Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2022

རང་དོན་སྒྲུབ་རྒྱུའི་ཐབས་ལམ་ཡག་ཤོས་དེ་གཞན་གཅེས་འཛིན་རེད་ཅེས་བཀའ་སྩལ་བ།

ཁ་སང་ཕྱི་ཚེས་ ༡༨ ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་བྱམས་བརྩེ་དང་བཟང་སྤྱོད་གོང་མཐོར་ཐད་ཕྱག་ལས་གནང་མཁན་གྱི་ན་གཞོན་འགོ་ཁྲིད་ཁག་གཅིག་དབར་བྱམས་བརྩེའི་ལྷན་ཚོགས་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཚོགས་བཅར་བ་རྣམ་པའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་བ་དང་འབྲེལ་ཏེ་རྣམ་ཀུན་ནས་གཞན་ཕན་དང་འབྲེལ་བའི་གཞན་གཅེས་འཛིན་གནང་རྒྱུ་དེ་ནི་རང་དོན་སྒྲུབ་རྒྱུའི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།ལྷན་ཚོགས་དབུ་འཛུགས་ཀྱི་ཐོག་མ་དེར་ཚོགས་བཅར་བ་ཞིག་གིས་རང་ཉིད་ཀྱི་མི་ཚེའི་ནང་ལ་ངལ་བ་དུ་མ་མྱངས་པའི་མྱོང་བ་ཁག་གཅིག་དྲན་གསོ་ཞུས་པ་དང་སྦྲགས། ལོ་ངོ་གཉིས་ཙམ་གྱི་གོང་ལ་བཟོད་དཀའ་བའི་དཀའ་སྡུག་དེ་དག་ཁྲོད་དུ་རང་སྲོག་དོར་བའི་བསམ་བློ་འཁོར་མྱོང་ཡོད་པ་དང་སྐབས་དེར་ལྷན་ཚོགས་འདིའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཡོད་པར་བསམ་ཏེ་རང་སྲོག་དོར་མེད་སྐོར་སྙན་སེང་ཞུས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་མིའི་ཚེ་ནང་གི་དཀའ་ངལ་མང་པོ་ཞིག་བསམ་བློ་བཏང་སྟངས་ཐོག་ནས་ཡོང་གི་ཡོད་པ་དང་། རྣམ་ཀུན་ནས་ངལ་བ་རིགས་འཕྲད་ཚེ་རྒྱ་ཆེ་ས་ནས་དགོངས་པ་བཞེས་ཏེ་དེ་དག་ལ་གདོང་ལེན་གནང་དགོས་ཞེས་བཀའ་སྩལ་ཡོད།དེ་བཞིན་ཚོགས་བཅར་བ་ཁག་གཅིག་གིས་མགོན་པོ་༸གང་ཉིད་མཆོག་ལ་དཀའ་ངལ་འཕྲད་སྐབས་སུ་སེམས་མ་ཞུམ་པ་གནས་ཐབས་དང་སེམས་ངལ་སེལ་ཐབས་སོགས་ཀྱི་སྐོར་ལ་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་ཕྱིའི་ལུས་པོ་དང་འབྲེལ་བའི་དཀའ་ངལ་ཁག་སྨན་བཅོས་ཀྱི་ཐོག་ནས་སེལ་རྒྱུ་ཡོད་པ་དང་། ནང་སེམས་ཀྱི་དཀའ་ངལ་ཁག་སེལ་ཐབས་སུ་ངལ་བའི་རྒྱུ་རྐྱེན་གང་ཡིན་ལ་རིག་པས་དཔྱད་དེ་སེལ་རྒྱུ་ཡོད་པ་དང་དེ་མིན་སེལ་ཐབས་མེད་པ་ཞིག་ལ་མུ་མཐུད་ནས་ངལ་བ་མྱངས་ཏེ་བསྡད་ཚེ་དེར་དགེ་མཚན་གང་ཡང་མེད་ཅེས་བཀའ་སྩལ་སོང་།ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་སྟབས་གཅིག་ལ་གཅིག་རྟེན་ཐོག་ནས་འཚོ་དགོས་པ་དང་། དཀའ་ངལ་གང་ཞིག་འཕྲད་ཀྱང་གཅིག་གིས་གཅིག་ལ་རོགས་རམ་བྱེད་རྒྱུའི་ནུས་པ་ལྡན་ཡོད་པ་སོགས་བཀའ་ལན་སྩལ་བ་དང་འབྲེལ་ཏེ་རྣམ་ཀུན་ནས་གཞན་ཕན་དང་འབྲེལ་བའི་གཞན་གཅེས་འཛིན་གནང་རྒྱུ་དེ་ནི་རང་དོན་སྒྲུབ་རྒྱུའི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོ་ངོ་སྤྲོད་དང་སྦྲགས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གནང་རྒྱུའི་གལ་གནད་དང་། ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་དེ་གཞན་ཕན་དང་བྱམས་བརྩེ་ཉམས་ལེན་གནང་རྒྱུ་གཅིག་མཚུངས་ཡིན་སྟབས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གནང་གལ་ཡིན་པ་ལམ་སྟོན་སྩལ་བ་དང་ཆབས་ཅིག་ངོས་ཀྱིས་དུས་རྟག་ཏུ་བྱང་ཆུབ་སེམས་ཉམས་ལེན་བྱེད་ཀྱི་ཡོད། དེས་སེམས་ལ་སྙིང་སྟོབས་དང་ལུས་པོ་བདེ་ཐང་བཅས་ལ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་བཀའ་སྩལ་ཡོད།

བོད་མི་སེར་སྐྱ་དྲུག་ལ་ལོ་བཞི་ནས་བཅུ་བཞི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།  

རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་དྲུག་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་འོག་ལོ་ ༤ ནས་ ༡༤ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། བོད་མི་དེ་དག་འཛིན་བཟུང་བཙན་ཁྲིད་བྱས་ནས་དུས་ཡུན་མི་ལོ་གཅིག་ནས་གཉིས་རིང་འབྲེལ་ཡོད་ཁྱིམ་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་སྟབས་ཀྱིས་བཀག་ཉར་བྱས་འདུགདེ་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བར་འདི་ལོའི་ཕྱི་ཟླ་ ༩ ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་འཛུགས་འོག བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ལ་ལོ་ ༡༤ དང་སྲས་རྣམ་ལགས་ལ་ལོ་ ༦ གངས་བུ་གཡུ་བྷྲུཾ་ལགས་ལ་ལོ་ ༧ ཡས་མས། གངས་ཚེ་རིང་སྒྲོལ་མ་ལགས་ལོ་ ༨ པདྨ་རིན་ཆེན་ལགས་ལ་ལོ་ ༤ བསམ་འགྲུབ་ལགས་ལ་ལོ་ ༨ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་གསུངས་ཡོད།གངས་ཚེ་རིང་སྒྲོལ་མ་ལགས་ཐེངས་དང་པོ་འཛིན་བཟུང་བྱེད་སྐབས་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་བའི་རྐྱེན་གྱིས་ཁོང་གི་དཔྱི་མགོ་བཅག་པ་དང་འབྲེལ་ནས་དུས་ད་ལྟའང་ནད་པ་ཡིན་པ་མ་ཟད། ཁོང་གཙོས་བོད་མི་གཞན་ལྔ་པོ་རྣམས་ལའང་བཙོན་ཁང་དང་བཀག་ཉར་འོག་གཅར་རྡུང་དྲག་པོ་བཏང་སྟེ་ལུས་པོར་ནད་གཞི་ཚབས་ཆེ་འདྲ་མིན་ཕོག་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་ཉེན་རྟོག་པས་ཉེན་རྟོག་ཁང་དུ་ཐོ་འགོད་ཆེད་ཡོང་དགོས་པ་བཟོས་པ་དང་། ས་གནས་གཞན་ལ་སྐྱོད་རྒྱུའི་ཆོག་མཆན་མ་སྤྲད་པ་སོགས་སུན་གཙེར་དང་དམ་བསྒྲགས་ཆེས་ཆེར་བཟོས་ཡོད།རླུང་འཕྲིན་ཁང་གིས་སྔ་ལོའི་ཕྱི་ཟླ་ ༤ པ་ནང་དུ་རྩོམ་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་། སྲས་རྣམ་ལགས། གངས་བུ་གཡུ་བྷུཾམ། དེ་བྷཟིན་གངས་ཚེ་རིང་སྒྲོལ་མ་ལགས་བཅས་བཞི་འཛིན་བཟུང་བྱས་པའི་གནས་ཚུལ་སྤེལ་བའི་རྗེས་སུ་ད་རེས་ཁོང་རྣམས་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་མ་ཐོས་ཀྱི་བར་དུ་ཁོང་རྣམས་བཙོན་ཁང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་པ་རེད།དེ་རིང་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་སྔ་ལོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གཙོས་ཁོང་བཞི་འཛིན་བཟུང་སྐབས་ད་དུང་བོད་མི་གཞན་ཞིག་ཡོད་པ་ཤེས་ཀྱང་མཚན་གང་ཡིན་སོགས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་ཞུས་ཡོད་པ་དེ་བསམ་འགྲུབ་ལགས་ཡིན་པ་ར་འཕྲོད་བྱུང་ཡོད།དེ་བཞིན་ཁམས་དཀར་མཛེས་བྲག་མགོ་ནས་ཡིན་པའི་པདྨ་རིན་ཆེན་ལགས་ལྟ་བུར་ཆ་མཚོན་ན་དེ་སྔོན་ཕྱི་ལོ་༢༠༡༡ ལོར་ཁོང་གིས་<<ལྟོས།>> ཞེས་པའི་སྒེར་དེབ་ཅིག་བྲིས་ཏེ་དཔར་འགྲེམས་བྱས་ཡོད་སྟབས་ཐེངས་དང་པོ་འཛིན་བཟུང་བྱས་རྗེས་ཕྱི་ལོ་ ༢༠༢༠ ལོ་མཇུག་ཙམ་ལ་ཁོང་གིས་སྒེར་དེབ་གཉིས་པ་འབྲི་བཞིན་པའི་གནས་ཚུལ་ཞིག་དང་འབྲེལ་ནས་ཁོང་གི་བཀའ་མོལ་དེ་གསུངས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ད་ལན་མི་ལོ་ ༤ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་དྲུག་གི་ཁོངས་ནས་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་གངས་བུ་གཡུ་བྷུཾམ་ལགས། དེ་བྷཞིན་བསམ་འགྲུབ་ལགས་གསུམ་ནས་དེ་སྔ་ ༢༠༡༢ ལོར་དམར་རྒོལ་གདོང་ལེན་ཚོགས་པ་ཞེས་གསར་འཛུགས་གནང་བ་དང་འབྲེལ་ནས་སྐབས་དེར་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།བོད་མི་དྲུག་པོ་དེ་དག་དུས་རྟག་ཏུ་བོད་དོན་དང་བོད་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེ་ཡོད་པ་དང་དེ་བཞིན་བློས་བཏང་ཆེན་པོས་རྩོམ་ཡིག་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་བོད་དོན་ལས་འགུལ་འདྲ་མིན་སྤེལ་མྱོང་ཡོད་པ་རེད། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གོང་གི་ས་ཁུལ་དེར་དུས་རྒྱུན་ནས་རྒྱ་གཞུང་གིས་དྲ་རྒྱ་དང་བརྡ་འཕྲིན། ༸གོང་ས་མཆོག་གི་༸སྐུ་པར་དང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པའི་ཁྲོད་དེ་རིང་ཁ་སང་ཏོག་དབྱིབས་གཉན་རིམས་ ༡༩ ལ་ཁ་གཡར་ཏེ་དམ་བསྒྲགས་དེ་བས་ཆེས་བྱེད་མུས་ཁར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པའི་བོད་རིགས་གུང་ཁྲན་ཏང་ཡོན་རྣམས་ལ་ཡང་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་གསུངས་སོང་།

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་ཁོང་གློད་བཀྲོལ་སླད་ཡོངས་གྲགས་ཐོག་ནས་ལས་འགུལ་སྤེལ་འདུག

