗེས་ལ་ཆེ་བསྟོད་ཚུལ་དུ་སྙིང་སྟོབས་གཟེངས་རྟགས་སམ་ Courage Award ཞེས་པ་ཞིག་འབུལ་སྲོལ་ཡོད་པ་ལྟར། སྐུ་ཞབས་ Enes Kanter Freedom ལགས་སུ་ཁ་སང་ལྷན་ཚོགས་ཐོག་དངོས་སུ་འབུལ་བཞེས་གནང་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་གིས་ཇི་ནི་ལྦའི་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སྙིང་སྟོབས་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཨི་ནེས་ཁེན་ཊར་ཕྷི་རི་ཌོམ་ལགས་སུ་བཅར་འདྲི་ཞུས་པར་དང་ལེན་དང་སྦྲགས། ཁོང་གིས་འདི་ལོ་ ༢༠༢༢ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་བཞེས་པ་དེ་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གནང་མཁན་མང་ཚོགས་ཚོའི་ཆེད་དུ་ལེན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་གོ་སྐབས་འདི་ནི་རང་ཉིད་ཀྱི་སྤོབས་པ་ཞིག་ལ་ངོས་འཛིན་གྱི་ཡོད་པ་དང་། ད་རེས་གཟེངས་རྟགས་དེ་བརྒྱུད་རྒྱ་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཞིག་ལ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་དེ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པའི་བྱ་སྤྱོད་ཅིག་ཆགས་ཡོད། རྒྱ་ནག་གཞུང་གི་ངོས་ནས་ངེས་པར་དུ་བོད་དེ་བོད་མིར་བདག་གི་ཡོད་པ་ཤེས་དགོས། ང་ཚོའི་ངོས་ནས་དུས་ནམ་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།དེ་བཞིན་ཁོང་གིས་དེ་སྔ་ཁོང་བོད་མིའི་མགོན་སྐྱབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་སྐོར་དྲན་གསོ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རང་ཉིད་ཀྱི་མི་ཚེ་ནང་དུ་གནད་དོན་ལེགས་ངན་གང་འདྲ་ཞིག་འཕྲད་ཀྱང་དུས་དང་རྣམ་པ་ཀུན་ཏུ་དྲང་བདེན་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་དགོས་པར་ལམ་སྟོན་བཀའ་སྩལ་བ་དེས་སེམས་འགུལ་ཞེ་དྲག་ཐེབས་སོང་ཞེས་དང་། ངས་ཀྱང་དེ་ལྟར་འབད་བརྩོན་བྱེད་བཞིན་ཡོད། གལ་སྲིད་འཛམ་གླིང་གི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་གྱི་བཀའ་སློབ་དེ་ཡིད་ལ་དྲན་ཚེ་ད་ལྟའི་འཛམ་གླིང་འདི་དམག་འཁྲུག་མེད་པར་ཞི་བ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད་ཅེས་གསུངས་སོང་།སྤྱིར་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་ UN watch ཞེས་རྒྱལ་ཚོགས་ལ་ལྟ་སྲུང་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པས་སྣེ་ཁྲིད་གནང་སྟེ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༠ ལྷག་མཉམ་རུབ་ཀྱིས་བཙུགས་པའི་ལྷན་ཚོགས་ཤིག་ཡིན་ཞིང་། ལྷན་ཚོགས་ཐོག་འཛམ་གླིང་སྲིད་སྐྱོང་སྒེར་སྤྱོད་གཞུང་གི་འོག་དཀའ་སྡུག་མྱངས་པའི་ཆབ་སྲིད་བཙོན་ཟུར་དང་གསར་འགོད་པ་། འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་སོགས་མགྲོན་འབོད་གནང་སྟེ་རྒྱལ་ཁབ་སོ་སོ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གླེང་སློང་གནང་སའི་སྡིངས་ཆ་གྲགས་ཅན་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཇི་ནི་ཝའི་ལྷན་ཚོགས་ཀྱི་ངོས་ནས་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་རྩལ་དང་འབྲེལ་བོད་ནང་གི་བོད་མིའི་ཐུགས་ཚོར་མངོན་གསལ་གནང་མཁན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་གནང་ཡོད་པ་རེད།

Latest news