Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་གང་ཟག་སྒེར་གྱི་བྱ་ངན་དེས་ཆོས་ལུགས་ཀྱི་ངོ་ཚབ་མཚོན་གྱི་མ་རེད་ཅེས་བཀའ་བསྩལ་འདུག

  ཁ་སང་ཟླ་ ༩ ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་ནང་མང་ཚོགས་ཆིག་ཁྲི་ལྷག་ལ་གང་ཟག་སྒེར་གྱི་བྱ་ངན་དེས་ཆོས་ལུགས་ཀྱི་ངོ་ཚབ་མཚོན་གྱི་མ་རེད་ཅེས་བཀའ་བསྩལ་འདུག དེ་ཡང་༸གོང་ས་མཆོག་དབུ་བཞུགས་ཐོག་ཟླ་འདིའི་ཚེས་ ༨  ཉིན་ནས་དབུ་འཛུགས་ཀྱིས་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་འཚོགས་བཞིན་པའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༡ དེ་ཁ་སང་སྔ་དྲོ་མཇུག་སྒྲིལ་གནང་ཡོད་པ་དང་།  ཉིན་རྒྱབ་ཏུ་མགོན་པོ་མཆོག་གིས་ Brussels རྒྱལ་སའི་ཚོགས་ཁང་ཆེན་མོའི་ནང་ཁུལ་དེའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Charles Picque ལགས་དང་། Limburg ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ Jan Peumans ལགས་ཀྱིས་གཙོས། བྷེལ་ཇམ་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་ས་གནས་ཁག་གི་མང་ཚོགས་ཆིག་ཁྲི་ལྷག་ལ་ individual Commitment and Global Responsibility འམ་སྒེར་གྱི་ཁས་ལེན་དམ་བཅའ་དང་གོ་ལའི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་༸གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་པོ་ལས་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་དང་འབྲེལ། འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་ལུགས་ཚང་མ་བྱམས་བརྩེ་བསླབ་བྱ་གཙོ་བོ་འཛིན་མཁན་གཅིག་མཚུངས་ཡིན་པར་བརྟེན། ཆོས་ལུགས་མཐུན་འབྲེལ་ཟེར་བ་དེ་ཡོང་སྲིད་པ་ཞིག་ཡིན་ཞིང་། འོན་ཀྱང་ཉེ་བའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་ནང་པའི་དྲག་སྤྱོད་པ་དང་། ཁ་ཆེ་དྲག་སྤྱོད་པ་ཞེས་གང་ཟག་སྒེར་པའི་བྱ་སྤྱོད་ངན་པ་ལས། ཆོས་ལུགས་དེའི་མིང་སྤྱོད་པ་ནི་ཆེས་ནོར་འཁྲུལ་ཞིག་རེད་ཅེས་བཀའ་སྩལ་བ་དང་།  གང་ཟག་སུ་འདྲ་ཞིག་ཡིན་རུང་དྲག་སྤྱོད་པའི་ལས་རིགས་ལ་འཇུག་ཚེ།  གང་ཟག་དེ་ནང་པ་དང་ཁ་ཆེ་ཆོས་ཉམས་ལེན་བྱེད་མཁན་ཞིག་ཆགས་ཀྱི་མ་རེད་ཅེས་བཀའ་ནན་བསྩལ་འདུག ལྷག་པར་དུ་མགོན་པོ་མཆོག་གིས་ Islamic ཆོས་ལུགས་ཀྱི་བསླབ་བྱ་ལ་གཞིགས་པ་ཡིན་ན། གཞན་ལ་གུས་བརྩི་དང་བེུད་ལ་གཅེས་སྐྱོང་དགོས་པའི་ལམ་སྟོན་གནང་མཁན་ཞིག་ཡིན་པ་མ་ཟད། ད་བར་ཁ་ཆེའི་ཆོས་གྲོགས་དང་མཁས་དབང་མང་པོ་ཐུག་འཕྲད་བྱུང་བའི་༸སྐུའི་མྱོང་རྟོགས་བརྒྱུད་ཆོས་ལུགས་ཚང་མའི་ནང་འགྲོ་བ་མི་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུའི་ནུས་པ་ཡོད་པ་གཅིག་མཚུངས་ཡིན་སྟབས། རྣམ་ཀུན་ཁ་ཆེའི་དྲག་སྤྱོད་པ་དང་ནང་པའི་དྲག་སྤྱོད་པ་ཞེས་འགྲེལ་བརྗོད་བྱེད་བཞིན་པ་དེས་སྤྱོ་ཚོགས་ནང་གི་མང་ཚོགས་ཁྲོད་ལ་ཆོས་ལུགས་དེ་དག་ལ་ལྟ་ཚུལ་སྡུག་ཏུ་གཏོང་གི་ཡོད་རེད་ཅེས་བཀའ་གནང་འདུག   