Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་གྲུབ་འབྲས་ཐོན་པའི་རེ་བ་མེད་ཅེས་གསུངས་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གིས་ཚུར་འབྲེལ་བ་བྱས་ཐོག་འདས་ལོ་ནས་རྒྱ་ནག་དང་ལྷན་དུ་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་གནང་ཡོད་ཀྱང་། དེར་ལམ་སེང་གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་བ་མེད་པ་གསུངས་འདུག

དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་གདན་ཞུས་ཐོག་ལྡི་ལི་ཁུལ་གྱི་རྒྱ་གར་གྱི་གསར་ཁང་ཆེ་གྲས་ལྔ་ཡི་གསར་འགོད་པ་རྒན་གྲས་ཁག་གཅིག་བཞུགས་སྒར་དུ་ཕེབས་ཡོད་པ་རྣམས་ནས་ཁ་སང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་ཞུས་རྗེས་སུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཙོས་པའི་མཛད་གཙོ་རྣམ་པའི་ལྷན་དུ་མཇལ་འཕྲད་གནང་ཡོད་པ་ལྟར། སྐབས་དེར་རྒྱ་གར་གསར་འགོད་པ་རྣམས་ནས་སྲིད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དང་འབྲེལ་ནས་དྲི་བ་ཁག་གཅིག་ཞུས་པར་ལན་འདེབས་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་དབར་གཞུང་འབྲེལ་མིན་པའི་ཐོག་ནས་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་བཙུགས་བྱས་ཏེ་ད་ཆ་ལོ་གཅིག་ཙམ་འགྲོ་བཞིན་ཡོད་སྐོར་གསུང་བ་དང་འབྲེལ། ང་ཚོས་ཕུགས་རྒྱང་རིང་པོའི་ཐབས་ལམ་འཚོལ་ཐབས་དང་འབྲེལ་ནས་འབྲེལ་ལམ་དེ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་དང་། དེའང་ང་ཚོའི་ཕྱོགས་ནས་མིན་པར་རྒྱ་ནག་གིས་ཚུར་འབྲེལ་བ་བྱས་པ་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ད་ལྟའི་སྐབས་འདིར་ལམ་སེང་གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་བ་བྱ་རྒྱུ་ནི་དངོས་ཡོད་གནས་སྟངས་དང་མི་མཐུན་པ་ཡིན་སྐོར་གསུངས་འདུག

མ་ཟད་ཁ་སང་རྒྱ་གར་གྱི་གསར་ཁང་ wion ནས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ལ་ཟུར་དུ་བཅར་དྲི་ཞུས་པའི་སྐབས་སུའང་། ཕྱི་དྲིལ་བཀའ་བློན་མཆོག་ནས་ཀྱང་རྒྱ་བོད་དབར་གཞུང་འབྲེལ་མ་ཡིན་པའི་སྒོ་ནས་འབྲེལ་ལམ་བྱུང་བཞིན་ཡོད་པ་ངོས་ལེན་གནང་ཡང་། ད་ལྟའི་ཆར་དོན་ཕན་ལྡན་པའི་གྲུབ་འབྲས་ཐོན་རྒྱུའི་རེ་བ་གནང་གི་མེད་པ་གསུངས་འདུག

རྩ་བའི་བོད་རྒྱ་གཉིས་དབར་ཕྱི་ལོ་ ༢༠༠༢ ལོར་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟུང་ཕྱོགས་གཉིས་དབར་འབྲེལ་མོལ་རིམ་པ་དགུ་ཙམ་བྱུང་ཡང་། ཕྱི་ལོ་ ༢༠༡༠ ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡོངས་སུ་འགག་ཡོད་པ་དང་། རྒྱ་གར་གྱི་ Hindustan Times གསར་ཤོག་གིས་ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་བ་ཡོད་སྐོར་འགྲེལ་བརྗོད་གནང་བ་དེ་ནི་༢༠༡༠ རྗེས་སུ་བོད་རྒྱའི་དབར་འབྲེལ་བ་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། དེའང་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་དབར་གྱི་མཐའ་མཚམས་དམག་མིའི་དབར་གདོང་ཐུག་རིམ་པ་བྱུང་སྟེ་རྒྱལ་ཁབ་ཕྱོགས་གཉིས་དབར་འདས་ལོའི་ལོ་ངོ་ ༦༠ ནང་འབྲེལ་ལམ་ཆེས་སྡུག་པོའི་དུས་སྐབས་སུ་བྱུང་ཡོད་པ་བརྗོད་འདུག

 སྲིད་སྐྱོང་མཆོག་གིས་དེ་འབྲེལ་རྒྱ་གར་གྱི་གསར་འགོད་པ་རྣམས་ལ། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྙོག་གླེང་ནམ་བྱུང་སྐབས་རྒྱ་གར་ནང་གི་གསར་འགྱུར་བརྒྱུད་ལམ་དང་ཤེས་ལྡན་མི་སྣའི་ཁྲོད་ནས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་གླེང་སློང་ཤུགས་ཆེ་ཡོང་གི་ཡོད་སྐོར་དང་། ལྷག་པར་དེང་སྐབས་འཛམ་གླིང་ནང་དུ་རྒྱ་གར་གྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་དེར་། ང་ཚོས་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་གར་གཞུང་གི་བོད་དོན་ཐོག་གླེང་སློང་ཤུགས་ཆེ་ཙམ་གནང་རྒྱུའི་རེ་བ་བཅངས་བཞིན་ཡོད་པ་གསུངས་འདུག

སྲིད་སྐྱོང་མཆོག་གིས་ད་དུང་། རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་སོགས་ཀྱི་སྐབས་རྒྱ་གར་ངོས་ནས་བོད་དོན་སྐོར་གླེང་སློང་རྩ་བ་ནས་གནང་གི་མེད་པ་ཐེར་འདོན་དང་སྦྲགས། རྒྱ་གར་དང་བོད་དབར་ལོ་རྒྱུས་སུ་འབྲེལ་བ་ཤུགས་ཆེ་ཡོད་པའི་ཆ་ནས་རྒྱ་གར་གྱི་བོད་དོན་ཐོག་གླེང་སློང་མང་ཙམ་གནང་དགོས་པ་བསྐྱར་ནན་གནང་འདུག

ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་འཕགས་བོད་ས་མཚམས་དང་འབྲེལ་བའི་རྙོག་གླེང་མ་སེལ་བར་དུ་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་རྒྱུ་མིན་པའི་ད་ལྟའི་རྒྱ་གར་གཞུང་གི་བཞེངས་ཕྱོགས་ལ་རྒྱབ་སྐྱོར་དང་འབྲེལ། དེང་སྐབས་རྒྱ་ནག་གིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་སྣེ་འཁྲིད་ཐད་རྒྱ་གར་དང་འགྲན་རྩོད་བྱེད་བཞིན་པའི་ཁྲོད་དེ་གའི་ཕྱི་འབྲེལ་ཐབས་བྱུས་ཀྱི་དམིགས་འབེན་གཙོ་བོ་འཛམ་གླིང་གི་ལྷོ་ངོས་རྒྱལ་ཁབ་ཁག་ལ་བཙུགས་བཞིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།