Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ལྷུང་ཡོད་པ་མངོན་གསལ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་ཡུལ་དེའི་མི་སེར་རྣམས་ཀྱི་གཞི་རྩའི་རང་དབང་ལ་མུ་མཐུད་རྡོག་རོལ་གྱིས་འགྲོ་བ་མིའི་ཐོབ་ཐང་སྤྱིའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལྷག་པར་བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་ནང་གི་མང་ཚོགས་རྣམས་མུ་མཐུད་དྲག་གནོན་འོག་ལྷུང་ཡོད་པ་བཀོད་འདུག

དེའང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཤོག་གྲངས་ ༤༡༧ ཡོད་པའི་སྙན་ཐོ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ ༡༥༥ ཙམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ཞིབ་བཀོད་གནང་འདུག་པ་དང་། རྒྱ་ནག་དང་འབྲེལ་བའི་ཚན་པའི་ཁོངས་སུ་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་བོད་དང་ཤིན་ཅང་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་རྣམས་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་། རྒྱ་གཞུང་གི་ལངས་ཕྱོགས་ལ་ཁ་གཏད་བྱེད་མཁན་གྱི་ཁྲིམས་རྩོད་པ་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་གང་བྱུང་དུ་འཛིན་བཟུང་། ཉེན་གཡོལ་དུ་ཕྱིན་པའི་སྐྱབས་བཅོལ་བར་རྒྱལ་མཚམས་ལས་བརྒལ་བའི་འཇིགས་སྐུལ། དོན་སྙིང་རྒྱ་གཞུང་གིས་བཙན་གནོན་འོག་ཡོད་པའི་གྲང་ཉུང་མི་རིགས་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་ཞི་བའི་འདུ་འཛོམས་ཀྱི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ལ་རྡོག་རོལ་འཚབ་ཆེན་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག

མ་ཟད་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཟུར་བཏོན་ཚན་པའི་ནང་།  སྔ་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ལྔས་རྒྱ་གཞུང་གིས་བོད་ཁུལ་དུ་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་སོགས་ལ་ཁག་དཀྲིས་ནས་བོད་མི་ས་ཡ་མང་པོ་སོ་སོའི་ཁྱིམ་དང་རྒྱུན་སྲོལ་གྱི་འཚོ་བའི་ལམ་ལུགས་ནས་ཁ་བྲལ་ཏེ་བཙན་གྱིས་གཞིས་སྤོ་བྱས་བཅུག་གི་ཡོད་པ་མ་ཟད། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འོག་འདོད་པ་མེད་བཞིན་དུ་རྒྱའི་བཟོ་གྲྭ་ཁག་གི་ནང་གླ་ཕོགས་དམའ་བའི་ལས་རིགས་གཉེར་བཅུག་གི་ཡོད་ཅིང་། འདི་ལྟ་བུའི་རྒྱ་གཞུང་གིས་བཙན་གྱིས་ངལ་རྩོལ་ལས་དོན་གཉེར་བཅུག་བཞིན་པ་དེ་ནི་མི་ཚོང་རྒྱག་པ་དང་གཅིག་མཚུངས་ཡིན་པའི་སྙན་ཐོ་བཏོན་ཡོད་པ་ལུང་འདྲེན་གྱིས། བོད་མི་རྣམས་ཀྱི་གནས་བབས་ད་ལྟའང་ཆེས་ཞེན་པོ་ཡིན་སྐོར་བཀོད་འདུག

སྙན་ཐོའི་ནང་ད་དུང་འདས་ལོའི་ཕྱི་ཟླ་ ༣ པའི་ནང་། རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ལྷན་ཚོགས་ཀྱིས་རྒྱ་གཞུང་གིས་བོད་ནང་དབུལ་ཕོངས་ཉུང་འཕྲི་བཏང་རྒྱུ་དང་གཞིས་ཆགས་བསྐྱར་གསོ་སོགས་ཡིན་ཚུལ་བརྗོད་དེ་བོད་མི་ཞིང་འབྲོག་མང་པོ་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ནང་གནས་སྤོ་བྱེད་བཅུག་བཞིན་པ་དེས་རྒྱ་གཞུང་གིས་བོད་ནང་མི་རིགས་ཀྱི་གྲངས་འབོར་ལ་བསྒྱུར་བཅོས་གཏོང་རྒྱུའི་ཐབས་ཤེས་ཡིན་པ་དང་། དེས་བོད་ཀྱི་ཞིང་འབྲོག་རྣམས་ཀྱིས་འཚོ་རྟེན་ལ་དོ་ཕོག་ཤུགས་ཆེ་བཏང་ཡོད་པ་ཙམ་མ་ཟད། བོད་ནང་བཅའ་སྡོད་སློབ་གྲྭ་གང་མང་ཆེད་གཉེར་བྱེད་བཞིན་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པར་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས།  རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་དེ་དག་འཕྲལ་མར་སྒོ་བརྒྱབ་དགོས་པ་དང་།  འདི་ལྟ་བུའི་གཞིས་སྤོའི་ངན་བྱུས་དེ་དག་མཚམས་འཇོག་དགོས་པ་སོགས་ཀྱི་སྐུལ་འདེབས་གནང་ཡོད་པར་འགྲེལ་བརྗོད་གནང་འདུག

དེ་བཞིན་ཤིན་ཅང་དང་འབྲེལ་རྒྱ་གཞུང་གིས་ཁུལ་དེར་ཁྲིམས་སྒྲིག་གི་ལམ་ལུགས་གཅིག་ཀྱང་མེད་པར་ཁ་ཆེ་མི་རིགས་ས་ཡ་གཅིག་ཙམ་ཡང་གང་བྱུང་དུ་འཛིན་བཟུང་གྱིས་ངལ་རྩོལ་ལས་རིགས་འདྲ་མིན་གཉེར་འཇུག་བཞིན་པའི་གནད་དོན་དང་། ཧོང་ཀོང་དང་འབྲེལ་རྒྱ་གཞུང་གིས་ཁུལ་དེར་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་གཞི་ལག་བསྟར་བྱས་པ་དེས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལྷག་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད་ཁྲིམས་གཞི་དེས་ཧོང་ཀོང་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་རང་དབང་སོགས་ལ་དོ་ཕོག་ཚབས་ཆེན་བཏང་ཡོད་པ་སོགས་ཆེས་མངོན་གསལ་གནང་འདུག

ལྷག་དོན་སྙན་ཐོའི་ནང་། ན་ནིང་ལོ་གཅིག་པའི་ནང་རྒྱ་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་དང་འཇིགས་སྐུལ་རིང་ལུགས་ལ་འགོག་རྒོལ་ཟེར་བ་སོགས་ཀྱི་ལས་འགུལ་ལ་ཁ་གཡར་ནས་ Xu Zhiyong དང་ Ding Jiaxi ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མང་དག་ཅིག་ལ་བཀག་སྐྱིལ་ཁྲོད་མནར་གཅོད་བཏང་བ་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་ཆེས་གསལ་བཏོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།