Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་འཚམས་གཟིགས་གནང་བཞིན་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་ Mike Gallagher ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། ཡུལ་དེའི་སྲིད་འཛིན་ལྕམ་སྐུ། Sa Tsai Ing-Wen མཆོག་གིས་དབུས་གཞན་དཔོན་རིགས་མཐོ་གྲས་ཁག་ཅིག་དང་མཇལ་འཕྲད་ཀྱིས་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་བར་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་དང་། ལྷག་པར་རྒྱ་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་དང་དཔལ་འབྱོར། དེ་བཞིན་དྲག་དཔུང་བརྒྱུད་གནོན་ཤུགས་སྤྲོད་པའི་བྱ་སྤྱོད་ཁག་གི་ཐོག་གླེང་མོལ་གནང་འདུག  

Image Credit: Reuters

Reuters གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་ཕྱི་ཚེས་ ༢༢ ཉིན་ཐེ་ཝན་གྱི་རྒྱལ་ས་ Taipie ནང་རྟེན་གཞིས་བྱས་པའི་གཞུང་འབྲེལ་གསོལ་མགྲོན་ཁང་དུ་ Mike Gallagher ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཝན་སྲིད་འཛིན་ Tsai Ing Wen མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ Gallagher ལགས་ཀྱིས་ད་རེས་ཁོང་རྣམ་པའི་འཚམས་གཟིགས་འདི་ནི་ཐེ་ཝན་གྱི་གཟེངས་སུ་ཐོན་པའི་མང་གཙོའི་གནས་བབ་ལ་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཡོད་པ་སྟོན་ཆེད་ཡིན་ཞེས་དང་། ལྷག་པར་སྲིད་འཛིན་ Tsai མཆོག་གིས་སྣེ་ཁྲིད་པའི་ཐེ་ཝན་གྱིས་རྒྱལ་ཁབ་ཕྱོགས་གཉིས་བར་གྱི་འབྲེལ་བ་དེ་སྔར་ལྷག་སྲ་བརྟན་དུ་བཏང་ཡོད་སྐོར་བསྔགས་བརྗོད་གནང་འདུག  

Image Credit: Reuters

མ་ཟད་ཁོང་གིས་རྒྱ་གཞུང་ནས་རྣམ་ཀུན་ནས་ཐེ་ཝན་ལ་ཕྱི་འབྲེལ་དང་དཔལ་འབྱོར། དེ་བཞིན་དྲག་དཔུང་བརྒྱུད་ནས་གནོན་ཤུགས་ཆེས་ཆེར་སྤྲོད་ཀྱི་ཡོད་སྐོར་མངོན་གསལ་གྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་དང་འབྲེལ། དེང་སྐབས་རང་དབང་དང་མང་གཙོ་སོགས་རྩ་ཆེའི་རིན་ཐང་ལ་མི་གཅིག་དབང་སྒྱུར་རིང་ལུགས་པས་བཙན་བཟུང་བྱེད་བཞིན་ཡོད་སྟབས།  ང་ཚོས་རང་དབང་གི་ལེགས་སྐྱེས་འདི་མི་རབས་རྗེས་མར་རྩིས་སྤྲོད་བྱེད་འདོད་ན་སྔར་ལྷག་གཟབ་ནན་ཐོག་རྒྱ་ནག་གི་འཇིགས་སྐུལ་ལ་གདོང་ལེན་གནང་དགོས་གལ་ཙམ་མ་ཟད། ཐེ་ཝན་དང་ཨ་རིའི་མི་མང་བར་མཛའ་གྲོགས་ཀྱི་འདུ་ཤེས་དེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། མང་གཙོ། དཔལ་འབྱོར་རང་དབང་རྒྱུན་གནས་སླད་གལ་གནད་ཡིན་པ་གསུངས་ཏེ་ཐེ་ཝན་དང་ལྷན་དུ་གྲོས་མོལ་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་འདུག  