ཁྱད་པར་དུ་མགོན་པོ་མཆོག་གིས་ཆོས་ལུགས་ཚང་མའི་ནང་མི་རེ་ཟུང་སྤྱོད་ངན་ཡོད་པ་དང་། དེ་འདྲའི་གང་ཟག་གཅིག་གིས་ཆོས་ལུགས་དེའི་ངོ་ཚབ་མཚོན་ཐུབ་ཀྱི་མེད་སྐོར་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་འདས་པའི་དུས་རབས་ཉི་ཤུ་པའི་ནང་དང་། ད་ལྟའི་དུས་རབས་བཅས་སུ་འབྱུང་དང་བྱུང་བཞིན་པའི་འཛམ་གླིང་འདིའི་སྟེང་གི་དམག་འཁྲུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག རང་འབྱུང་ཁོར་ཡུག་གི་གནོད་འཚེ་བཅས་ཀྱི་དཀའ་ངལ་མང་པོ་ཞིག་ང་ཚོ་དང་ཁོང་ཚོ། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས། དེ་བཞིན་ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ་སོགས་ཕན་ཚུན་དབར་མི་གཅིག་པའི་འདུ་ཤེས་འཛིན་པ་ལས་བྱུང་བ་ནི་མངོན་གསལ་ཞིག་རེད་ཅེས་བཀའ་བསྩལ་ཏེ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་གལ་ཆེ་བ་དང་། འགྲོ་བ་མིའི་རང་བཞིན་དེའང་བྱམས་བརྩེའི་རང་བཞིན་ཡིན་སྟབས།  དེ་གཞི་རྩར་བཞག་སྟེ་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུར་ཚང་མས་དོ་སྣང་བྱ་རྒྱུའི་དུས་ལ་བབ་ཡོད་ཅེས་བཀའ་སྩལ་འདུག ༸གང་ཉིད་མཆོག་གིས་སྐབས་རེ་མི་ལ་ལས་བྱམས་བརྩེའི་བློ་ཉམས་ལེན་བྱེད་མཁན་དེ་སྐྱོ་པོ་ཡིན་པར་ངོས་འཛིན་བྱེད་བཞིན་པ་ནི་ནོར་འཁྲུལ་ཅན་ཡིན་པ་དང་། བྱམས་བརྩེའི་ནུས་སྟོབས་དེས་གཞན་ལ་ཕན་ཐོགས་དང་རང་རྒྱུད་ཞི་བདེ་དང་གདེང་སྤོབས་སྐྲུན་པ་དང་། གྲོགས་པོ་མང་དུ་འགྲོ་རྒྱུ་བཅས་བྱམས་བརྩེའི་ཕན་ཡོན་སྐོར་ལམ་སྟོན་བསྩལ་བ་དང་འབྲེལ།  དེང་གི་ཤེས་ཡོན་སློབ་གསོ་ཁག་ལ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་ནུས་པ་གདང་ངེས་ཤིག་མེད་པ་དང་།  དེ་དག་ནི་ཕྱིའི་དངོས་པོ་ཁོ་ནའི་འཛུགས་སྐྲུན་ལ་དམིགས་པའི་སློབ་གསོ་འབའ་ཞིག་ཡིན་སྟབས། མ་འོངས་པར་ཤེས་ཡོན་སློབ་གསོ་ཁྲོད་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་ནས་འགྲོ་བ་མིའི་གཞི་རྩའི་བྱམས་བརྩེ་དང་། བཟང་སྤྱོད་ཀྱི་རིན་ཐང་ནུས་པ་གོང་མཐོར་དང་རྒྱུན་གནས་ཐུབ་པར་ཚང་མས་དོ་སྣང་བྱ་དགོས་པའི་སྐུལ་ལྕག་གནང་ཡོད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གལ་གནད་སྐོར་དང་། ལྷག་པར་དུ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཁོ་ན་མ་ཡིན་པར་འགྲོ་བ་མི་ཐེར་འབུམ་བདུན་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཀྱང་ཆགས་ཡོད་སྐོར་བཀའ་བསྩལ་འདུག ཁ་སང་ཟླ་ ༩ ཚེས་ ༡༣ ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་མང་ཚོགས་ཆིག་ཁྲི་བརྒལ་བར་བཀའ་སློབ་བསྩལ་གྲུབ་རྗེས་སྦར་སིལ་གཙོས་པའི་ཉེ་འཁོར་ས་གནས་ནས་ཆེད་བཅར་ཞུས་པའི་བོད་མི་ ༣༥༠༠༠ སྐོར་ཞིག་ལ་ཟུར་དུ་བཀའ་སློབ་བཀྲིན་བསྩལ་རྒྱུ་ཡིན་འདུག མཛད་འཆར་ལྟར་ན། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Brussels ནང་གི་མཛད་འཆར་མཐའ་མ་དང་འབྲེལ། ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་གནང་གི་ཡོད་པ་དང་། ཕྱི་དྲོ་ཧྥ་རན་སི་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།