ཚེ་བཙོན་གྱི་ཁྲིམས་ཆད་འོག་གནས་པའི་རྡོ་རྗེ་བཀྲ་ཤིས་ལགས་གློད་བཀྲོལ་ཆེད་ཁོང་གི་ནང་མིས་གཞུང་འབྲེལ་ཞུ་གཏུག་གི་བརྒྱུད་རིམ་ཡོད་ཚད་ཕྱིན་ཟིན་ཡོད་ཀྱང་དྲང་བདེན་གྱི་ཁྲིམས་ཐག་གཅོད་ཀྱི་མེད་སྟབས་ད་ཆ་ཡོངས་ཁྱབ་ཐོག་ནས་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་དུ་རག་སོན་བྱུང་བའི་བརྙན་པར་དང་བཅས་གནས་ཚུལ་ཞིག་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་གསུམ་གཅིག་བཞི་ཟེར་བའི་དོན་རྐྱེན་འོག་ཐོག་མར་ཁ་བྲལ་གྱི་ཉེས་འཛུགས་དང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཕྱི་ལོ་ ༢༠༡༠ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་བོད་མི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ལགས་གློད་བཀྲོལ་ཡོང་ཐབས་སུ་ཁོང་གི་ནང་མིས་གཞུང་འབྲེལ་ཞུ་གཏུག་གི་བརྒྱུད་རིམ་ཡོད་ཚད་ཕྱིན་ཡོད་ཀྱང་ཁོང་གློད་བཀྲོལ་ཐོབ་མེད་སྟབས། ཁོང་གི་གཅེན་པོས་འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་གཞུང་ལ་ཡོངས་ཁྱབ་ཀྱི་ཞུ་ཡིག་ཕུལ་བར་མ་ཟད། གཅེན་མོས་འདི་ལོའི་ཕྱི་ཟླ་ ༦ ནང་ལྷ་ས་མི་མང་ཁྲིམས་ཁང་གི་མདུན་དུ་ཞི་བའི་ལས་འགུལ་སྤེལ་བ་དང་བརྙན་པར་བརྒྱུད་ཁོང་གི་ཚེ་བཙོན་ཁྲིམས་ཆད་དེ་དྲང་བདེན་ཞིག་བྱུང་མེད་སྐོར་གསལ་བཤད་གནང་འདུག རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོས་རྒྱ་གཞུང་ལ་ཡོངས་ཁྱབ་ཀྱི་ཞུ་ཡིག་ཕུལ་ཡོད་པའི་ནང་རྒྱ་ནག་གི་དབང་ཆ་ཆེན་པོ་ཡོད་པའི་དཔོན་རིགས་ཁག་གསུམ་གྱིས་ཆབ་སྲིད་ཀྱི་གནད་དོན་ལ་ཁ་གཡར་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་དངོས་ཡོད་གནས་ཚུལ་ལ་ལོག་བཤད་དང་། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེ་དྲང་བདེན་ཞིག་བྱུང་མེད་པར་ཁུངས་སྐྱེལ་ར་སྤྲོད་གནང་སྟེ་གཞུང་འབྲེལ་གྱི་འབྲེལ་ཡོད་ཚན་པ་ཁག་ལ་ལོ་མང་རིང་ཞུ་གཏུག་ཡང་ཡང་གནང་འབྲས་སུ་དོན་སྙིང་ལྡན་པའི་མཇུག་འབྲས་སོན་མེད་པར་མ་ཟད། ཁོང་གིས་དངུལ་ཁང་ནས་རྒྱ་སྒོར་ས་ཡ་ ༡་༤ བུ་ལོན་གཡར་བ་དེ་ཕར་སློག་ཚར་ཡོད་པ་དེ་ལྟར་ཡང་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་སྐྱོན་འཛུགས་བྱས་པ་དང་། ཕྱི་ལོ་ ༢༠༠༡ ཟླ་ ༡ ཚེས་ ༢༡ ཉིན་མི་མང་གི་ཆེས་མཐོའི་ཁྲིམས་ཁང་གིས་གཏན་འབེབས་བྱས་པའི་རྒྱལ་ཡོངས་ཀྱི་ཁྲིམས་སྒྲིག་ནང་གསལ་ལྟར་དཔལ་འབྱོར་ནག་ཉེས་ཀྱི་གྱོད་གཞིའི་ཁྲིམས་འབྲུ་དེ་དག་ལུང་འདྲེན་གྱིས་རྡོ་རྗེ་བཀྲ་ཤིས་ལགས་སུ་བུ་ལོན་གཡོ་ལེན་བྱས་པའི་སྐྱོན་འཛུགས་དང་འབྲེལ་ཉེས་ཆད་བཏང་བ་དེ་ཁྲིམས་མཐུན་མིན་པ་སོགས་བཀོད་འདུག དེ་བཞིན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་དཀོན་ཊེ་ལགས་ཀྱིས་ཀྱང་འདི་ལོའི་ཕྱི་ཟླ་ ༦ ནང་ལྷ་ས་མི་མང་ཁྲིམས་ཁང་གི་མདུན་དུ་ཞི་བའི་ལས་འགུལ་སྤེལ་བ་མ་ཟད་བརྙན་པར་བརྒྱུད་ཁོང་གི་ཚེ་བཙོན་ཁྲིམས་ཆད་དེ་དྲང་བདེན་ཞིག་བྱུང་མེད་སྐོར་གསལ་བཤད་གནང་ཡོད་སྟབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་བརྙན་པར་དག་ཐེངས་འདིའི་གནས་ཚུལ་བརྒྱུད་ཡོངས་གྲགས་གནང་འདུག བརྙན་པར་ནང་གཅེན་མོ་དཀོན་ཊེ་ལགས་ཀྱིས་ལྷ་ས་མི་མང་ཁྲིམས་ཁང་གི་མདུན་དུ་ཞི་བའི་ཐོག་ནས་ཞུ་གཏུག་གནང་སྐབས་ཐོག་མ་ཁུལ་དེའི་སྐོར་སྲུང་བ་ལྔ་བསླེབས་ཡོད་པ་དང་དེ་རྗེས་སྐོར་སྲུང་བ་བཅུ་བསླེབས་ནས་ཁོང་གི་ཞུ་གཏུག་གི་ལས་འགུལ་དེ་མཚམས་འཇོག་བྱེད་དགོས་པར་འབད་བརྩོད་བྱས་ཡོད་པ་མངོན་རྒྱུ་འདུག དེ་བཞིན་ཁོང་གི་གཅུང་པོར་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་བྱས་པ་དེ་དང་འབྲེལ་ནས་དངུལ་ཁང་ལ་ཕར་བུ་ལོན་སྤྲོད་འཇལ་ཟིན་པའི་ཐོག་རྒྱ་སྒོར་སྟོང་ཕྲག་ ༥༠ སྐྱེད་འབབ་སྤྲད་ཡོད་པ་མ་ཟད། ཁྱོན་རྒྱ་སྒོར་ས་ཡ་ ༢ སྤྲད་ཡོད་པ་གསུངས་འདུག ཁོང་གིས་ད་དུང་རྡོ་རྗེ་བཀྲིས་ལགས་སུ་དྲང་བདེན་གྱི་ཁྲིམས་ཐག་གཅོད་དགོས་པའི་ཞུ་སྐུལ་གནང་སྐབས་མི་མང་ཁྲིམས་ཁང་གི་ངོས་ནས་ཐག་གཅོད་གང་བྱས་པ་དེར་དྲང་པོ་བྱུང་མིན་ལ་མ་ལྟོས་པར་ངེས་པར་དུ་བརྩི་དགོས་སྐོར་བཤད་ཡོད། མི་མང་ཁྲིམས་ཁང་ནས་གནད་དོན་དེ་ཡར་གོང་རིམ་ལ་ཞུས་ཡོད་ལུགས་དང་གོང་རིམ་ནས་དེ་འབྲེལ་དཔྱད་ཁྲ་གསར་པ་བཏང་མེད་ཚུལ་སོགས་བཤད་ཡོད་དང་འབྲེལ། ཁོང་གིས་གཅུང་པོར་ཁྲིམས་ཐོག་ནས་དྲང་བདེན་གྱི་ཐག་གཅོད་མ་བྱུང་བར་དུ་ངོ་རྒོལ་གནང་རྒྱུ་ཡིན་པ་གསུངས་ཡོད་སྟབས་མི་མང་བདེ་འཇགས་ལས་ཁུངས་དང་ས་གནས་ཉེན་རྟོག་འགོ་དཔོན་གྱིས་དེ་ལྟར་བྱས་ཚེ་འཛིན་བཟུང་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་སྐོར་གསུངས་འདུག

