Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་ནས་རྒྱ་ནག་ཏུ་ཉིན་གསུམ་རིང་གི་འཚམས་གཟིགས་ཁྲོད་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སོགས་རྒྱལ་ཁབ་ཕྱོགས་གཉིས་དབར་བློ་མི་མཐུན་པའི་གནད་དོན་མང་དག་ཅིག་གི་སྐོར་གླེང་ངེས་ཡིན་པ་གསུངས་འདུག

དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་ནས་ཟླ་འདིའི་ཚེས་ ༢༤ ནས་ ༢༦ བར་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོར་སྲིད་འཛིན་མཆོག་གིས་རྒྱ་ནག་ Shanghai གྲོང་ཁྱེར་ནང་དུ་ས་གནས་དམར་ཤོག་དྲུང་ཆེ་དང་། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ Chen Jining དང་ཐུག་འཕྲད་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཁོང་ནས་ཐཻངས་འདིའི་འཚམས་གཟིགས་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་དབར་བློ་མི་མཐུན་པའི་དོན་དམ་གྱི་གནད་དོན་རྣམས་གླེང་སློང་གིས་ནུས་པ་ཡོད་ཚད་སྒོ་ནས་དེ་དག་སེལ་ཐབས་སླད་མཉམ་ལས་བྱ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Matthew Miller ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལྟར་ན། ཕྱི་སྲིད་དྲུང་ཆེ་མཆོག་གིས་དེ་རིང་ Chen Jining དང་ཐུག་འཕྲད་སྐབས་ཨ་རིའི་ངོས་ནས་རྒྱ་ནག་གི་ཚོང་ལས་སྲིད་བྱུས་དང་ལྷག་པར་ཁྲོམ་རའི་རིན་གོང་དང་དེའི་སྒྲོམ་གཞིར་གུས་བརྩི་མེད་པའི་དཔལ་འབྱོར་གྱི་བྱ་ལས་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་པ་མངོན་གསལ་གྱིས། ཨ་རི་ནི་རྒྱ་ནག་དང་དྲང་བདེན་གྱི་ལམ་ནས་དཔལ་འབྱོར་གྱི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་འདོད་ཡོད་པ་དང་། རྒྱ་ནག་ནང་ཨ་རིའི་ལས་མི་དང་ཁེ་ལས་པ་གཉིས་ཀར་དོ་མཉམ་པའི་ཁོར་ཡུག་བསྐྲུན་དགོས་པའི་སྐོར་ལ་ནན་བརྗོད་གནང་ཡོད་པ་གསུངས་འདུག

རྩ་བའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་སྐབས་ཡུལ་དེའི་ཆེས་མཐོའི་དཔོན་རིགས་ཚོ་དང་ལྷན་དུ་སྐྱིད་ཤར་ཡུལ་གྲུ་ནང་གི་དམག་ཁྲུག་དང་། ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་གླིང་གི་གནད་དོན་ཙམ་མ་ཟད། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་དང་ལྷག་པར་རྒྱ་གཞུང་གིས་ཨུ་རུ་སུར་དམག་དང་ཡུལ་མི་གཉིས་ཀའི་ཐོག་བེད་སྤྱོད་བྱས་པའི་མགོ་གཉིས་སྤྱོད་ཀྱི་འཕྲུལ་ལས་རིགས་ཚོང་སྒྱུར་གྱི་གནད་དོན་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་འཆར་ཡོད་པ་ཡོང་གྲགས་གནང་བ་མ་ཟད།ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཁ་སང་རེས་གཟའ་ལྷག་པ་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Vedant Patel ལགས་ཀྱིས། Biden གཞུང་ངོས་ནས་རྒྱ་ནག་དང་འབྲེལ་བ་ནམ་བྱུང་སྐབས་འགྲོ་བ་མིའི་ཐོབ་ཐང་གནད་དོན་གཙོ་བོར་འཇོག་གི་ཡོད་པ་ལྟར། ཕྱི་སྲིད་དྲུང་ཆེ་མཆོག་ནས་ད་རེས་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་གླེང་ངེས་ཡིན་པ་གསུངས་འདུག མ་ཟད་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་ངལ་རྩོལ་གྱི་འབྲེལ་ཡོད་ལས་བྱེད་རྒན་པ་ Robert Gilchrist ལགས་ཀྱིས་ཕྱི་སྲིད་དྲུང་ཆེ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆེས་མངོན་གསལ་དོད་པོའི་སྒོ་ནས་གླེང་ངེས་རེད་ཅེས་དང་། རྒྱ་གཞུང་ནས་ Moscow ལ་ཡུག་རེན་དང་དམག་འཐབ་འགྲོ་བཞིན་པ་དང་བསྟུན་དམག་གྱི་མཚོན་ཆ་རིགས་མཁོ་སྤྲོད་བྱེད་བཞིན་ཡོད་པ་དེར་ཨ་རི་ནས་སེམས་འཚབ་བྱེད་བཞིན་ཡོད་པ་ལྟར། ཕྱི་སྲིད་དྲུང་ཆེ་ནས་རྒྱ་ནག་དང་གླེང་མོལ་ཁྲོད་རྒྱ་གཞུང་ནས་ཨུ་རུ་སུ་རྒྱལ་སྲུང་བཟོ་ལས་ཁང་ལ་དམག་མཚོན་གྱི་རོགས་རམ་ཇེ་ཉུང་དུ་གཏོང་དགོས་པ་ནན་བརྗོད་གནང་རྒྱུ་ཡིན་ཞིང་། ང་ཚོ་ནི་སོ་སོའི་ཕྱོགས་དང་འགལ་ཟླར་བྱ་སྤྱོད་སྤེལ་མཁན་དང་ཡུག་རེན་དང་ཡོ་རོབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བྱེད་མཁན་རིགས་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡིན་ཞེས་གསུངས་འདུག