གོང་ས་མཆོག་གིས་སེམས་དང་སྲོག་གི་ལྷན་ཚོགས་འདིས་ནང་པ་དང་ཚན་རིག་པ་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཀའ་བསྩལ་བ།

དེ་རིང་ཟླ་ ༩ ཚེས་ ༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་ Belgium ནང་སེམས་དང་སྲོག་གི་ལྷན་ཚོགས་དབུ་འབྱེད་བཀྲིན་མཛད་པ་དང་ཆབས་ཅིག ད་བར་འདས་པའི་ལོ་ངོ་ ༣༠ རིང་ནང་པའི་མཁས་པ་དང་ཚན་རིག་པ་མཁས་པ་འདྲ་མིན་དབར་བགྲོ་གླེང་ལྷན་ཚོགས་འདི་ལྟར་ཚོགས་པ་ལ་བརྟེན་ནས་ཕྱོགས་གཉིས་ཀར་ཕན་ཐོགས་རླབས་ཆེན་བྱུང་ཡོད་པ་བཀའ་བསྩལ་འདུག ཐེངས་འདིའི་ལྷན་ཚོགས་འདི་ནི་རྒྱལ་ས་ Brussels ནང་དུ་རྟེན་གཞི་བྱས་པའི་ Boar centre for fine arts ལྟེ་གནས་ཁང་དུ་ཚོགས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་ཚོགས་དགོན་དུ་དབུ་བཞུགས་གཙོས། དབྱིན་ཡུལ་ Oxford གཙུག་ལག་སློབ་གཉེར་ཁང་གི་ཚོང་ལས་སློབ་དཔོན་སྐུ་ཞབས་ Prof. Sir Paul Collier མཆོག་དང་། Swiss Zurich གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པའི་སློབ་དཔོན་ལྕམ་ Dr. Alexandra མཆོག ༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སོགས་ཡོ་རོབ་དང་ཨ་རིའི་ནང་གི་ནང་པའི་མཁས་པ་དང་ཚན་རིག་པ། དེ་བཞིན་མཁས་པ་ཁག་ཅིག་ཕེབས་ཡོད་པ་རེད་འདུག དེ་རིང་སྔ་ཐོག་ཡོ་རོབ་ནང་གི་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་མཁས་པ་དང་ཚན་རིག་པའི་དབར་ལ་ལྷན་ཚོགས་འདི་ལྟར་ཡོང་སྟངས་ཀྱི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ༸གང་ཉིད་མཆོག་ ༡༩༧༥ ལོར་ཡོ་རོབ་ནང་དུ་ཐོག་མར་ཕེབས་རྗེས་དེའི་ཚེ་དེའི་དུས་སུ་ཡོ་རོབ་ནང་དུ་འཕྲུལ་ཆས་དང་ཚན་རིག་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཆེན་པོ་སོང་ཡོད་ནའང་། ཐུན་རྐྱེན་དེ་དག་ལོངས་སུ་སྤྱོད་མཁན་མང་ཚོགས་ཁྲོད་འགྲན་སེམས་དང་ཁྲག་དོག་སོགས་འཕེལ་རྒྱུ་ལས་སེམས་ཀྱི་བདེ་སྐྱིད་དེ་ཙམ་མེད་པ་གཟིགས་ཡོད་པ་དང་། དེ་ནས་༸གང་ཉིད་མཆོག་ལ་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པ་དེས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐུབ་ཀྱི་མེད་པ་ཐུགས་ཚོར་བྱུང་ཡོད་པ་བཀའ་གནང་འདུག མགོན་པོ་མཆོག་གིས་ནང་སེམས་ཀྱི་དཀའ་ངལ་སེལ་ཆེད་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཕྱིར་ངེས་པར་དུ་སེམས་ཀྱི་བདེ་སྐྱིད་དགོས་གལ་ཡིན་པ་དང་། སེམས་ཀྱི་ཞི་བདེ་སྐྲུན་ཆེད་སེམས་རྒྱུད་རང་བཅོས་ནས་ཡོང་དགོས་པ་ཞིག་ཡིན་སྟབས། དེ་ལ་བོད་པས་ལོ་ངོ་སྟོང་ཕྲག་རིང་ནས་བདག་གཅེས་ཉམས་ལེན་གནང་པའི་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ཆོས་སྤྱི་དང་། ཁྱད་པར་དུ་སེམས་ཁམས་རིག་པའི་རྣམ་གཞག་ནས་ཕན་ཐོགས་རྒྱ་ཆེ་སྒྲུབ་ཐུབ་ཡོད་པ་དགོངས་ཏེ། ཚན་རིག་པ་དང་ནང་པའི་མཁས་པའི་དབར་གྱི་བགྲོ་གླེང་འདི་ཚོགས་པ་ཞིག་རེད་ཅེས་ལྷན་ཚོགས་ཀྱི་བྱུང་རིམ་སྐོར་བཀའ་གནང་ཡོད་པ་རེད། མགོན་པོ་མཆོག་གིས་ད་ཆ་ལོ་ངོ་ ༣༠ སོང་མཚམས་འདས་པའི་བགྲོ་གླེང་དང་མཁས་པའི་ལྷན་ཚོགས་དེ་དག་ལ་བརྟེན་ནས་ཕྱོགས་གཉིས་ཀར་ཤེས་བྱ་བློ་བསྐྱེད་དང་ཕན་ཐོགས་རླབས་ཆེན་བྱུང་ཡོད་སྐོར་བཀའ་བསྩལ་གནང་པ་མ་ཟད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་རང་གི་རྗེས་འབྲང་པ་ཚོར་བརྟག་དཔྱད་བྱ་རྒྱུ་གལ་ཆེ་སྐོར་བཀའ་གནང་ཡོད་པ་དེ་ནི་ཚན་རིག་དང་ཆེས་མཐུན་པ་ཞིག་ཆགས་ཡོད་ཅིང་། དད་པ་ཁོ་ནའི་རྗེས་སུ་འཇུག་པ་ཡིན་ན་དྲི་བ་ཡོང་ཡག་མེད་པ་དང་དྲི་བ་དང་བརྟག་དཔྱད་མ་བྱས་པར་དངོས་ཡོད་ཀྱི་གནས་ལུགས་ཇི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་ཅེས་ལམ་སྟོན་གནང་འདུག སྒོས་སུ་༸གོང་ས་མཆོག་གིས་དེ་རིང་ཐེངས་འདིའི་ལྷན་ཚོགས་དེ་བཞིན་ཡོ་རོབ་ནང་དུ་ཚོགས་བཞིན་པ་འདི་ནི་ཧ་ཅང་གི་ཡག་པོ་ཡིན་པ་དང་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་བྱུང་སོང་ཞེས་དང་། ཡོ་རོབ་གླིང་ཆེན་འདི་ནས་ལས་འཆར་འདི་ལྟ་བུ་འགོ་ཁྲིད་དེ་ཆོས་ལུགས་ཚང་མ་ནས་བསྟན་པའི་བྱམས་བརྩེ་བསླབ་བྱ་གོང་འཕེལ་ཐོག དངོས་པོ་ཡར་རྒྱས་དང་དུས་མཉམ་ནང་སེམས་ཀྱི་རྣམ་གཞག་སྐོར་ཤེས་ནས་ཕྱི་ལུས་པོ་དང་ནང་སེམས་གཉིས་ཀའི་བདེ་སྐྱིད་སྐྲུན་ཐུབ་པའི་རེ་བ་ཡོད་སྐོར་སོགས་ བཀའ་སློབ་རྒྱ་ཆེ་བསྩལ་གནང་ཡོད་པ་རེད། རྩ་བའི་སེམས་དང་སྲོག་གི་ལྷན་ཚོགས་ནི་དེ་རིང་ཚེས་ ༩ ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༡༡ བར་ཉིན་གྲངས་གསུམ་རིང་ཚོགས་གནང་གི་འདུག་པ་དང་། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་ Power and care འམ་མིའི་ནུས་པ་དང་གུས་བརྩི་ཞེས་པ་དེ་ཡིན་པ་རེད།  