རྒྱ་ནག་གིས་བོད་མིའི་རྒྱབ་སྐྱོར་ཡོད་པའི་བོད་རིགས་འགོ་ཁྲིད་གཅིག་ཀྱང་སྐྱེད་སྲིང་ཐུབ་མེད་པ་ཐེར་འདོན།

ཁ་ཉིན་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་འགོ་འཛུགས་བྱས་པའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་གཏམ་བཤད་ནང་དམར་ཤོག་གཞུང་གིས་གྲངས་ཉུང་མི་རིགས་ཁྲོད་ནས་འགོ་ཁྲིད་སྐྱེད་སྲིང་དང་བསྐོ་གཞག་གལ་ཆེར་བརྩི་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་། དོན་དངོས་ཐོག་ཕྱི་ལོ་ ༢༠༡༤ ལོར་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་གཤེགས་པའི་རྗེས་སུ་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་རྒྱབ་སྐྱོར་དང་ཡིད་ཆེས་བློ་འགེལ་ཡོད་པའི་བོད་རིགས་འགོ་ཁྲིད་གཅིག་ཀྱང་སྐྱེད་སྲིང་ཐུབ་མེད་པ་ཐེར་འདོན་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་ཚོགས་གཙོ་སྐུ་ཞབས་བུ་ཆུང་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༡༩༨༩ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་གཤེགས་པ་དང་། ༢༠༠༩ ལོར་ང་ཕོད་ངག་དབང་འཇིགས་མེད་ལགས་སྐུ་གཤེགས་པ། ཕྱི་ལོ་ ༢༠༡༤ ལོར་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་བཅས་གསུམ་སྐུ་གཤེགས་པའི་རྗེས་སུ་རྒྱ་ནག་གཞུང་གི་ངོས་ནས་ཁོང་རྣམ་པ་གསུམ་ལྟ་བུ་བོད་མིའི་རྒྱབ་སྐྱོར་ཡོད་པའི་བོད་རིགས་འགོ་ཁྲིད་སྐྱེད་སྲིང་བྱེད་ཐབས་རིམ་པ་བྱས་ཡོད་པ་དེ་ལྟར་ཡང་། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་འཚོགས་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་རྒྱབ་སྐྱོར་དང་ཡིད་ཆེས་བློ་འགེལ་ཡོད་པའི་བོད་རིགས་འགོ་ཁྲིད་གཅིག་ཀྱང་སྐྱེད་སྲིང་ཐུབ་མེད་པ་དང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་མི་ལོ་ ༦༠ རྗེས་སུའང་བོད་མིའི་ཆོད་སེམས་ལ་འགྱུར་ལྡོག་རྩ་བ་ནས་ཕྱིན་མེད་པའི་ངེས་ཤེས་ཐུབ་ཀྱི་ཡོད་པ་གསུངས་འདུག

རེས་གཟའ་མིག་དམར། ༢༠༢༢།༡༠།༡༨

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་དབུ་བཞུགས་ཐོག་བྱམས་བརྩེ་གོང་མཐོར་གྱི་ན་གཞོན་འགོ་ཁྲིད་ལྷན་ཚོགས་དབུ་འཛུགས། རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོས་ཧོང་ཀོང་གི་ལས་འགུལ་བ་དྲུད་དེ་ཉེས་རྡུང་བཏང་བ། ཨ་རིའི་གཞུང་གིས་རྒྱ་ནག་ནས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་གནང་དགོས་པ་གསུངས་པ། རྒྱ་ནག་གིས་བོད་མིའི་རྒྱབ་སྐྱོར་ཡོད་པའི་བོད་རིགས་འགོ་ཁྲིད་གཅིག་ཀྱང་སྐྱེད་སྲིང་བྱེད་ཐུབ་མེད་པ་ཐེར་འདོན།   Tuesday 18/10/2022 The Dalai Lama attends compassionate leadership summit Chinese consulate staff beats Hong Kong protesters in Manchester US Policy on Tibet Has Lost its Way: MPs urge U.S. to challenge CCP’s distortion of Tibetan history China has failed to cultivate credible Tibetan leaders: 20th CCP Congress and Tibetans leaders

