Tibetan Royal Year of 2151 | Year of the Wood Dragon

བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ།

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

ཁ་སང་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཐུན་མོང་གིས་བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་བ་དང་སྦྲགས། རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་མུ་མཐུད་ཐུགས་སྣང་དང་རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་སྐྱོན་བརྗོད་ནན་པོ་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་ཞུས་སོང་།

བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ།

ཁ་སང་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་དབུས་རྒྱུན་ལས་བྱེད་རྣམས་ལྷན་འཛོམས་ཐོག་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ། རྒྱ་གཞུང་ནས་རྫོང་འདིའི་ཁོངས་གཏོགས་འབྲི་ཆུའི་ཆུ་རྒྱུན་དུ་ཆུ་མཛོད་གསར་རྒྱག་དང་ཡུལ་མི་རྣམས་གནས་སྤོ་དགོས་པའི་བཙན་བཀའ་བཏང་ཡོད་པར་ངོ་རྒོལ་གནང་སྟེ། ལས་གཞི་དེས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་བོད་མིའི་འཚོ་རྟེན་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པར་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་སོང་།

བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ།

གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེའི་ཁྲོད་ཚོགས་པ་ཁག་བཞིས་དབྱིན་བོད་སྐད་ཡིག་གཉིས་ཀྱི་ནང་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྒྲོགས་སྦྱང་གནང་བའི་ནང་། བོད་དེ་ཨེ་ཤེ་ཡའི་ཆུ་རྒྱུན་ཁག་གི་འབྱུང་ཁུངས་གཙོ་བོ་དེ་ཆགས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཀྱི་ཆུ་བོ་ཁ་འབབ་ཆེ་ཁག་བཞིས་གཙོས་པའི་ཆུ་རྒྱུན་ཆེ་ཁག་སྟེང་ཆུ་རགས་བརྒྱབ་པ་དང་། ཆུ་བོ་ཁ་བསྒྱུར་སོགས་ཀྱི་ལས་གཞི་མང་དག་སྤེལ་བཞིན་པའི་བརྒྱུད་མང་ཚོགས་ས་ཡ་མང་པོའི་འཚོ་རྟེན་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་པར་མངོན་གསལ་དང་སྦྲགས། ད་རེས་རྒྱ་གཞུང་གིས་སྡེ་དགེ་རྫོང་གི་བོད་མིའི་འགྲོ་འདུག་གི་རང་དབང་ལ་བརྩི་སྲུང་མེད་པར་བཙན་དབང་གིས་ས་གནས་གཞན་དུ་གནས་སྤོར་བཅུག་བཞིན་པ་འདི་ནི་དངོས་ཡོད་ཀྱི་ཛ་དྲག་གནས་སྟངས་ཀྱི་དཔེ་མཚོན་ཞིག་ཡིན་སྐོར་གསུངས་ཏེ། རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་གཙོས་ལྷག་པར་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ་སོགས་ཟུང་སྦྲེལ་གྱིས་རྒྱ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པ་བཅས་ཀྱི་དགོས་འདུན་ཁག་ཅིག་གསལ་བཏོན་གནང་སོང་།

བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ།

འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་པར། བོད་སྡེ་དགེ་རྫོང་གི་ས་གནས་མང་ཚོགས་ནས་རང་ཉིད་ཀྱི་དགོན་པ་དང་ས་ཁྱིམ་སོགས་སྲུང་སྐྱོབ་སླད་རྒྱ་གཞུང་གི་ལས་བྱེད་རྣམས་ཀྱི་མདུན་དུ་པུས་མོ་གཉིས་ས་ལ་བཙུགས་ཏེ་ངུ་འབོད་ཀྱིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་ཉིད་མཚམས་འཇོག་དགོས་པའི་དགོས་འདུན་འདོན་བཞིན་ཡོད་ནའང་རྒྱ་གཞུང་གིས་དེར་སྣང་མེད་བཏང་མུས་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པར་གདུང་སེམས་མཉམ་བསྐྱེད་དེ་མཚུངས་སུ་གནང་རྒྱུ་ནི་ཆེས་གནད་འགག་ཆེན་པོ་ཆགས་ཡོད་པ་གསུངས་སོང་།

བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ།

ཕྱོགས་མཚུངས་ཟླ་བ་འདིའི་ཕྱི་ཚེས་ ༢༡ དགོང་མོར་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ནས་ཀྱང་སུད་སི་གྲོང་ཁྱེར་ཛུ་རིག་ (Zurich) ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་འཁྲབ་སྟོན་གྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་དཔལ་འབྱོར་ཁེ་ཕན་ཁོ་ནར་ཆེད་དམིགས་ཀྱིས་བོད་མིའི་འཚོ་རྟེན་དང་བོད་ཀྱི་ཁོར་ཡུག་ལ་གནོད་གཞིའི་ལས་གཞི་མང་པོ་ཞིག་བརྩམས་དང་རྩོམ་མུས་ཡིན་པར་ངོ་སྤྲོད་གནང་བ་དང་འབྲེལ། ལྷག་པར་ད་རེས་རྒྱ་གཞུང་གིས་ཁམས་སྡེ་དགེ་རྫོང་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞིར་དམིགས་ཏེ་ཡུལ་མི་རྣམས་ས་གནས་གཞན་ལ་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་དེའི་ཐོག་རྒྱ་གཞུང་ལ་ངེས་པར་དུ་སྐྱོན་བརྗོད་གནང་དགོས་གལ་ཡིན་པ་སོགས་ཀྱི་ཞུ་འབོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།