༸གོང་ས་མཆོག་གིས་ཤེས་ཡོན་ནི་བྱམས་བརྩེ་ལྡན་པའི་འཛམ་གླིང་སྐྲུན་ཐབས་ཀྱི་ལྡེ་མིག་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་གྱི་ RTBF བརྙན་འཕྲིན་གསར་ཁང་གི་བཅར་འདྲི་དང་ལེན་གནང་སྟེ་འཛམ་གླིང་འདི་བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུའི་གནད་འགག་གཙོ་བོ་ཤེས་ཡོན་སློབ་གསོ་ལ་ཐུག་ཡོད་པ་ལམ་སྟོན་མཛད་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཆིབས་སྒྱུར་མ་མཛད་གོང་ཡུལ་དེའི་ RTBF བརྙན་འཕྲིན་གསར་ཁང་གི་བཅར་འདྲི་དང་ལེན་གནང་འདུག སྐབས་དེར་གསར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Francois Mazure ལགས་ཀྱིས་ ༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་དང་ས་གནས་སུ་ཚོགས་རྒྱུའི་སེམས་དང་སྲོག་གི་ལྷན་ཚོགས་སྐོར། དེ་བཞིན་ཉེ་ཆར་ཡོ་རོབ་ས་གནས་ཁག་ཅིག་ཏུ་འཇིགས་སྐུལ་དྲག་སྤྱོད་ཀྱི་གནས་ཚུལ་སོགས་ཀྱི་སྐོར་བཅར་འདྲི་ཞུས་འདུག གསར་འགོད་པས་༸གོང་ས་མཆོག་ལ་ཐེངས་འདིའི་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་བརྗོད་གཞི་ Power and Care འམ་མིའི་ནུས་པ་དང་གུས་བརྩི་ཞེས་པའི་སྐོར་ལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་མིའི་ནུས་པ་དེ་བཟང་ངན་ཕྱོགས་གཉིས་ཀར་བདེ་སྤྱོད་གཏང་རྒྱུ་ཡོད་སྟབས། ནུས་པ་དེ་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་ཚང་མས་བསྟན་པའི་བྱམས་བརྩེ་དང་གཞན་ཕན་ཕྱོགས་སུ་བཏང་ཐུབ་ཚེ་ཕན་ཐོགས་རྒྱ་ཆེ་ཡོང་གི་ཡོད་པ་དང་། དེ་ལས་ལྡོག་སྟེ་ངན་ཕྱོགས་འཇུག་པ་ཡིན་ན་གནོད་སྐྱོན་ཚབས་ཆེ་བཟོས་ཀྱི་ཡོད་པ་བཀའ་གནང་འདུག ལྷག་དོན་དེང་གི་ཆར་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་ ༧ ཡོད་པ་དེ་དག་ཚང་མར་འཕྲད་བཞིན་པའི་ངལ་བ་ཀུན་འབྱུང་རྩ་ནི་དུས་རྒྱུན་གྱི་ཤེས་ཡོན་སློབ་གསོ་དང། ཉིན་རེའི་འཚོ་བའི་ནང་ཕྱིའི་དངོས་པོ་ཁོ་ནར་གཙོ་བོ་བཞག་པའི་དབང་གིས་ཡོང་བ་ཞིག་ཡིན་སྟབས། ང་ཚོས་དཀའ་ངལ་དེ་སེལ་ཆེད་ཀྱི་ལྡེ་མིག་གཙོ་བོ་ནི་ཤེས་ཡོན་སློབ་གསོ་ལ་ཐུག་ཡོད་པ་ལམ་སྟོན་བཀྲིན་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་དེང་གི་ཚན་རིག་པ་ཚོས་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ལུང་འདྲེན་ཡང་གནང་འདུག དེ་བཞིན་སྐུ་ཞབས་ Mazure ལགས་ཀྱིས་མ་འོངས་པའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་བེུད་རྟེན་ཅན་དུ་ཕེབས་སྲིད་མིན་དང་། བེུད་འགོ་ཁྲིད་ཀྱིས་འཛམ་གླིང་ཡག་པ་ཞིག་ཡོང་མིན་སྐོར་བཀའ་འདྲི་ཞུས་སྐབས་༸གོང་ས་མཆོག་གིས་ད་ལྟའི་ཆར་འཛམ་གླིང་འདིའི་སྟེང་རྒྱལ་ཁབ་ ༢༠༠ ལྷག་ཡོད་པ་དེ་དག་གི་དབུ་ཁྲིད་བེུད་ཡིན་ཚེ་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་རིགས་ཉུང་བ་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་བཀའ་གནང་པ་དང་སྦྲགས། ༸གང་ཉིད་མཆོག་གིས་གང་དུ་ཕན་འདོགས་བསྐྱེད་ཐུབ་པ་དེར་༸སྐུ་སྐྱེས་བཞེས་རྒྱུའི་ཐུགས་སྨོན་མཛད་ཀྱི་ཡོད་པ་བཀའ་གནང་འདུག གཞན་ཡང་བཅར་འདྲི་ལས་རིམ་དེའི་ཁྲོད་༸གོང་ས་མཆོག་གིས་ཉེ་ཆར་ Belgium གཙོས་པའི་རྒྱལ་ཁབ་ཁག་ཅིག་ཏུ་འཇིགས་སྐུལ་དྲག་སྤྱོད་པའི་གནས་ཚུལ་དང་འབྲེལ་བཀའ་འདྲི་ཞུས་པའི་བཀའ་ལན་དུ། གཙོ་བོ་ཁོང་ཁྲོས་དཀའ་ངལ་དེ་དག་སེལ་རྒྱུ་ལས་ལྡོག་སྟེ་སེམས་ཀྱི་ཞི་བདེ་དཀྲུགས་ནས་གནས་སྟངས་སྡུག་ཏུ་གཏོང་རྒྱུ་ལས་ཕན་ཐོགས་ཅི་ཡང་མེད་སྐོར་སོགས་བཀའ་བསྩལ་འདུག      ད་དུང་མགོན་པོ་༸གང་ཉིད་མཆོག་གིས་ལས་རིམ་དེའི་ཐོག་ནས་དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་གྱི་རྐྱེན་པས་རང་འབྱུང་གི་གནོད་འཚེ་དཀའ་ངལ་མང་དག་ཞིག་འཕྲད་བཞིན་པར་བརྟེན།  ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག མཛད་འཆར་ལྟར་ན། དེ་རིང་ཟླ་ ༩ ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་གྱི་རྒྱལ་ས་སྦར་སེལ་ Brussels དུ་གོ་སྒྲིག་ཞུས་པའི་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་དབུ་བཞུགས་མཛད་ཀྱི་ཡོད་འདུག

༸གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་སླད་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པ་བཀའ་སྩལ་བ།