༸གོང་ས་མཆོག་དབུ་བཞུགས་ཐོག་བྱམས་བརྩེ་གོང་མཐོར་གྱི་ན་གཞོན་འགོ་ཁྲིད་ལྷན་ཚོགས་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་རྒྱལ་སྤྱིའི་གླེང་ཕྲན་བདུན་ཙམ་ནས་ཕེབས་པའི་བྱམས་བརྩེ་གོང་མཐོར་གྱི་ན་གཞོན་འགོ་ཁྲིད་ལྷན་ཚོགས་དབུ་འཛུགས་གནང་སོང་།ལྷན་ཚོགས་ཐོག་༸གོང་ས་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས་ཀྱིས་གཙོ་སྐྱོང་གནང་བའི་ཐོག་ནས་དེ་རིང་དང་སང་བཅས་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་དང་། སེམས་དང་སྲོག་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ངེས་སྟོན་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུང་སྒྱུར་གནང་སྟེ་ཨ་ཕི་རི་ཀ་དང་ཡོ་རོབ། ལྷོ་བྱང་ཨ་རི་གཉིས། དཀྱིལ་ཤར་ཨེ་ཤ་ཡ་སོགས་ཀྱི་གླིང་ཕྲན་བདུན་ཙམ་ནས་བྱམས་རྩེ་དང་འབྲེལ་བའི་ལས་གཞི་འདྲ་མིན་གཉེར་མཁན་ན་གཞོན་འགོ་ཁྲིད་བཅོ་ལྔ་ནས་ལྷན་ཞུགས་གནང་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་གོང་མཐོར་གྱི་ན་གཞོན་འགོ་ཁྲིད་ལྷན་ཚོགས་ཀྱི་ཐོག་མར་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། འོན་ཀྱང་དུས་རབས་སྔ་མོའི་ནང་དུ་རང་གཅེས་འཛིན་གྱི་བསམ་བློའི་དབང་གིས་འཛམ་གླིང་ནང་དམག་འཁྲུག་དང་རྡུལ་མཚོན། གོ་མཚོན་བཟོ་བ་སོགས་མིའི་རིགས་ལ་གཏོར་རྒོལ་ཚབས་ཆེན་བཏང་ཡོད་པ་དྲན་གསོ་མཛད་དེ་ད་ཆ་ང་ཚོས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འགྲོ་བ་མི་ཐེར་འབུམ་བདུན་ཚང་མ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་གནང་དགོས་ཞེས་བཀའ་སྩལ་སོང་།སྐབས་དེར་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས་ཀྱིས་ཐེངས་འདིའི་ལྷན་ཚོགས་དེ་གཙོ་བོ་སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Daniel Goleman ལགས་དང་ལྕམ་ཏཱ་ར་ལགས་རྣམ་གཉིས་ཀྱིས་འཆར་གཞིའི་འོག་གོ་སྒྲིག་ཞུས་ཡོད་པར་ངོ་སྤྲོད་གནང་རྗེས་སྐུ་ཞབས་ Daniel ལགས་དང་ལྕམ་སྐུ་ཏཱ་ར་ལགས་གཉིས་ཀྱིས་དྲ་ལམ་བརྒྱུད་མགོན་པོ་༸གང་ཉིད་མཆོག་ལ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ན་གཞོན་འགོ་ཁྲིད་རྣམ་པར་དོན་ཕན་ལྡན་པའི་ལྷན་ཚོགས་ཤིག་ཡོང་བའི་རེ་བ་ཞུས་པའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་སྤྱིའི་ཁེ་ཕན་སླད་༸སྐུ་ཚེ་ཡུན་རིང་དུ་བཞུགས་ཐུབ་པའི་གསོལ་འདེབས་ཞུས་ཡོད། དེ་བཞིན་ཨཕ་གྷ་ནིས་ཏན་ནང་གི་དམག་འཁྲུག་དང་དེའི་ནང་གི་བོུ་ཚོར་ཤེས་ཡོན་གྱི་གོ་སྐབས་མེད་པའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་སྐོར་ཞུས་པ་འབྲེལ་ཏེ་༸གོང་ས་མཆོག་ནས་རང་ཉིད་ཀྱི་ཕ་ཡུལ་ཞེས་པ་དེ་ག་འདྲ་ཞིག་ལ་དགོངས་པ་བཞེས་ཀྱི་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་ད་ཆ་ Afghanistan