Tibetan Royal Year of 2151 | Year of the Wood Dragon

༸ཀུན་གཟིགས་༸པན་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི་ཞུས་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༥ སྟེ་༸ཀུན་གཟིགས་༸པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས་བཙན་བྱོལ་བོད་མི་རྣམས་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང་། སིལ་སྤོལ་རྩེད་འགྲན། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོར་གཞས་འཁྲབ་སྟོན་ལ་སོགས་པའི་རྣམ་པ་འདྲ་མིན་གྱི་སྒོ་ནས་དུས་དྲན་དེ་ཉིད་སྲུང་བརྩི་ཞུས་དང་ཞུས་མུས་རེད་འདུག

Panchen Rinpoche Birthday

དེ་ཡང་ཁེ་ན་ཊའི་ Toronto ནང་རེས་གཟའ་ལྷག་པ་སྐུའི་བླ་གཟའ་རྟག་པར་བོད་དོན་དྲིལ་བསྒྲགས་དང་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་རང་དབང་འཐབ་རྩོད་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཁ་སང་སྤྱི་ཚེས་ ༢༤ སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགུང་གྲངས་ ༣༥ ལ་ཕེབས་པའི་ཉིན་གཅིག་སྔ་རོལ་དུ། ཕྱག་རོགས་བོད་མི་གཞན་ཁག་གཅིག་དང་ལྷན་ཁུལ་དེར་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་ལས་ཁུངས་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་མ་ཟད། ཁོང་གིས་སྐབས་དེར་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་དུས་ད་ལྟའང་རྒྱ་གཞུང་གིས་ཁྲིམས་མཐུན་མིན་པའི་བཙོན་འཇུག་འོག་གནས་པའི་ཡིད་སྐྱོའི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཆབ་སྲིད་བཙོན་པ་སྒེག་འཇོམས་ལགས་གཙོས་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། ད་ལོར་འཛིན་བཟུང་བྱས་པའི་གྲྭ་པདྨ་ལགས་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་བོད་ཁམས་སྡེ་དགེར་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་བོད་མི་མང་པོ་འཛིན་བཟུང་བྱས་ཡོད་པ་རྣམས་གློད་བཀྲོལ་དགོས་པ། མ་ཟད་རང་ལུས་མེར་བསྲེགས་གནང་མཁན་ཚེ་དབང་ནོར་བུའི་ནང་མི་སྐོར་གླེང་སློང་དང་། ཆབ་སྲིད་བཙོན་པ་ཕུན་ཚོགས་ལགས་སོགས་གློད་བཀྲོལ་དགོས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་སྐད་འབོད་གནང་འདུག

Panchen Rinpoche Birthday

མ་ཟད་དེ་རིང་བཞུགས་སྒར་རྡ་རམ་ས་ལར་མཚོན་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱིས་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་རྒྱ་གར་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ཞིག་དབུ་འཛུགས་གནང་བ་དང་། རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྤྱི་ལོ་ ༡༩༩༨ ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་དང་ལྷན་དུ་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་རྡ་ས་གནས་སྡོད་ཀརྨ་སྲིད་ཆོས་ལགས་དང་གཡུང་དྲུང་ལགས་གཉིས། དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་མཛད་གཙོ་རྣམ་པ་གཙོས་ས་གནས་འདྲ་མིན་ནས་ཕེབས་པའི་རྩེད་འགྲན་པ་ཆ་ཚང་འདུ་འཛོམས་གནང་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་དུས་ཚིགས་དང་བསྟུན་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྩེད་འགྲན་དེ་ཉིད་སྤེལ་དགོས་དོན་གཙོ་བོ་ནི་གཞོན་སྐྱེས་ཚོ་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་སོགས་ཀྱི་ཐད་གོ་རྟོགས་གོང་སྤེལ་གཏོང་རྒྱུ་དང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་གཞོན་སྐྱེས་གང་མང་མཉམ་ཞུགས་ཡོང་ཐབས་སུ་རྩལ་ནུས་སྤུངས་སའི་སྡིངས་ཆ་སྐྲུན་རྒྱུ། དེ་བཞིན་ཆོལ་གསུམ་སྤུན་ཟླ་ནང་ཁུལ་མཛའ་བརྩེ་དམ་ཚིག་གཅིག་སྒྲིལ་དགོས་གལ་གྱི་བརྡ་ལན་གཏོང་རྒྱུ་ཆེད་ཡིན་སྐོར་བཀོད་འདུག