དེ་རིང་ཟླ་ ༩ ཚེས་ ༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འབྱེད་བཀྲིས་བསྐྱངས་པ་དང་ཆབས་ཅིག ཚོགས་ཆེན་ཐོག་བཅར་བའི་རྒྱ་རིགས་གཙོ་བོར་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ད་བར་བོད་དོན་ཐོག་དོན་དམ་གྱི་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་པར་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཚོགས་དགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Mann མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སོགས་སྐུ་མགྲོན་དུ་ཕེབས་ཡོད་པ་རེད། དེའང་དེ་རིང་ས་གནས་ཀྱི་སྔ་དྲོ་ཚོུད་ ༡༠། ༠༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་བཀའ་སློབ་བཀྲིན་བསྩལ་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་བོད་དོན་རྒྱབ་སྐྱོར་བ་བརྒྱ་སྐོར་ཡས་མས་ཙམ་ཞིག་ལ་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་སྟེ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་འཛམ་གླིང་ཆོས་ལུགས་མཐུན་འབྲེལ། དེ་བཞིན་༸སྐུ་ཉིད་བོད་མི་གཅིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་སྐོར་ལ་བཀའ་སྩལ་གནང་འདུག་པ་མ་ཟད། ལྷག་པར་དུ་༸གང་ཉིད་མཆོག་གིས་ཕྱི་ལོ་  ༢༠༡༡ ལོ་ནས་བཟུང་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་བདམས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་གསོལ་བསྩལ་གནང་པ་དང་། དེ་བཞིན་བོད་མིའི་མང་གཙོའི་འགྱུར་བགྲོས་དང་འཕེལ་རིམ་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཚོགས་ཆེན་ཐོག་བཅར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་པོའི་ཐོག་དགོངས་པ་བཞེས་ནས་གང་ཐུབ་ཀྱིས་ལག་ལེན་འཁྱེལ་རྒྱུར་འབད་བརྩོན་དགོས་པའི་སྐུལ་མ་གནང་པ་དང་། ལྷག་དོན་ཚོགས་མི་རྣམས་ནས་བོད་ཀྱི་གནད་དོན་ངོ་མ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་སྐོར་བཀའ་གནང་པ་དང་སྦྲགས། བོད་ཀྱི་གནད་དོན་འདི་ནི་ཆབ་སྲིད་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་ཏན་ནས་མ་ཡིན་ཞིང་། དེ་རིང་སང་ཉིན་དུས་རབས་ཉེར་གཅིག་པ་དང་འཚམ་པ་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་སླད་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་མི་ཉམས་རྒྱུན་འཛིན་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེར་དགོངས་གནང་གི་ཡོད་སྐོར་ལམ་སྟོན་མཛད་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་སྐབས་དེར་བཅར་བའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། དོན་དམ་གྱི་བོད་རྒྱ་དཀའ་ངལ་སེལ་བ་ལ་རྒྱ་རིགས་ཚོས་རྒྱབ་སྐྱོར་ནི་ཧ་ཅང་གི་གལ་ཆེ་ཡིན་སྟབས། ཧན་རྒྱ་རིགས་ཆོས་གྲོགས་ཚོས་རྒྱ་མི་ཤེས་ཡོན་ཅན་སོགས་གཞན་ལ་བོད་ཀྱི་གནད་དོན་ངོ་མའི་སྐོར་གསུངས་རོགས་ཞེས་དང་། བོད་མིའི་གཉིས་སྨན་དབུ་མའི་ལམ་ནི་ཕྱོགས་གཅིག་གི་རྒྱལ་ཁའི་རང་བཞིན་མིན་སྟབས། རྒྱ་བོད་གཉིས་ཀར་ཕན་ཐོགས་ཡོད་པས་དེར་རྒྱ་རིགས་མང་པོ་ཞིག་གིས་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་གི་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་པེ་ཅིང་ནས་ནམ་ཡིན་ལ་ཆིག་སྒྲིལ་དང་བརྟན་ལྷིང་སྐོར་བཤད་བཞིན་ཡོད་ཀྱང། བརྟན་ལྷིང་གི་གཞི་རྩ་ཡིད་ཆེས་སྐྲུན་རྒྱུ་ལས་ལྡོག་སྟེ་ཁོང་ཚོའི་ད་ལྟའི་སྲིད་བྱུས་འདི་ནི་འཇིགས་སྣང་སྐྱེས་གཞི་ཞིག་ཆགས་ཡོད་སྟབས། འཇིགས་སྣང་འོག་བརྟན་ལྷིང་ནམ་ཡང་ཡོང་རྒྱུ་མེད་པར་བཀའ་ནན་མཛད་འདུག གཞི་རྩའི་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་དེ་རིང་ནས་དབུ་འཛུགས་གནང་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་གནངས་ཚེས་ ༡༠ བར་ཉིན་གྲངས་གསུམ་རིང་འཚོགས་ཀྱི་ཡོད་པ་རེད།

ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོས་༸གོང་ས་མཆོག་ཐེ་ཝན་དུ་ནམ་ཕེབས་རུང་དགའ་བསུ་ཡོད་ཅེས་གསུངས་པ།

ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ su Jai quan ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ནམ་ཕེབས་ཀྱང་དགའ་བསུ་ཡོད་ཅེས་གསུངས་འདུག དེ་ཡང་ཁ་ཉིན་ཚེས་ ༥ ཉིན་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་ཡིན་པ་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Freddy Lim ལགས་དང་ལྕམ་ Kulas Yotaka ལགས་རྣམ་གཉིས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དང་ཁུལ་དེའི་གྲོས་ཚོགས་སུ་ཆིབས་བསྒྱུར་ཡོང་བའི་གཞུང་འབྲེལ་གསོལ་འདེབས་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཀྱང་མ་འོངས་པར་༸གང་ཉིད་མཆོག་ཐེ་ཝན་ནང་ལ་ཕེབས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཀའ་ལན་མཛད་ཡོད་པ་རེད། དེ་མཚུངས་སུ་ཚེས་ ༥ ཉིན་ཐེ་ཝན་ནང་རྟེན་གཞི་བྱས་པའི་གསར་ཁང་ཁག་གི་གསར་འགོད་པ་རྣམས་ཀྱིས་ཁུལ་དེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ Su Jai - quan ལགས་སུ་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་ཐེ་ཝན་ནང་གདན་ཞུ་ཕུལ་བ་དངོས་འབྲེལ་ཡིན་མིན་ཐོག་བཅར་འདྲི་ཞུས་འདུག་པ་དང་། སྐབས་དེར་ཚོགས་གཙོ་སྐུ་ཞབས་ Su Jai - quan ལགས་ཀྱིས་གནད་དོན་དེ་ནི་བདེན་པ་ཡིན་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དང་ཐེ་ཝན་གྱི་གྲོས་ཚོགས་སུ་ནམ་ཕེབས་རུང་ང་ཚོའི་ངོས་ནས་དགའ་བསུ་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད། ལྷག་པར་དུ་ཁོང་གིས་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་དེ་ནི་མང་ཚོགས་ཀྱི་བསམ་ཚུལ་བརྗེ་རེས་གནང་ས་དང་མང་གཙོའི་རང་དབང་ལོངས་སུ་སྤྱོད་སའི་སྡིངས་ཆ་གཙོ་ཆེ་ཞིག་ཡིན་པར་འགྲེལ་བརྗོད་དང་། ཐེ་ཝན་དང་ཐེ་ཝན་གྱི་གྲོས་ཚོགས་ནང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་རང་དབང་དང་མང་གཙོའི་ཐོག་ལ་ཕྱག་ལས་གནང་མཁན་གྱི་སྐྱེས་བོ་སུ་འདྲ་ཞིག་ཡིན་རུང་དེར་དགའ་བསུ་ཡོད་ཅེས་གསུངས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་ ༡༩༩༧ དང་། ༢༠༠༡ དེ་བཞིན་སྤྱི་ལོ་ ༢༠༠༩ བཅས་སུ་ཐེ་ཝན་ནང་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་ཡོད་པ་ཟད། བར་སྐབས་ཤིག་ནས་ཁུལ་དེའི་ནང་གི་ཆབ་སྲིད་དཀའ་རྙོག་དང་རྒྱ་གཞུང་གི་གནོན་ཤུགས་སོགས་རྐྱེན་པས་ཐེ་ཝན་ནང་པའི་ཆོས་ཚོགས་དང་མང་གཙོ་དོན་གཉེར་བའི་ཆབ་སྲིད་ཚོགས་པ་ཁག་ཅིག་གིས་༸གང་ཉིད་མཆོག་ལ་གདན་ཞུའི་གསོལ་འདེབས་ལན་མང་ཞུས་ཡོད་ཀྱང་ད་བར་ཆིབས་བསྒྱུར་བསྐྱང་ཐུབ་མེད་པ་རེད།

