Tibetan Royal Year of 2151 | Year of the Wood Dragon

འཕགས་བོད་གཉིས་ཀྱི་ས་མཚམས་སུ་དྭང་སློབ་པའི་བརྒྱ་དཔོན་ཞིག་འབར་རྫས་གས་འཐོར་བས་འདས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

འཕགས་བོད་གཉིས་ཀྱི་ས་མཚམས་སུ་འབར་རྫས་གས་འཐོར་བྱུང་ནས་བོད་པའི་དྭང་སློབ་ཀྱི་རུ་ཤོག་ཨང་བདུན་པའི་ནང་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་བ་དང་། དེ་བཞིན་བོད་རིགས་དྭང་ཞབས་པ་གཞོན་པ་ཞིག་ལ་རྨས་སྐྱོན་ཕོག་པར་བརྟེན་སྨན་ཁང་དུ་སྨན་བཅོས་གནང་མུས་རེད་འདུག

འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་ཀྱི་གདོང་ཐུག་ཛ་དྲག་ཏུ་འགྲོ་བཞིན་པའི་གནས་སྟངས་ཁྲོད་ཉེ་ལམ་བོད་པའི་དྭང་སློབ་ཀྱི་རུ་ཤོག་ཁག་ཅིག་ས་མཚམས་སྲུང་སྐྱོབ་སླད་དུ་ཆེད་གཏོང་བྱས་ཡོད་པ་དང་། ལྷག་པར་དུ་ཕྱི་ཚེས་ ༢༩ དང་ ༣༠ དེ་བཞིན་ཕྱི་ཚེས་ ༣༡ བཅས་ཀྱི་ཉིན་ཞག་རིམ་པར་བོད་པའི་དྭང་སློབ་ཀྱི་དམག་མི་དང་རྒྱ་ནག་གཞུང་གི་དམག་མི་དབར་ལ་གདོང་ཐུག་བྱུང་ཡོད་ཚོད་འདུག་པ་མ་ཟད། འཕགས་བོད་གཉིས་ཀྱི་ས་མཚམས་སུ་བོད་པའི་དྭང་ཞབས་པ་རྣམས་ནས་ས་ཁམས་མྱུལ་ཞིབ་གནང་སྐབས་དེ་སྔ་ས་འོག་ཏུ་བཞག་པའི་འབར་རྫས་ཤིག་གས་འཐོར་བྱུང་ནས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱབ་ཁོངས་བརྒྱ་ཤོག་དང་པོའི་གཞིས་མི་རང་ལོ་ ༥༡ ལ་སོན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་བ་དང་། འབར་རྫས་གས་འཐོར་གྱི་གནད་དོན་དེའི་ཁྲོད་གཞན་ཡང་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བརྒྱ་ཤོག་བདུན་པའི་ཁྱབ་ཁོངས་དྭང་ཞབས་པ་གཞོན་པ་ཞིག་ཀྱང་རྨས་སྐྱོན་ཕོག་ནས་ད་ཆ་སྨན་ཁང་ཞིག་ཏུ་སྨན་བཅོས་གནང་མུས་ཡིན་པ་རེད་འདུག

རྩ་བའི་ཉེ་བའི་ཉིན་ཞག་ཁ་ཤས་ཀྱི་གོང་དུ་སྤྱི་ཚོགས་དྲྭ་རྒྱའི་ཁྲོད་འཕགས་བོད་གཉིས་ཀྱི་ས་མཚམས་སུ་བོད་པའི་དྭང་སློབ་ཀྱི་བརྒྱ་དཔོན་ཞིག་རྒྱའི་དམག་མི་དང་གདོང་ཐུག་བྱུང་ནས་འདས་གྲོངས་སུ་གྱུར་ཡོད་སྐོར་གྱི་འགྲེལ་བརྗོད་བྱས་པའི་གནས་ཚུལ་དང་། གནས་ཚུལ་གཞན་ཞིག་ལ་དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་བའི་རྒྱུ་མཚན་ནི་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་ས་འོག་ཏུ་བཞག་པའི་འབར་རྫས་ཤིག་གས་འཐོར་བྱུང་བར་འགྲེལ་བརྗོད་བྱེད་བཞིན་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་གིས་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་གནད་དོན་དེའི་སྐོར་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་བའི་གནད་དོན་ནི་འབར་རྫས་གས་འཐོར་བྱུང་བ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་།