སྤྱིར་ཕྱི་སྲིད་དྲུང་ཆེ་ Blinken ངོས་ནས་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་ཁྲོད་རྒྱ་ནག་གི་དཔོན་རིགས་མཐོ་གྲས་དང་། ཚོང་ལས་འགོ་ཁྲིད། དེ་བཞིན་དཔལ་འབྱོར་གྱི་ལྟེ་གནས་ཁག་ཏུ་ཡོད་པའི་སློབ་མ་རྣམས་དང་ཐུག་འཕྲད་བྱ་རྒྱུ་དང་། རེས་གཟའ་པ་སངས་ཉིན་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡི་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་མ་ཟད། ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འབྱོར་བའི་ཆུ་ཚོད་ཁ་ཤས་རྗེས་སུ། ཨ་རིའི་སྲིད་འཛིན་མཆོག་གིས་ཡུག་རེན་དང་། ཨི་སི་རེལ། ཐེ་ཝན། དེ་བཞིན་རྒྱ་གར་ཞི་བདེའི་རྒྱ་མཚོའི་ནང་གི་ཨ་རིའི་མཐུན་གྲོགས་ས་ཁུལ་ཁག་གཅིག་ལ་ཨ་སྒོར་ཐེར་འབུམ་ ༩༥ ཡི་རོགས་དངུལ་སྤྲོད་རྒྱུའི་ཁྲིམས་འཆར་ཁྲོད། ཨ་རིའི་ཕྱི་སྲིད་ལས་དོན་དང་བདེ་འཇགས་སོགས་ལ་དམིགས་ནས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་བཟོ་ཚོང་ལས་ཁང་ཨ་མ་ ByteDance ཞེས་པ་དེས་ཟླ་བ་དགུའི་ནང་ཚུན་དུ་བདག་དབང་བརྗེ་བསྒྱུར་བྱ་དགོས་པའི་ཁྲིམས་འཆར་དེར་མཚན་རྟགས་བཀོད་ཡོད་པ་རེད་འདུག གཞི་རྩའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ནས་རྒྱ་ནག་ཏུ་འཚམས་གཟིགས་སུ་མ་ཕེབས་གོང་། ཟླ་འདིའི་ཚེས་ ༢༢ ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བརྒྱུད། འདས་པའི་ཕྱི་ལོ་ ༢༠༢༣ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། བོད་གི་གནས་སྟངས་དང་འབྲེལ་བའི་སྡེ་ཚན་ནང་འདས་ལོར་བོད་ནང་དུ་བཙན་དབང་གིས་གར་སོང་ཆ་མེད་དུ་སོང་བའི་གནད་དོན་དང་། གདུག་རྩུབ་མནར་གཅོད། གང་བྱུང་འཛིན་བཟུང་བཙོན་འཇུག རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། དྲ་རྒྱའི་ལྟ་སྲུང་དམ་དྲག་དང་། མང་ཚོགས་ཀྱི་གཞི་རྩའི་རང་དབང་རྩིས་མེད་རྡོག་རོལ། གསར་འགོད་པ་དང་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག སྲིད་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དང་ཉེས་ཆད་གཅོད་པ་སོགས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་མུ་མཐུད་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་གནས་སྟངས་དེ་དག་ལ་ངོས་ལེན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་རྣམས་ལ་ཉེས་ཆེད་བཀལ་བ་སོགས་གང་ཡང་བྱས་མེད་པ་མངོན་གསལ་གནང་ཡོད་པརེད།

འབྲེལ་ཡོད་གསར་གནས།

གསར་གནས།