༸གོང་ས་མཆོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ།

 དེ་རིང་ཟླ་ ༩ ཕྱི་ཚེས་ ༦ ཉིན་གུང་ཚོུད་ ༡༢།༢༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ས་བཞུགས་སྒར་ནས་ཡུ་རོབ་ཁུལ་དུ་ཆིབས་བསྒྱུར་མཛད་གནང་སོང་།  མགོན་པོ་༸གང་ཉིད་མཆོག་དང་སྟོན་འཁོར་ལྷན་རྒྱས་ལྗགས་སྨིན་གྲུབ་རྗེས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་ཡུ་རོབ་ཡུལ་གྲུ་སྦེལ་ཇམ་དང་ཕ་རན་སི་བཅས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་ཐེངས་འདིའི་ཡུ་རོབ་ནང་གི་མཛད་འཆར་བསྐྱང་རྒྱུའི་ཁྲོད་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་དང། ཕ་རན་སི། དེ་བཞིན་པོ་ལན་ཌི་བཅས་སུ་ཉིན་གྲངས་གསུམ་རིང་མཛད་འཕྲིན་བསྐྱང་གནང་རྒྱུ་ཡིན་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཚེས་ ༧ ཉིན་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་དུ་ཞབས་སོར་བདེ་བར་འཁོད་གནང་གི་ཡོད་པ་རེད། སྦར་སེལ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་མཛད་འཆར་ཁག་འགྲེལ་བརྗོད་གནང་དོན་ལ། ༸གང་ཉིད་མཆོག་གིས་ཚེས་ ༨ ཉིན་ཁུལ་དེའི་རྒྱལ་ས་ Brussels ནང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་དབུ་འབྱེད་ཀྱི་མཛད་སྒོར་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཚེས་ ༡༡ བར་ཁུལ་དེའི་བྷོ་ཛར་སྒྱུ་རྩལ་བསྟི་གནས་ཁང་དུ་ཡུ་རོབ་སེམས་དང་སྲོག་གི་ལྷན་ཚོགས་ཐོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ།  དེ་བཞིན་ས་གནས་མང་ཚོགས་དང། བོད་རིགས་བཅས་ཁག་སོ་སོར་བཀའ་སློབ་བསྩལ་རྒྱུ་མ་ཟད།  དེ་རྗེས་ཚེས་ ༡༢ ཉིན་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་རྟེན་གཞི་བྱས་པའི་ Louvain གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་གྱིས་དབུ་བཞུགས་མཛད་རྒྱུ་བཅས་ཀྱི་མཛད་འཆར་བཀྲིན་ཆེ་བ་བསྐྱང་རྒྱུ་ཡིན་པ་གསུངས་སོང་། ད་དུང་ཁོང་གིས་༸གོང་ས་མཆོག་གིས་བྷེལ་ཇམ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས། ཕ་རན་སི་རྒྱལ་ས་པེ་རིས་དུ་ཕྱི་ཚེས་ ༡༣ དང་། ༡༤ བཅས་ཉིན་གཉིས་རིང་བོད་རིགས་རྣམས་ལ་བཀའ་སློབ་དང། བཟོད་སྒོམ་དང་གུས་བརྩི་ཞེས་པའི་བརྗོད་གཞིའི་འོག་གོ་སྒྲིག་ཞུས་པའི་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ཐོག་བཀའ་སློབ་མཛད་རྒྱུ་དང་། དེ་བཞིན་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཚེས་ ༡༩ བར་ཕ་རན་སའི་ Strasbourg གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཁུལ་དེའི་དད་ལྡན་མང་ཚོགས་ལ་དཔལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་རྒྱུ། དེ་བཞིན་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། ། ཁྱད་པར་དུ་ཁུལ་དེར་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གིས་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར། ༸གང་ཉིད་མཆོག་གིས་བཀའ་སློབ་བཀྲིན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་སྐོར་གསུངས་སོང་།

༸གོང་ས་མཆོག་གིས་ཨ་མ་ཊེ་རེ་ས་དམ་པར་ཡེ་ཤུའི་སྐྱེས་ཆེན་དམ་པའི་མཚན་གནས་ཕུལ་བར་འཚམས་འདྲི་མཛད་པ།

