Tibetan Royal Year of 2151 | Year of the Wood Dragon

Brussels ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ དབུ་འཛུགས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཡུ་རོབ་རྒྱལ་ཁབ་ Belgium བེལ་ཇི་ཡམ་རྒྱལ་ས་ Brussels སྦར་སིལ་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ དབུ་འཛུགས་གནང་འདུག

དེ་ཡང་ཚོགས་ཆེན་དེ་ཉིད་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག Brussels ནང་དུ་རྟེན་གཞི་བྱས་པའི་ Thon གསོལ་མགྲོན་ཁང་དུ་ཉིན་གྲངས་ ༣ རིང་ཚོགས་ཀྱི་ཡོད་ཅིང་། དེ་རིང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པོའི་ཚོགས་གཙོ་སྐུ་ཞབས་ Mikulas Peksa ལགས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ Dr. Hans Gert Pottering ལགས་དབུས་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༤༤ ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་མཉམ་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གསུང་བཤད་ཁྲོད། ཁོང་གིས་ལས་ཡུན་དབུ་འཛུགས་གནང་བ་ནས་བཟུང་། ང་ཚོའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལམ་སྟོན་གཞིར་བཟུང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མདུན་བསྐྱོད་གནང་གི་ཡོད་ཅིང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གླེང་སློང་གནང་བའི་སྐབས། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་གསལ་སྟོན་གནང་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་གསུངས་སོང་།

དེ་བཞིན་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་འདས་པའི་ལོ་གཉིས་ཀྱི་ནང་དུ་རྒྱལ་ཁབ་ཁྱོན་ ༢༤ ཙམ་གྱི་ནང་དུ་སྐོར་བསྐྱོད་གནང་བའི་ཁྲོད། རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་འགྲེལ་བརྗོད་གནང་གི་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ལ་བོད་མི་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་བ་དེ་གཉིས་ནང་འགལ་དུ་འགྲོ་གི་ཡོད་སྐོར་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ཡང་འགལ་གྱི་ཡོད་པར་ནན་བརྗོད་ཀྱིས་རྒྱ་ནག་གི་ངོས་ནས་དེ་ལྟར་བྱེད་དགོས་པ་དེ་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་ཀྱང་། བཙན་གྱིས་དེ་ལྟར་བྱ་དགོས་ཐུག་གི་ཡོད་ཅེས་གསུངས་འདུག

ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་ནན་པོ་དང་འབྲེལ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་འཛིན་པའི་ཐོག་རྒྱ་ནག་ལ་བོད་ཀྱི་ལོ་རྒྱུས་ནག་སུབ་གཏོང་ཐབས་བྲལ་བའི་བརྡ་ལན་གསལ་པོ་ཞིག་སྤྲད་རྒྱུ་དང་། རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཡང་ཐབས་བྱུས་འདིའི་ཐོག་ནས་བོད་དོན་གླེང་སློང་གནང་དགོས་པའི་སྐུལ་མ་གནང་རྒྱུ། བོད་མི་གཞོན་སྐྱེས་རྣམས་ལ་རང་རེའི་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་སློབ་སྦྱོང་བྱ་དགོས་པའི་སྐུལ་མ་གནང་རྒྱུ། དེ་བཞིན་བོད་པའི་སྤྱི་ཚོགས་ཁྲོད་རང་བཙན་དང་དབུ་མའི་བཞེངས་ཕྱོགས་མི་འདྲ་བ་ཡོད་མིན་ལ་མ་ལྟོས་པར་བོད་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ཐོག་ནས་བོད་དོན་འཐབ་རྩོད་གནང་དགོས་པའི་བརྡ་ལན་བཅས་རྒྱུ་མཚན་བཞིའི་ཐོག་ནས་ཐབས་བྱུས་དེ་འཛིན་བཞིན་ཡོད་པ་གསུངས་སོང་།