ད་དུང་ཉེ་ཆར་འོས་འདེམས་བྱུང་བའི་སྲིད་འཛིན་གསར་པ་ Lai Ching Te ལགས་དང་ལྷན་མཇལ་མོལ་སྐབས་གལ་ཏེ་རྒྱ་ནག་གཞུང་གིས་ཐེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་པ་ཡིན་ན་དེ་ནི་ཧ་ཅང་གླེན་རྟགས་ཀྱི་ལས་དོན་ཞིག་ཡིན་སྐོར་ཉེན་བརྡ་བཏང་ཡོད་པ་མ་ཟད། ཨ་རིས་དེར་འགོག་ཐབས་སླད་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག  

Image Source: Wikipedia

ཐེངས་འདིའི་ཐུགས་འཕྲད་དང་འབྲེལ་ཐེ་ཝན་གྱི་སྲིད་འཛིན་ Tsai Ing Wen མཆོག་གིས་འདུ་འཛོམས་དེའི་ཐོག་ཆེད་ཕེབས་གནང་བའི་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མིའི་རུ་ཁག་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས།  ད་རེས་ཁོང་རྣམས་ཕེབས་པ་དང་རྒྱབ་སྐྱོར་གཡོ་མེད་གནང་བཞིན་པ་དེས་ཐེ་ཝན་མང་ཚོགས་ལ་ང་ཚོ་ཁེར་རྐྱང་མིན་པའི་བློ་བསྐྱེད་གནང་ཡོད་པར་གསུངས་འདུག ལྷག་པར་ཐེ་ཝན་གྱིས་འཛམ་གླིང་ཞི་བདེ་དང་དམངས་གཙོ་རྒྱུན་འཛིན་གནང་རྒྱུའི་ཐད་ཧུར་ཐག་གནང་གི་ཡོད་པ་དང་། ཐེ་ཝན་ངོས་ནས་རྒྱལ་སྤྱིའི་འབྲེལ་ལམ་གཙོས་ཨ་རི་དང་ལྷན་མུ་མཐུད་འབྲེལ་བ་དམ་ཟབ་གནང་སྐྱོང་ཡོང་བའི་རེ་བ་ཡོད་ཅེས་གསུངས་འདུག  

སྤྱིར་ད་རེས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོའི་ཐེ་ཝན་ནང་གི་གཟིགས་སྐོར་དེ་ནི་རྒྱ་ནག་དང་ཐེ་ཝན་གཉིས་བར་ཆེས་ཟང་ཟིང་དང་ཛ་དྲག་རང་བཞིན་ཅན་གྱི་དུས་སྐབས་ཤིག་ཆགས་ཀྱི་ཡོད་ཅིང་། རྒྱལ་སྤྱིའི་གནད་དོན་དཔྱད་ཞིབ་པས་ཨ་རིའི་སྐུ་ཚབ་རུ་ཁག་གིས་ཁུལ་དེར་འཚམས་གཟིགས་གནང་བ་དེས་རྒྱ་ནག་ལ་ཁོང་ཁྲོ་སློང་གཞི་གཙོ་བོ་ཞིག་དང་། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པ་གསུངས་འདུག  རྩ་བའི་གཟའ་འཁོར་སྔོན་མའི་ནང་ཐེ་ཝན་མཚོ་དམག་གིས་རྒྱ་ནག་གི་གྲུ་གཟིང་གཅིག་རང་ཉིད་ཀྱི་ས་ཁོངས་ནས་རྗེས་འདེད་གཏོང་སྐབས་རྒྱ་ནག་གི་གྲུ་གཟིངས་དེ་མགོ་རྟིང་ལོག་པའི་ཁྲོད་ཉ་པ་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་སྟབས་རྒྱལ་ཁབ་ཕན་ཚུན་གཉིས་བར་རྩོད་རྙོག་ཤུགས་ཆེ་བྱུང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།