ཁ་ཉིན་ཚེས་ ༤ ཉིན་ཡོ་རོབ་ཀྱི་གྲོང་ཁྱེར་ Vatican City ནང་རྟེན་གཞི་བྱས་པའི་ཡེ་ཤུའི་མཆོད་ཁང་ St.Peters ཞེས་པར་མང་ཚོགས་ཆིག་ཁྲི་ལྷག་འདུ་འཚོམས་གནང་ཐོག་ཡེ་ཤུའི་བླ་ཆེན་ Pope Francis མཆོག་གིས་ཡེ་ཤུའི་རྗེ་བཙུན་མ་འམ་ཡོངས་གྲགས་སུ་ཨ་མ་ཊེ་རེ་ས་ Mother Teresa དམ་པ་ཁོང་ འདས་གྲོངས་སུ་གྱུར་ནས་ལོ་ངོ་ ༡༩ འཁོར་རྗེས་ཁོང་གིས་དེ་སྔ་འཛམ་གླིང་སྤྱི་དང་སྒོས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ས་གནས་ཡུལ་མི་སྐྱོ་བོ་དང་ནད་གཅོང་རྣམས་ལ་གཟིགས་སྐྱོང་རྒྱ་ཆེ་གནང་པའི་མཛད་རྗེས་ལ་ཆེ་བསྟོད་ཀྱིས་དམ་པ་ཁོང་ལ་ཡེ་ཤུའི་སྐྱེས་བུ་དམ་པ་ཞེས་ཆེས་མཐོའི་མཚན་གནས་ཕུལ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་ཐུགས་ཆེས་དགྱེས་ཚོར་བྱུང་སྐོར་གྱི་གསུང་འཕྲིན་ཞིག་རྒྱ་གར་མངའ་སྡེ་ནུབ་བྷེན་གྷལ་ West  Bengal ནང་གྱི་རྒྱལ་ས་ Kolkata ལ་རྟེན་གཞི་བྱས་པའི་ཨ་མ་ཊེ་རི་ས་དམ་པ་དེ་ཉིད་ཀྱི་ཡེ་ཤུའི་དགེ་རྩའི་ Missionaries of Charity ཞེས་པའི་མཚན་ཐོག་ཏུ་བསྩལ་འདུག གསུང་འཕྲིན་དེའི་ནང་འཁོད་དོན་ལ། ༸གང་ཉིད་མཆོག་གིས་ཨ་མ་ཊེ་རེ་ས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོའི་རིང་ལ་འགྲོ་བ་མི་རིགས་སྤྱི་དང་། ལྷག་དོན་ཕ་མ་དང་མགོན་སྐྱབས་བྲལ་བའི་ཉམ་ཐག་ནད་གཅོང་དང་དབུལ་ཕོངས་རྣམས་ལ་དབྱེ་མེད་ཀྱིས་བྱམས་སྐྱོང་གནང་པའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས། ད་རེས་དམ་པ་ཁོང་ལ་ཡེ་ཤུའི་སྐྱེས་བུ་དམ་པའི་མཚན་གནས་ཐོབ་པར་དགེ་རྩའི་ནང་ཕྱག་ལས་གནང་མཁན་དང་། རྗེས་མཇུག་རྣམས་ལྷན་ ༸གང་ཉིད་མཆོག་ལའང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་། དེ་སྔ་མགོན་པོ་མཆོག་དམ་པ་ཁོང་དང་མཇལ་འཕྲད་བྱུང་སྐབས་དང་། སྔར་ལོ་དམ་པ་ཁོང་གི་དགེ་རྩར་ཕེབས་ཏེ་དམ་པ་ཁོང་གི་ཕྱག་རོགས་ཡེ་ཤུའི་བཙུན་མ་རྣམས་པ་དང་མཇལ་འཕྲད་མཛད་པ་གཙོས། གནས་གཟིགས་གནང་སྐབས་ཨ་མ་ཊེ་རེ་ས་དམ་པ་ཁོང་ནི་གང་ཟག་མིག་དཔེ་འོས་པ་ཞིག་རེད་འདུག་སྙམ་པའི་ཐུགས་ཚོར་བྱུང་མྱོང་ཡོད་སྐོར་ཡང་བཀའ་བསྩལ་འདུག   མཐར་དོན་མགོན་པོ་༸གང་ཉིད་མཆོག་གིས་ཇི་སྲིད་དབུལ་ཕོངས་གནས་པ་དེ་སྲིད་དུ་དགེ་རྩ་ཚོགས་པའི་ལས་དོན་དག་ལ་འགེགས་མེད་རྒྱུན་སྐྱོང་ཡོང་ཐུབ་པར་ཐུགས་སྨོན་ཡང་མཛད་འདུག གཞི་རྩའི་ཨ་མ་ཊེ་རེ་ས་དམ་པ་ཁོང་ནི་སྤྱི་ལོ་ ༡༩༡༠ ལོར་ཡོ་རོབ་ཀྱི་ Albania རྒྱལ་ཁབ་ནང་འཁྲུངས་ཤིང་རིམ་པས་རྒྱ་གར་ནང་གནས་སྡོད་བྱེད་དེ་ས་གནས་ཡུལ་མི་ཉམས་ཐག་རྣམས་ལ་ལྟ་སྐྱོང་སླད་རང་ཉིད་ཀྱི་དགེ་རྩ་ཚོགས་པ་ Missionaries of Charity  ཞེས་པ་ཆེད་འཛུགས་གནང་པ་མ་ཟད། ད་ལྟའི་ཆར་དམ་ཁོང་གི་དགེ་རྩ་ཚོགས་པ་དེ་ལ་རྒྱལ་སྤྱིའི་རྒྱལ་ཁབ་ ༡༡༣ ལྷག་གི་ནང་ལ་དེའི་ཡན་ལག་བཙུགས་ཐུབ་ཡོད་པ་དང་། དེ་དག་ནང་ཕྱག་ལས་གནང་མཁན་ཡེ་ཤུའི་བཙུན་མ་ ༤༥༠༠ ལྷག་ཡོད་པ་རེད། དམ་པ་ཁོང་སྤྱི་ལོ་ ༡ ༩༩༧ ལོར་འདས་གྲོངས་སུ་གྱུར་ཡོད་ཀྱང་། ཁོང་གི་མཛད་རྗེས་དེ་དག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་ཆོས་དཔོན་ Desmond Tutu སོགས་རྒྱལ་སྤྱིའི་དབུ་ཁྲིད་མང་པོས་ཡི་རངས་ཀྱི་ཆེ་བསྟོད་ཤུགས་ཆེ་གནང་བཞིན་ཡོད་པ་དང་། ལྷག་དོན་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ཏེ་སྤྱི་ལོ་ ༡༩༧༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་སོགས་རྒྱལ་སྤྱིའི་གཟེངས་རྟགས་ཆེ་གྲས་ཁག་ཅིག་ཀྱང་བཞེས་མྱོང་ཡོད་པ་རེད།

༸གོང་ས་མཆོག་ལ་མཚན་སྨད་སྒྲོ་སྐུར་ཞུ་རིགས་ལ་གདོང་ལེན་གནང་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་ཅེས་གསུངས་པ།

