Tibetan Royal Year of 2151 | Year of the Wood Dragon

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ལུགས་རིས་མེད་ཀྱི་ཚོགས་མགོན་དུ་གདན་ཞུ་ཕུལ་འདུག 

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་གཅེར་བུ་བའི་བླ་ཆེན་ Acharya Dr. Lokesh Muni མཆོག་དང་ཧིཾ་དྷཱུའི་བླ་ཆེན་ Maha Mandleshwar Mahant Naval Kishore Das མཆོག སིག་བླ་ཆེན་ Jathedar Bhai Ranjit Singh མཆོག་བཅས་རྒྱ་གར་གྱི་ཆོས་ལུགས་ཆེ་ཁག་གསུམ་གྱི་དབུ་ཁྲིད་ནས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟུར་མཇལ་ཞུས་པ་དང་སྦྲགས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་རིང་མིན་རྒྱལ་ས་ལྡི་ལིར་འཚོགས་གཏན་ཁེལ་བའི་ཆོས་ལུགས་རིས་མེད་ཀྱི་ཚོགས་ཆེན་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་གནང་ཡོང་བའི་གདན་ཞུ་གསོལ་འདེབས་ཞུས་འདུག

དེ་རིང་སྔ་དྲོའི་ཟུར་མཇལ་ལེགས་གྲུབ་ཟིན་མཚམས་སུ་ཆོས་ལུགས་བླ་ཆེན་རྣམས་ཀྱིས་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་སྟེ་གཅེར་བུ་བའི་བླ་ཆེན་ Acharya Dr.  Lokesh Muni མཆོག་གིས་དེང་སྐབས་འཛམ་གླིང་གི་གནས་སྟངས་སྤྱི་དང་ཆོས་ལུགས་དབར་འགལ་ཟླ་སོགས་ཀྱི་དཀའ་རྙོག་རིམ་འཕྲད་ཁྲོད་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་གལ་ཆགས་ཡོད་པ་ལྟར་། Ahimsa Vishwa Bharti ཞེས་པའི་འཚེ་མེད་ཞི་བའི་ཚོགས་པས་རིང་མིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ཆོས་ལུགས་རིས་མེད་ཀྱི་ཚོགས་ཆེན་ཞིག་གོ་སྒྲིག་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཇི་ལྟར་ཞུས་པ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་ཞེས་གསུངས་སོང་།

ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ནང་པའི་དགེ་སློང་དཀྱུས་མ་ཞིག་མིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་གུས་བརྩི་དང་གདེང་འཇོག་ཆེན་པོ་ཞུ་ཡུལ་གྱི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས་༸གོང་ས་མཆོག་ཚོགས་ཆེན་ཐོག་དབུ་བཞུགས་མཛད་དེ་ཞི་བདེའི་བརྡ་ལན་གང་མཛད་པ་དེ་དག་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་སྤེལ་ངེས་ཡིན་པར་མ་ཟད། འགྲོ་བ་མིའི་ཡོན་ཏན་གྱི་རིན་ཐང་གོང་འཕེལ་འགྲོ་བར་ཐུགས་ཕན་གསོས་པ་ཞིག་བྱུང་རྒྱུ་ཡིན་པ་གསུངས་ཡོད།

འཚེ་མེད་ཞི་བའི་ཚོགས་པས་རྒྱལ་ས་ལྡི་ལིར་ཞི་བདེའི་སློབ་སྟོན་ཁང་ཞིག་གསར་རྒྱག་གནང་བཞིན་ཡོད་པ་དང་། དེའི་ནང་བྱིས་པ་དང་གཞོན་སྐྱེས། བུད་མེད། སྨན་པ་བཅས་ལ་ཞི་བདེ་སྐོར་གྱི་སློབ་ཁྲིད་གནང་རྒྱུ་ཡིན་པ་ལྟར་༸གོང་ས་མཆོག་ཚོགས་ཆེན་ཐོག་ཆིབས་བསྒྱུར་བཀའ་དྲིན་མཛད་སྐབས་ལྟེ་གནས་ཁང་དེར་གཟིགས་ཞིབ་མཛད་ཀྱི་ཡོད་སྐོར་གསུངས་སོང་།

ཁོང་གིས་ Ahimsa Vishwa Bharti ཚོགས་པའི་ངོས་ནས་ཚོགས་ཆེན་དང་བསྟུན་༸གོང་ས་མཆོག་ལ་རྒྱལ་སྤྱིའི་འཚེ་མེད་ཞི་བའི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད།

རྒྱ་གར་གྱི་ཆོས་ལུགས་ཆེ་ཁག་གསུམ་གྱི་དབུ་ཁྲིད་རྣམ་པ་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་འབྱོར་སྐབས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་ལྟར། ཁ་སང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པར་མ་ཟད། གྲོས་ཚོགས་ཀྱི་ཚོགས་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་སོགས་ལ་གཟིགས་སྐོར་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།