ནང་འཕྲད་བཞིན་པའི་དམག་འཁྲུག་གི་དཀའ་བ་མཐའ་དག་རྐང་རང་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་པ་དང་དེས་དེ་སྔའི་དུས་རབས་ཤིག་མཚོན་གྱི་ཡོད་སྟབས་ད་ཆ་ང་ཚོའི་དུས་རབས་ཀྱི་འགྱུར་ལྡོག་ལ་གཞིགས་པའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་མ་འོངས་པའི་འཛམ་གླིང་དེ་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་སླད་དགོངས་པ་བཞེས་དགོས་པ་མ་གཏོགས། ང་དང་ཁོ། ངའི་རྒྱལ་ཁབ། ངའི་སྤྱི་ཚོགས་ཞེས་རིམ་པ་གཉིས་པའི་ཐོག་ནས་དགོངས་པ་བཞེས་རྒྱུ་མེད་པའི་ལམ་སྟོན་མཛད་པ་དང་ཆབས་ཅིག་མགོན་པོ་༸གང་ཉིད་མཆོག་ལ་མཚོན་ན་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་དུས་རྟག་ཏུ་ཡོད་ཅེས་བཀའ་ལན་སྩལ་ཡོད།དེ་བཞིན་ལྷན་ཚོགས་ཐོག་བེུད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ། ངལ་རྩོལ་གཞིས་སྤོ་དང་ཡར་རྒྱས་བཅས་ཀྱི་ཆེད་ལས་པ་བོད་རིགས་བེུད་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ང་ཚོའི་ངོས་ནས་རང་ཉིད་ཀྱི་པཱ་ལགས་དེ་བྱམས་བརྩེ་སློབ་མཁན་གྱི་དགེ་རྒན་ཆེས་ཐོག་མར་ངོས་འཛིན་ཞུ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་བཀའ་འདྲི་དང་འབྲེལ་ཏེ་ཁོང་ལྟ་བུར་མཚོན་ན་བཞུགས་སྒར་དྷརྨ་སཱ་ལཱར་ཨ་མ་ལགས་དང་རྨོ་རྨོ་ལགས་རྣམ་གཉིས་དང་ལྷན་དུ་ལོ་བཅུ་གསུམ་རིང་བཞུགས་མྱོང་ཡོད་པ་དང་། སྐབས་དེའི་རིང་ལ་ནང་མི་སྤུན་མཆེད་གཙོས་དགེ་རྒན་སོགས་ནས་ཁོང་གི་མི་ཚེའི་ནང་སྙིང་རྗེ་དང་བྱམས་བརྩེའི་ས་བོན་བསྐྲུན་ཡོད་སྟབས། ད་ཆ་ཁོང་གི་ངོས་ནས་པཱ་ལགས་དང་པོ་པོ་ལགས་བཅས་བྱམས་བརྩེའི་ཐོག་ནས་སྐྱོང་མཁན་གྲས་སུ་ངོས་འཛིན་ཞུ་བློ་ཡོད་ཀྱང་ཁོང་རྣམས་བློ་ལ་འཆར་ཐུབ་ཀྱི་མི་འདུག་ཅེས་ལམ་སྟོན་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་༸སྐུ་ཉིད་མཆོག་གི་༸རྒྱལ་ཡུམ་ཆེན་མོ་མཆོག་ཧ་ཅང་བྱམས་བརྩེ་ལྡན་པ་ཞིག་ཡོད་པ་དང་། ༸རྒྱལ་ཡབ་མཆོག་ནི་དེ་ཙམ་མེད་པར་བཀའ་སྩལ་བ་དང་འབྲེལ་ཏེ། མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཕྲ་མོའི་སྐབས་ཀྱི་དེ་བྱུང་ཁག་ཅིག་བཀའ་སྩལ་བ་དང་ཆབས་ཅིག་སྤྱིར་ཤེས་བྱ་ཡོན་ཏན་ཚང་མའི་ནང་བྱམས་བརྩེའི་གལ་གནད་སྐོར་གསུངས་ཡོད་པ་དང་དེའི་ཁོངས་ནས་དམིགས་བསལ་༸དཔལ་ནཱལེནྡཱའི་ཆོས་བརྒྱུད་ལ་མཚོན་ན་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་ལ་ཟབ་ཅིང་རྒྱས་པ་གསུངས་ཡོད་སྟབས་༸གོང་ས་མཆོག་གིས་ཉམས་བཞེས་མཛད་ཀྱི་ཡོད་པ་བཀའ་སྩལ་ཡོད། གཞི་རྩའི་ལྷན་ཚོགས་ཀྱི་ཐོག་མར་སྐུ་ཞབས་ Daniel Goleman ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ་གཞིགས་ན། ཉིན་གཉིས་ཀྱི་ལྷན་ཚོགས་དེའི་ཐོག་བྱམས་རྩེ་གོང་མཐོར་གྱི་ན་གཞོན་འགོ་ཁྲིད་ ༡༥ ནས་བརྗོད་གཞི་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཕྱོགས་སྒྲིག་གིས་དེབ་གཟུགས་ཀྱི་ངོ་བོར་དཔར་སྐྲུན་ཞུ་འཆར་ཡོད་པ་དང་། ཁོང་གིས་དཔེ་དེབ་དེ་དུས་རབས་ ༢༡ པའི་ན་གཞོན་ཚོར་དེང་གི་དུས་སུ་འཕྲད་བཞིན་པའི་ངལ་བ་དག་ལ་གདོང་ལེན་གནང་ཕྱོགས་ཀྱི་ལམ་སྟོན་ལྟ་བུ་ཞིག་ཆགས་ཐུབ་པའི་ཐུགས་རེ་ཡོད་ཅེས་གསུངས་སོང་།༸གོང་ས་མཆོག་གིས་དེ་རིང་ལྷན་ཚོགས་ཀྱི་ཉིན་དང་པོ་མཇུག་སྒྲིལ་མཚམས་སུ་ཚོགས་བཅར་བ་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་སྐོར་དང་འབྲེལ་ཏེ། ང་ཚོ་ཚང་མས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་དགོངས་པ་བཞེས་དགོལ་གལ་ཡིན་པར་མ་ཟད། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིའི་ཐོག་མཉམ་རུབ་ངང་གནས་དགོས་སྟབས་ང་ཚོས་འཛམ་གླིང་འདི་གོ་མཚོན་མེད་པ་ཞིག་བཟོ་རྒྱུའི་འགན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།