དེ་རིང་ཟླ་ ༩ ཚེས་ ༢ ཉིན་སྔ་དྲོ་བོད་མིའི་གཞིས་སྒར་ལྡི་ལི་བསམ་ཡས་གླིང་དུ་ལྡི་ལི་བོད་ཀྱི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༦ པའི་མཛད་སྒོའི་ཐོག་དེ་རིང་གི་དུས་ཆེན་དེའི་འཕེལ་རིམ་རང་བཞིན་ གྱི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིར་བཀའ་དྲིན་ཤིན་ཏུ་ནས་ཆེ་ཡིན་པ་བསམ་ཤེས་ཐུབ་ཀྱང་། བོད་མིའི་སྤྱི་ཚོགས་ཁྲོད་རང་མགོ་ཐོན་ཡིན་སྙམ་ཏེ་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་། ལྷག་པར་༸གོང་ས་མཆོག་ལ་ མཚན་སྨད་སྒྲོ་སྐུར་ཞུ་བའི་བྱ་སྤྱོད་ནི་དགྲ་དགའ་གཉེན་སྡུག་བཟོ་གཞི་གནས་ཚུལ་ཁག་ཅིག་ཡོང་བཞིན་འདུག་ཅེས་གསུངས་པ་མ་ཟད། སྔར་དོལ་རྒྱལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁྲིམས་རར་སྦྱར་རྒྱུའི་འབད་བརྩོན་ཆ་ཚང་བྱས་ཀྱང་དེ་ལྟར་མ་ཐུབ་པ་ཞིག་རེད། འོན་ཀྱང་དེང་ཆར་མི་སྒེར་ལ་ལས་༸གོང་ས་མཆོག་ཁྲིམས་རར་སྦྱར་རྒྱུའི་གནས་ཚུལ་ཐོས་རྒྱུ་འདུག་པ་ལྟར། གལ་ཏེ་དེ་ལྟར་བྱ་རྒྱུ་ཡོད་ན་ངེས་པར་རྒྱུ་མཚན་ལྡན་པ་བྱེད་རོགས་ང་ནི་༸གོང་ས་མཆོག་གི་སྐུ་ཚབ་གཅིག་གི་མིང་འཁྱེར་ཡོད་པ་མ་ཚད་བོད་མིའི་སྒྲིག་འཛུགས་ཀྱི་ལྡི་ལི་སྐུ་ཚབ་ཡིན་པའི་ངོས་ནས་གནད་དོན་དེ་དག་གི་མདུན་སར་བཅར་དགོས་བྱུང་ཚེ་བཅར་ནས་གདོང་ལེན་བྱ་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་ཅེས་གསུངས་སོང་། ད་དུང་ཁོང་གིས་ས་གནས་ཀྱི་བོད་མི་ཚོ་སྤྱི་བའི་རྩ་དོན་ཐོག་ལ་ལྷག་བསམ་ཡོད་པ་དང་རྡོག་དྲིལ་པོ་ཡོད་པར་ངོས་བཞེས་ཀྱིས་བོད་མི་ཕལ་ཆེ་བ་འཚོ་བ་རང་འཚོ་ཡིན་པས་འཚོ་ཐབས་གང་གཉེར་རུང་བོད་སྒར་རང་གི་ནང་ཁྲིམས་དང་། ལྷག་པར་དུ་རྒྱ་གར་གཞུང་གི་རྩ་ཁྲིམས་དང་མཐུན་པ་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་པ་མ་ཟད། བོད་སྒར་འདིའི་ནང་ད་དུང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རིགས་མཁན་ཉུང་ཤས་ཤིག་ཡོད་པ་དེ་དག་ཚོས་ཀྱང་རིམ་པས་ཁྲིམས་མཐུན་ཡོང་ཐབས་གནང་གལ་ཆེ་བའི་ལམ་སྟོན་གནང་ཡོད་པ་རེད། བོད་མི་ཚོས་རང་ཉིད་ཀྱི་འཚོ་ཐབས་གཉེར་སྐབས་ཁྲིམས་མཐུན་གྱི་འཚོ་ཐབས་ཤིག་སྐྱེལ་ཐུབ་ཚེ་ཞི་བདེ་བག་ཕེབས་ཀྱི་འཚོ་ཐབས་ཤིག་སྐྱེལ་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མང་ཉུང་ལ་ལྟོས་མེད་རོགས་རམ་དང་མཐུན་འགྱུར་ཞུ་སྒོ་དག་ཞུས་ངེས་ཡིན་སྐོར་གསུངས་སོང་།

༸གོང་ས་མཆོག་གིས་༸གང་ཉིད་མཆོག་ལྷོ་ཀོ་རི་ཡར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་བ།

དེའང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་ ༨ ཚེས་ ༢༩ ཉིན་ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༡ བར་བཅས་ཉིན་གྲངས་བཞིའི་རིང་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་གཙོས་པའི་ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མའི་ཤིང་རྟ་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བསྐྱངས་པ་དང་བསྟུན།  མགོན་པོ་༸གང་ཉིད་མཆོག་གིས་རེས་གཟའ་མིག་མར་ཉིན་༸རྒྱལ་བའི་ཕོ་བྲང་དུ་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ཚོགས་པའི་འཐུས་མི་ཁག་ཅིག་དང་ལྷོ་ཀོ་རི་ཡའི་གསར་འགོད་པ་ཁག་ཅིག་བཅས་ལ་ཟུར་དུ་བཀའ་སློབ་བཀྲིན་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ངོས་རང་ད་བར་ཨེ་ཤེ་ཡའི་རྒྱལ་ཁབ་ལས་ཉི་ཧོང་མ་གཏོགས་དེ་མིན་རྒྱལ་ཁབ་གཞན་གང་དུའང་བསྐྱོད་ཐུབ་མ་སོང། ལྷོ་ཀོ་རི་ཡའི་དད་ལྡན་རྣམས་ཀྱི་བློ་གཙང་མ་དང་རང་ཉིད་ཀྱི་དད་པ་མུ་མཐུད་བརྟན་པོ་གནས་པ་ཡིན་ན། ངོས་རང་མ་འོངས་པར་ཡུལ་དེའི་ནང་ངེས་པར་དུ་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་བསྩལ་འདུག རྩ་བའི་ལྷོ་ཀོ་རི་ཡའི་ནང་གི་ཆོས་ཚོགས་ཁག་ཅིག་གིས་དེ་སྔོན་ ༢༠༠༢ དང། ༢༠༠༧ ལོ་བཅས་ཀྱི་ནང་༸གོང་ས་མཆོག་ཁུལ་དེར་གདན་འདྲེན་ཞུ་ཕྱིར་མཐོང་མཆན་རག་ཐབས་སུ་འབད་བརྩོན་ལྷོད་མེད་གནང་ཡོད་ཀྱང། ཀོ་རི་ཡའི་གཞུང་གིས་རྒྱ་གཞུང་དང་ཀོ་རི་ཡའི་གཞུང་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ལ་འཛེམས་ཏེ་ད་བར་ངོས་བཞེས་ཀྱི་མཐོང་མཆན་ཕུལ་མེད་པ་རེད། འོན་ཀྱང་༸གོང་ས་མཆོག་གིས་རེས་གཟའ་མིག་མར་ཉིན་༸གང་ཉིད་ཀྱི་ད་ཆ་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་ཟིན་སྐོར་བཀའ་སྩལ་བསྐྱར་ནན་མཛད་པ་དང་འབྲེལ། ད་སྐབས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནས་བབ་ལ་འགྱུར་བ་འགྲོ་བཞིན་པ་དང་བསྟུན། མགོན་པོ་༸གང་ཉིད་ཡུལ་དེར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་འདུག

Latest news