དེ་རིང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཡིག་ཐོག་དམིགས་གསལ་གསུང་འཕྲིན་ཞིག་སྩལ་ཡོད་པ་དེ་སྒྲོགས་སྦྱང་གནང་བའི་ནང་། ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་དྲང་བདེན་དང་འགྲོ་བ་མིའི་ཐབ་ཐང་གི་གནད་དོན་ཙམ་མ་ཡིན་པར། འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་པའི་བོད་ཀྱི་ཐུན་མིན་ཆོས་རིག་སྲུང་སྐྱོབ་ཀྱི་གནད་དོན་ཞིག་ཡིན་པ་མ་ཟད། གོ་ལའི་མི་འབོར་ཁྱོན་བརྒྱ་ཆ་ ༣༠ འམ་མི་ཐེར་འབུམ་ ༢ ཙམ་གྱི་འཚོ་གནས་གཞི་རྟེན་དང་འབྲེལ་བ་ཡོད་པ་བཀའ་སྩལ་འདུག དེ་བཞིན་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་འབྲེལ་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་གལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བ་དེ་བོད་མིར་སྙིང་སྟོབས་གོང་འཕེལ་དུ་འགྲོ་གཞི་ཡིན་ཞིང་། རྒྱབ་སྐྱོར་བ་རྣམས་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་ངོས་འཛིན་མཛད་ཀྱིས་ཡོད་ཅེས་བཀའ་སྩལ་འདུག

མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་རིང་པོར་མ་འགོར་བར་རྒྱ་ནག་དང་འཛམ་གླིང་སྤྱི་ལ་ཕན་བདེ་སྒྲུབ་ཐུབ་པའི་ནུས་པ་ཡོད་སྟབས། ཞི་བདེ་དང་བྱམས་བརྩེ་ལྡན་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་ལ་ངོས་འཛིན་ཐུབ་པའི་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

གཞི་རྩའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པ་འདི་བཞིན་ Brussels ནང་དེ་རིང་ཕྱི་ཚེས་ ༢༣ ནས་གནང་ཉིན་ཕྱི་ཚེས་ ༢༥ བར་འཚོགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁབ་ ༤༤ ནས་ཚོགས་བཅར་བ་ཁྱོན་ ༡༨༠ ལྷག་མཉམ་ཞུགས་གནང་བཞིན་འདུག

དེ་རིང་སྔ་དྲོ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་གྲུབ་མཚམས་ཚོགས་འདུ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། རྒྱ་གཞུང་གི་ལྟ་སྲུང་དམ་བསྒྲགས། བོད་ནང་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭའི་སྲིད་བྱུས། བོད་ཀྱི་ཁོར་ཡུག་གི་གལ་གནད། རྒྱ་གཞུང་གིས་གནོད་འཚེ་བཅས་ཀྱི་སྐོར་གླེང་སློང་དང་། སྲིད་སྐྱོང་མཆོག་དང་ལྷན་དུ་གླེང་མོལ་གྱི་ལས་རིམ། དེ་བཞིན་ཚོགས་འདུར་ཕེབས་པའི་ཡུ་གུར་དང་ཧོང་ཀོང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་དང་ལྷན་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་གནང་ཕྱོགས་དང་། བོད་དོན་ལས་འགུལ་སྤེལ་ཕྱོགས། བོད་དོན་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་ལ་གླེང་སློང་བྱུང་ཡོད་པ་མ་ཟད། ཚོགས་བཅར་བ་རྣམས་ལ་ཟབ་སྦྱོང་དང་། ཚེས་༢༥ ཉིན་ཚོགས་ཆེན་གྱི་མ་འོངས་ལས་དོན་སྤེལ་ཕྱོགས་ཀྱི་བསྒྲགས་གཏམ་འདོན་སྤེལ་བརྒྱུད་ཚོགས་འདུ་རེ་ཞིག་མཇུག་སྒྲིག་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།