ཨ་རི་གཞུང་གིས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཐད་གདོང་ལེན་གནང་དགོས་པ།

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་མང་རིང་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་པར་སྐྱོན་བརྗོད་དང་འབྲེལ། ཨ་རི་གཞུང་ནས་རྒྱ་ནག་གི་བྱ་སྤྱོད་དེར་གདོང་ལེན་བྱ་དགོས་པའི་ཞུ་སྐུལ་གནང་འདུགདེ་ཡང་ཉེ་སྔོན་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མར་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ JimMcgovern ལགས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་སྣེ་ཁྲིད་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael McCaul ལགས་རྣམ་གཉིས་ཀྱིས་ Promoting a Resolution to the Tibet-China Conflict Act ཞེས་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱབ་སྐྱོར་ཡོད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞེས་པ་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་གྲོས་ཚོགས་འཐུས་མི་དེ་དག་གཉིས་ཀྱིས་ The Diplomat ཞེས་པའི་གསར་ཤོག་ཐོག་དཔྱད་བརྗོད་ཅིག་སྤེལ་བའི་བརྒྱུད། ཨ་རི་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ད་ཆ་ཉམས་དམས་སུ་འགྲོ་བཞིན་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་ནག་ངོས་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་ཨ་རིས་ངེས་པར་དུ་གདོང་ལེན་གནང་དགོས་པ་གསུངས་འདུག རྩ་བའི་ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་འོག་ནས་བོད་ཀྱི་གནད་དོན་དེ་དུས་ད་ལྟའང་ཐག་གཅོད་མ་ཟིན་པར་ལུས་ཡོད་པ་དང་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་སོགས་འཁོད་ཡོད། གྲོས་ཚོགས་འཐུས་མི་རྣམས་གཉིས་ཀྱིས་ཐེངས་འདིའི་དཔྱད་བརྗོད་ནང་། ཨ་རི་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དེ་ཉིད་ཉམས་དམས་སུ་འགྲོ་གི་ཡོད་པར་བརྟེན། ཁོང་རྣམ་པས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཉིད་གདོན་སྤེལ་གནང་བ་ཞིག་ཡིན་པ་དང་། ཁྲིམས་འཆར་དེའི་བརྒྱུད་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། བོད་འདི་ཉིད་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ངོས་འཛིན་མ་བྱས་པའི་ཐོག་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱབ་སྐྱོར་ཡོད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་ཡིན་པ་བསྐྱར་ནན་གནང་འདུག དཔྱད་བརྗོད་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སླད་ཐུགས་བརྩོན་ཆེན་པོ་མཛད་ཀྱང་། རྒྱ་ནག་གིས་བོད་ཀྱི་གནས་བབ་དང་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་སྒོ་ནས་གང་ཉིད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྣང་མེད་སྐྱུར་འཇོག་བྱས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེའི་ཐད་རྒྱ་ནག་ལ་གདོང་ལེན་རྩ་བ་ནས་མ་བྱས་པའི་ཁྲོད་རྒྱ་ནག་གིས་བོད་འདི་བཞིན་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པ་དང་། ཕྱི་ཕྱོགས་ནས་དེར་ཐེ་ཇུས་བྱ་དགོས་དོན་མེད་པའི་བསྐྱར་བཤད་ཡང་བཤད་བྱས་ཡོད་ཅེས་བཀོད་འདུགམ་ཟད་ཕྱི་ལོ་ ༡༩༩༠ ཡས་མས་སུ་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱ་ནག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་བ་དང་འབྲེལ། སྐབས་དེར་ཨ་རིས་རྒྱ་ནག་འདི་བཞིན་གྲོས་མོལ་ནང་མཉམ་ཞུགས་ཐུབ་ཐབས་སུ་བོད་འདི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཚུལ་འགྲེལ་བརྗོད་བྱེད་འགོ་བཙུགས་ཏེ་བོད་རྒྱ་གཉིས་ཀྱི་བར་འབྲེལ་མོལ་འགོ་བཙུགས་ཐུབ་པ་བྱུང་ཡོད། དེ་ལྟར་ཡང་། ཕྱི་ལོ་ ༢༠༡༠ ལོར་འདི་ཉིད་ཡོངས་སུ་མཚམས་ཆད་པ་བཅས། རྒྱ་ནག་དམར་ཤོག་གཞུང་གིས་གྲོས་མོལ་ལས་དྲག་གནོན་ཤུགས་ཆེར་བྱས་ཡོད། ཨ་རི་གཞུང་ནས་དུས་ད་ལྟའང་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ལངས་ཕྱོགས་ཐོག་རང་སོར་གནས་ཡོད་པ་གསུངས་འདུག གྲོས་ཚོགས་འཐུས་མི་རྣམས་གཉིས་ཀྱིས་དེ་ལྟར་ན་ཨ་རིའི་གནད་ཡོད་མི་སྣ་རྣམས་ཀྱིས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་མུ་མཐུད་བཤད་དོགས་དོན་གང་ཡིན་ཞེས་སྐྱོན་བརྗོད་དང་འབྲེལ། དེ་ལྟ་བུའི་གཏམ་གྱིས་ཨ་རིའི་ལངས་ཕྱོགས་དང་། བོད་མིའི་རང་དབང་ལ་སྣང་ཆུང་བྱེད་ཀྱི་ཡོད་སྐོར་གསལ་བཏོན་དང་སྦྲགས། རྒྱ་ནག་གིས་རྒྱུ་མཚན་དེ་དག་བརྟེན་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་རྒྱབ་རྟེན་ལུང་འདྲེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ཨ་རིའི་སྲིད་གཞུང་ནས་རྒྱ་ནག་གི་འཐབ་བྱུས་དེ་རྒྱུན་སྲིང་བ་མ་གཏོགས་དེར་དགག་པ་རྒྱག་ཐུབ་ཀྱིས་མེད་པས། ད་ཆ་ཨ་རི་གཞུང་ནང་གསར་དུ་ཞུགས་མཁན་གྱི་སྲི་ཞུ་བ་ཞིག་ལ་མཚོན་ན། ཐོག་མ་ཉིད་ནས་བོད་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པར་ངོས་འཛིན་ཐོག་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱ་ནག་གི་འདོད་དོན་གྲུབ་པ་ཞིག་ཆགས་ཀྱི་ཡོད་པའི་སྐྱོན་བརྗོད་གནང་འདུག དཔྱད་བརྗོད་ཀྱི་མཐའ་སྡོམ་དུ་རྒྱ་ནག་གིས་བོད་དེ་གནའ་རབས་ནས་ཡུལ་དེའི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་ནི་རྒྱ་ནག་དམར་ཤོག་ཀྱི་དབང་འགྱུར་རྒྱ་སྐྱེད་དང་། མང་ཚོགས་ཀྱི་གཞི་རྩའི་རད་དབང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང། དེ་བཞིན་རང་སྐྱོང་ཀྱི་ཁེ་དབང་བཙན་འཕྲོག་བྱ་ཐབས་ཀྱིས་རྒྱལ་ཁམས་རིང་ལུགས་གསར་མ་ལྟ་བུ་ཞིག་ཡིན་པ་དང་། དེ་ནི་ཐའེ་ཝན་དང་ཤིན་ཅང། ཧོང་ཀོང་། དེ་བཞིན་བོད་བཅས་ཀྱི་ནང་ཁྱབ་བཞིན་པར་འགྲེལ་བརྗོད་དང་འབྲེལ། ཨ་རིའི་གཞུང་ངོས་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པ་མ་ཟད། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་བརྒྱུད་སྐུལ་བྱ་རྒྱུ་མཚམས་འཇོག་གིས་དེར་གདོང་ལེན་དགོས་པའི་ཞུ་འབོད་གནང་བ་དང་ཆབས་གཅིག དེ་ལྟར་ཡོང་བར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་དགོས་གལ་སྐོར་གསུངས་འདུག

རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོས་ཧོང་ཀོང་གི་ལས་འགུལ་བ་དྲུད་དེ་ཉེས་རྡུང་བཏང་བ།