Panchen Rinpoche Birthday

འདི་ག་རླུང་འཕྲིན་ཁང་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ལ་བཅར་འདྲི་ཞུས་པར་ཁོང་གིས། ད་རེས་ཀྱི་སིལ་སྤོལ་རྩེད་འགྲན་འདིའི་ནང་བུའི་རུ་ཁག་ ༡༢ དང་བུ་མོ་རུ་ཁག་ ༤ མཉམ་ཞུགས་གནང་གི་ཡོད་པ་དང་། དེ་དག་ལས་བུའི་རུ་ཁག་ཁོངས་སུ་ས་གནས་སྦེལ་ཀོབ་དང་། སྦེངྒ་ལོར། རྡོ་རྗེ་གླིང་། ཀུ་ལུ་མ་ཎ་ལི། ཧེ་དྷ་ར་བྷད། ལྡི་ལི་སོགས་ནས་རྩེད་འགྲན་པའི་རུ་ཁག་མཉམ་ཞུགས་གནང་ཡོད་པ་དང་། བུ་མོའི་རུ་ཁག་ཁོངས་སུ་རྡ་ས་ས་གནས་ཁུལ་རང་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཙོས་པའི་རུ་ཁག་བཞི་ཡོད་པ་འགྲེལ་བརྗོད་ཀྱིས། རྩེད་འགྲན་གྱི་བྱ་དགའི་ཐད་སྔར་དང་མི་འདྲ་བར་ཨང་དང་པོ་སོན་མཁན་ལ་ཧིན་སྒོར་ ༥༠༠༠༠ དང། ཨང་གཉིས་པ་སོན་མཁན་ལ་ཧིན་སྒོར་ ༣༠༠༠༠ དེ་མིན་གྱི་རུ་ཁག་ཡག་ཤོས་དང་རྩེད་འགྲན་པ་ཡག་ཤོས་ལ་ཡང་བྱ་དགའ་དང་རྟགས་མ་རིགས་གོ་སྒྲིག་ཞུས་ཡོད་པའི་འགྲེལ་བརྗོད་གནང་སོང་།

Panchen Rinpoche Birthday

གཞི་རྩའི་༸ཀུན་གཟིགས་༸པན་ཆེན་རིན་པོ་ཆེ་དགུང་གྲངས་ ༣༥ ལ་ཕེབས་པའི་དེ་རིང་གི་དུས་ཚིགས་དེའི་ཐོག བཞུགས་སྒར་རྡ་རམ་ས་ལ་ཙམ་མ་ཟད་བོད་མི་གནས་སྡོད་འཛམ་གླིང་ས་ཕྱོགས་གང་སར་སྤྲི་དཀར་མངར་ཟས་བགོས་འགྲེམས་དང་། རིན་པོ་ཆེ་མཆོག་གི་གནས་སྟངས་དང་འབྲེལ་བའི་ཡིག་ཆ་འདོན་སྤེལ་བརྒྱུད་མང་ཚོགས་ལ་གོ་རྟོགས་སྤེལ་བཞིན་ཡོད་པ་རེད། བཞུགས་སྒར་དུ་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཛད་སྒོ་ཟབ་རྒྱས་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་པ་མ་ཟད། བཀྲ་ཤིས་ལྷུན་པོའི་དགོན་པའི་མཁན་པོ་སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་ལྷན་དུ་ཚོགས་པ་ཁག་བཞི་ནས་ཀྱང་བཞུགས་སྒར་དུ་དེ་འབྲེལ་གསར་འགོད་ལྷན་ཚོགས་ཞིག་བསྐོངས་ཚོགས་དང་། དེ་བཞིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་དུ་ཚོགས་ཆེན་ཐེངས་ ༡༤ ཆེད་འདུ་འཛོམས་བྱུང་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་བཅར་བ་རྣམས་ནས་ཀྱང་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།