དམ་པ་ཁོང་དམག་སར་འདས་གྲོངས་སུ་གྱུར་བར་བཙན་བྱོལ་བོད་མི་དང་རྒྱ་གར་བ། དེ་བཞིན་དེ་སྔ་དམག་སྤྱི་གནང་མྱོང་མཁན་གྱི་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་རྒྱ་གར་གྱི་གསར་ཁང་ཁག་ནས་ཀྱང་དམ་པ་ཁོང་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཡི་རང་བསྔགས་བརྗོད། ཆེ་བསྟོད་བཅས་ཞུ་མུས་རེད་འདུག

གཞི་རྩའི་ཕྱི་ཚེས་ ༣༡ ཉིན་རྒྱ་གར་གཞུང་གི་བདེ་སྲུང་ལྷན་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཉེ་ལམ་ཕྱི་ཚེས་ ༢༩ དང་ ༣༠ དགོང་མོར་རྒྱ་གཞུང་གི་དམག་མི་ཡིས་བོད་དང་ལ་དྭགས་གཉིས་ཀྱི་ས་མཚམས་སུ་ཆགས་པའི་པང་སྒོང་མཚོའི་ས་མཚམས་ཀྱི་གྲོས་མཐུན་ལ་རྩིས་མེད་རྡོག་རོལ་བཏང་ནས་སྤང་སྒོང་མཚོའི་ལྷོ་ངོས་ཀྱི་ས་མཚམས་བརྒལ་ཡོད་ཀྱང་རྒྱ་གར་གྱི་མཐའ་སྲུང་དམག་མིས་གནད་དོན་དེ་སྔ་ས་ནས་ཤེས་རྟོགས་བྱུང་སྟབས། ཁུལ་དེར་དམག་མིའི་གྲངས་འབོར་མང་དུ་བཏང་ནས་འགྲེམས་འཇོག་བྱས་པ་གཙོས་གོ་མཚོན་སོགས་ཀྱང་མང་བ་བགོ་འགྲེམས་བྱས་ཡོད་པར་འགྲེལ་བརྗོད་གནང་འདུག རྒྱ་གར་གིས་ཞི་བའི་གྲོས་མོལ་གྱི་ལམ་ནས་ས་མཚམས་ཀྱི་གནད་དོན་དེ་སེལ་ཐབས་བྱེད་བཞིན་ཡོད་རུང། རྒྱལ་ཁབ་ཀྱི་ས་མཚམས་དང་ཆེ་མཐོང་ལ་སྲུང་སྐྱོབ་བྱ་རྒྱུ་དམ་བཅའ་བརྟན་པོ་ཡོད་ལུགས་འགྲེལ་བརྗོད་གནང་འདུག་པ་དང་། ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་ཀྱི་དམག་གི་སྤྱི་ཁྱབ་རུ་དཔོན་དབར་ལ་པང་སྒོང་མཚོའི་ཉེ་འགྲམ་དུ་ཆགས་པའི་ཆུ་ཤུལ་ཞེས་པའི་ས་ཚིགས་སུ་ཚོགས་འདུ་རིམ་པ་ཚོགས་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག 

གཞན་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ S Jaishankar མཆོག་གིས་ཚོགས་འདུ་ཞིག་གི་ཐོག་རྒྱ་དཀར་ནག་གཉིས་ནི་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལྟར་ཕན་ཚུལ་བསམ་ཤེས་དང་ཕྱོགས་ལྷུང་མེད་པའི་སྒོ་ནས་ས་མཚམས་རྩོད་རྙོག་གི་གནད་དོན་དེ་སེལ་ཐབས་གནང་དགོས་པ་དང་། ཅི་སྟེ་རྒྱ་ནག་གཞུང་གི་ས་འབབ་ཀྱི་གནད་དོན་དང་འབྲེལ་ནས་ལྟ་བ་མཁྲེགས་འཛིན་གྱི་སྒོ་ནས་འཇིགས་སྐུལ་དང་ས་མཚམས་བརྒལ་རྒྱུའི་བྱ་སྤྱོད་དེ་དག་མུ་མཐུད་ཚེ་རྒྱ་གར་གཞུང་གིས་ཀྱང་རྒོལ་ལེན་གནང་རྒྱུའི་གྲ་སྒྲིག་ཡོད་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།