དབྱིན་ཡུལ་གྱི་ Manchester ས་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་མི་ཁག་ཅིག་གིས་ཧོང་ཀོང་མང་གཙོ་དོན་གཉེར་བའི་ལས་འགུལ་བ་ཞིག་གཞུང་ཚབ་ལས་ཁང་གི་ར་བར་དྲུད་དེ་ཉེས་རྡུང་བཏང་ཡོད་སྟབས་བོད་རང་བཙན་དང་དབྱིན་ཡུལ་བོད་རིགས་ཚོགས་པས་སྐྱོན་བརྗོད་གནང་སྟེ་དབྱིན་ཡུལ་གཞུང་གིས་དོན་རྐྱེན་དེ་སྣང་མེད་དུ་འཇོག་རྒྱུ་མེད་ཅེས་གསུངས་འདུག ཁ་སྔོན་རེས་གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་འགོ་བཙུགས་དང་བསྟུན་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་གིས་མེན་ཅེས་ཊར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་ཞི་ཅིན་ཕིང་གི་པར་རིས་ཆེན་པོ་ཞིག་འགྲེམས་སྟོན་གྱིས་ངོ་རྒོལ་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱར་ཏེ་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཁག་ཅིག་གིས་ལས་འགུལ་བ་ཞིག་གཞུང་ཚབ་ལས་ཁང་གི་ར་བ་ནང་དུ་དྲུད་དེ་ཉེས་བརྡུང་བཏང་བའི་གནས་ཚུལ་ཐོན་ཡོད། ལས་འགུལ་བ་དེས་བྷི་བྷི་སི་གསར་ཁང་ལ་ང་ཚོས་ལས་འགུལ་སྤེལ་སྐབས་སུ་རྒྱ་ནག་གཞུང་ཚབ་ལས་ཁང་ནས་མི་ཁག་ཅིག་ཐོན་ཏེ་ངོ་རྒོལ་དང་འབྲེལ་བའི་པར་རིས་རྣམས་གཏོར་བཅོམ་བཏང་བར་བཀག་ཐབས་བྱེད་སྐབས་ཁོ་ཚོས་ང་ནང་ལོག་ལ་དྲུད་དེ་ཉེས་བརྡུང་བཏང་སོང་ཞེས་འགྲེལ་བརྗོད་གནང་འདུག རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོས་བྱེད་སྟངས་དེ་ཐབས་སྡུག་དང་དབྱིན་ཡུལ་ནང་སོ་སོས་གང་བཤད་རང་དབང་ཡོད་ཅེས་གསུངས་འདུག དབྱིན་ཡུལ་གཞུང་ནས་གནད་དོན་དེར་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་དང་ས་གནས་ཉེན་རྟོག་པས་ཀྱང་ཞིབ་འཇུག་དབུ་འཛུགས་གནང་ཟིན་སྐོར་གསལ་འདུག དབྱིན་ཡུལ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཟུར་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Iain Duncan Smith  ལགས་ཀྱིས་འཕྲུལ་སྒྲ་ཐོག་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ནས་ངེས་པར་དུ་དགོངས་སེལ་ཞུ་བཅུག་དགོས་པ་དང་དོན་རྐྱེན་དེར་མཉམ་ཞུགས་བྱེད་མཁན་ཚོ་རྒྱ་ནག་ལ་ཕྱིར་ལོག་དགོས་པ་གསུངས་འདུག དེ་བཞིན་ Manchester Gorton ས་ཁུལ་ནས་འོས་འདེམས་བྱུང་བ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Afzal khan ལགས་ཀྱིས་དབྱིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་ James Cleverley མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཕུལ་ཏེ་དབྱིན་ཡུལ་ནི་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར། མང་གཙོ་བཅས་མཚོན་གྱི་ཡོད་པས་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོའི་བྱེད་སྟངས་དེ་བཟོད་ཐབས་མེད་པ་དང་། རྒྱ་ནག་གཞུང་ཚབ་ཆེན་མོར་གནད་དོན་དེའི་ཐོག་གསལ་བཤད་སླད་གང་མགྱོགས་འབོད་འགུགས་གནང་སྐྱོང་དང་དབྱིན་ཡུལ་གཞུང་གིས་དེ་འབྲེལ་ལན་འདེབས་གནང་དགོས་པ་གསུངས་འདུག འོན་ཀྱང་རྒྱ་ནག་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པས་ལས་འགུལ་བ་ཚོས་གཞུང་ཚབ་ལས་ཁང་གི་རྒྱལ་སྒོར་ཁྱད་གསོད་ཀྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་པར་རིས་འགྲེམས་སྟོན་བྱས་ཡོད་སྟབས་བྱ་སྤྱོད་དེ་རིགས་ལ་མོས་མཐུན་རྩ་བ་ནས་མེད་ཅེས་བཤད་འདུག Free Tibet ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Sam Walton ལགས་ཀྱིས་ད་ཆ་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་ཚོས་ཉེས་རྡུང་བཏང་ས་རྣམས་དབྱིན་ཡུལ་ནང་ཁྲིམས་མཐུན་ཐོག་བཞུགས་མཁན་དང་དབྱིན་ཡུལ་གྱི་མི་སེར་ཆགས་ཀྱི་ཡོད་པས་དབྱིན་ཡུལ་གཞུང་གིས་རྒྱལ་ཁབ་གཞན་ཞིག་གིས་རང་ཉིད་ཀྱི་མི་སེར་ཐོག་ཏུ་དྲག་གནོན་གྱི་བྱ་སྤྱོད་སྤེལ་བར་དམ་བསྒྲགས་གནང་དགོས་པ་དང་དབྱིན་ཡུལ་གྱི་ནང་སྲིད་དྲུང་ཆེ་ Suella Braverman ལགས་ཀྱིས་ཡོངས་གྲགས་ཐོག་ནས་གནད་དོན་དེར་སྐྱོན་བརྗོད་དང་སྦྲགས།  དོན་རྐྱེན་དེའི་ཐོག་མཉམ་ཞུགས་བྱེད་མཁན་གྱི་རྒྱ་ནག་གཞུང་ཚབ་ཀྱི་ལས་མི་རྣམས་ཕྱིར་ཕུད་གཏོང་དགོས་པ་གསུངས་འདུག དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་རྒྱ་ནག་གིས་དབང་བསྒྱུར་འོག་ཡོད་པའི་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་རྣམས་ལ་སྨྲ་བརྗོད་ཀྱི་རང་དབང་མེད་པ་དང་སྒོས་རྒྱ་ནག་གི་ཕྱི་ཕྱོགས་སུའང་ཞི་ཅིན་ཕིང་དང་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་སོགས་བྱས་ཚེ་དེར་འཁོན་ལན་ལོག་པའི་ཞེད་སྣང་འོག་བསྡད་ཀྱི་ཡོད་སྟབས་དབྱིན་ཡུལ་གཞུང་གིས་དབྱིན་ཡུལ་ནང་གནས་སྡོད་གནང་མཁན་ཚོ་རྒྱ་ནག་དམར་ཤོག་ཚོགས་པ་ལས་སྲུང་སྐྱོབ་གནང་དགོས་པ་མ་ཚད་པར་རྒྱ་ནག་དམར་ཤོག་ཚོགས་པས་དབྱིན་ཡུལ་ནང་བཙན་གནོན་ཅན་གྱི་བྱ་སྤྱོད་སྤེལ་བར་དམ་བསྒྲགས་གནང་དགོས་པ་སོགས་གསུངས་འདུག

རེས་གཟའ་ཟླ་བ། ༢༠༢༢།༡༠།༡༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བལ་པོ་བར་མ་ཎི་སོགས་ཀྱི་ལྗགས་ལུང་སྩལ་བ། རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས།། ༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གླུ་བླངས་རྐྱེན་བོད་མི་ལྔ་འཛིན་བཟུང་།། བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་གིས་སྦེལ་ཇམ་གྱི་གནད་ཡོད་མིར་མཇལ་འཕྲད། ཞི་ཅིན་ཕིང་གི་གཏམ་བཤད་ལ་བཟང་ཕྱོགས་ཀྱི་རེ་བ་མེད་ཅེས་གསུངས་པ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ངོ་རྒོལ།   Monday 17/10/2022 Dalai Lama grants audience to devotees from Nepal 4th Young Indian Research Scholar's Conference commences in Dharamsala China arrests five Tibetan youth for Dalai Lama song No ray of hope or positive reform in Xi’s 20th Party Congress Report: Expert Sikyong briefs Belgium govt. on worsening human rights situation in Tibet Tibetans mark commencement of 20th CCP Party Congress with protest rally in Dharamsala    

Latest news