Tibetan Royal Year of 2151 | Year of the Wood Dragon

བཅའ་སྡོད་སློབ་གྲྭར་བོད་ཕྲུག་རྣམས་རང་ཉིད་ཀྱི་ཕ་མ་དང་ཐུག་འཕྲད་ཀྱི་གོ་སྐབས་མེད་པར་ཐེར་འདོན།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་རྒྱ་མི་རིགས་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་རྒྱ་བསྐྱེད་ཆེས་ཆེར་གཏོང་བཞིན་པའི་ཁྲོད་ཉེ་ལམ་བོད་ནས་ཕྱིར་འགྱར་བྱུང་བའི་བརྙན་པར་ཞིག་གི་ནང་རྒྱ་དམར་གྱི་བཅའ་སྡོད་སློབ་གྲྭར་བཅུག་པའི་བོད་ཕྲུག་རྣམས་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་ནས་རྒྱ་སྐད་ཁོ་ན་སྤྱོད་བཞིན་ཡོད་པ་མངོན་གསལ་གྱིས་ཐེར་འདོན་གནང་འདུག

ཁ་སང་རེས་གཟའ་ཕུར་བུ་ཉིན་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་བོད་ནས་ཕྱིར་འགྱར་བྱུང་བའི་བརྙན་པར་ཞིག་སྤྱི་ཚོགས་དྲ་ལམ་ཐོག་སྤེལ་བར་བོད་མངའ་རིས་ཁུལ་དུ་བོད་པའི་དགེ་རྒན་ཞིག་གིས་ཚོར་བ་རྣོ་པོའི་ཐོག་ནས་རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭར་ཡོད་པའི་བོད་ཕྲུག་རྣམས་ལ་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེན་སོགས་དང་ཐུག་འཕྲད་དང་། མ་འོངས་པར་ས་གནས་གང་དུ་འགྲོ་འདོད་ཡོད་མེད་ལ་སོགས་པའི་འདྲི་རྩད་གནང་བར་བོད་ཕྲུག་དེ་དག་གིས་རྒྱ་སྐད་ཐོག་ནས་ཁོང་རྣམས་རང་ཉིད་ཀྱི་ཕ་མ་དང་ཐུག་འཕྲད་ཀྱི་གོ་སྐབས་མེད་པ་དང་། མ་འོངས་པར་བོད་ཀྱི་རྒྱལ་ས་ལྷ་ས་དང་པེ་ཅིང་སོགས་ལ་འགྲོ་འདོད་ཡོད་པའི་ལན་འདེབས་གནང་ཡོད་པ་མཐོང་རྒྱུ་འདུག

སྤྱིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་འཁྲིད་འོག་ཉེ་བའི་ལོ་ཤས་ནས་བཟུང་བོད་རྒྱ་སྡེར་བསྒྱུར་བའི་སྲིད་བྱུས་འོག་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་བཟོ་ཐབས་བྱེད་མུས་ཁྲོད་བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་མང་དག་ཅིག་ཆེད་འཛུགས་བྱས་པའི་ནང་ལོ་ན་ ༤ ནས་ ༡༨ བར་སོན་པའི་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་པ་དང་། རྒྱ་གཞུང་གི་དགོས་མཁོ་དང་མཐུན་པའི་སྐད་གཉིས་སློབ་གསོ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ནང་གི་བོད་མི་སྤྱི་དང་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་གཏན་ནས་མེད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད།

གནད་དོན་དེ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ལམ་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་མི་མང་གི་འདོད་མོས་ལ་མ་བལྟོས་པར་བོད་ནང་གི་ས་ཆ་ཕལ་ཆེ་བར་སློབ་གསོའི་ཐབས་ལམ་གཉིས་པ་དེ་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། སློབ་ལོ་ཟིན་པའི་བྱིས་པ་ཚོ་གཞུང་གིས་གཉེར་བའི་སློབ་གྲྭར་མ་བཏང་ན་རོགས་སྐྱོར་མཚམས་འཇོག་དང་ཁྱིམ་བདག་ལའང་ཉེས་ཆད་ཕོག་ངེས་ཡིན་པའི་གསལ་བསྒྲགས་སྤེལ་ཏེ་ཕ་མ་རྣམས་ལ་བཙན་ཤེད་ཀྱིས་ངོས་ལེན་མིང་རྟགས་འགོད་དུ་བཅུག་པ་དང་། མིང་རྟགས་མི་འགོད་མཁན་ཚོར་ཁྲིམས་ཆད་ཕོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་སྐོར་བཀོད་ཡོད།

རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་དེ་དག་དང་འབྲེལ་བོད་མི་དང་བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། ཨ་རི་དང་ཁེ་ན་ཌ་སོགས་ཀྱི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ། དེ་བཞིན་ G7 སྟོབས་ཆེན་རྒྱལ་ཁབ་ཀྱི་ལྷན་ཚོགས་བཅས་ལ་ཞུ་གཏུག་གནང་བ་དང་འབྲེལ། རྒྱ་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་དང་། སྲིད་བྱུས་དེ་གཏན་འབེབས་ལག་བསྟར་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོར་ཉེས་ཆད་འགེལ་དགོས་པ་མ་ཚད་པར་རྒྱལ་སྤྱིའི་སྟེང་ཞུ་སྐུལ་དང་ངོ་རྒོལ་དུ་མ་གནང་དང་གནང་མུས་ཡིན་པ་ལྟར། ཁ་སང་ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ Denmark གྱི་རྒྱལ་ས་ཀོ་པེན་ཧེ་གྷན་དུ་རྟེན་གཞི་བྱས་པའི་ཌེན་མག་འགྲོ་བ་མིའི་ཐོབ་ཐང་བསྟི་གནས་ཁང་  Danish Institute for Human Rights དུ་ཆེད་ཕེབས་ཀྱིས་དེ་གའི་འཛིན་སྐྱོང་འགན་འཛིན་ལྕམ་སྐུ་ Louise Holck ལགས་དང་། རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Mette Thygesen  ལགས་རྣམ་གཉིས་དང་ལྷན་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལ་དགག་པ་དང་ཞིབ་འཇུག་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།