Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་དེང་དུས་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གནའ་བོའི་རྒྱ་གར་ལྟ་གྲུབ་དང་དེང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་གནང་ཡོད་པ་རེད། དེ་རིང་ཟླ་ ༤ ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་ཚོུད་ ༩།༠༠ སྟེང་དཔའ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་གིས་གོ་སྒྲིག་འོག བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་དབུ་བཞུགས་ཐོག རྒྱ་གར་གྱི་ཨང་རྩིས་མཁས་པ་སྐུ་ཞབས་ C.K. Raju ལགས་དང་། Italy འི་རྫས་སྦྱོར་རིག་པའི་མཁས་པ་སྐུ་ཞབས་ Pierluigi Luisi ལགས། འཇིག་རྟེན་ཁམས་དང་ཁོར་ཡུག་རིག་པའི་ཐོག་མཁས་པ་སྐུ་ཞབས་ Come Carpentier de Gourdon ལགས། Mumbai འཕྲུལ་རིགས་ལྟེ་གནས་ཁང་གི་སློབ་དཔོན་སྐུ་ཞབས་ K. Ramasubramaniam བཅས་ལྷན་འཛོམས་ཀྱིས་གནའ་བོའི་རྒྱ་གར་ལྟ་གྲུབ་དང་དེང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་རིང་མཁས་པའི་བགྲོ་གླེང་ཚོགས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་དེང་དུས་ཤེས་ཡོན་གྱི་ལག་ཁྱེར་མཐོ་པོ་ཡོད་རུང་སེམས་མ་འདུལ་ན་སྐྱིད་པ་ཡོང་རྒྱུ་ཡོད་མ་རེད་ཅེས་བཀའ་བསྩལ་བ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་རྡ་ས་རིགས་སློབ་མ་ལག་གི་རིས་མེད་དགེ་བཤེས་དང་སྐབས་དང་པོའི་གཙུག་ལག་རབབ་འབྱམས་པ། མཐོ་རིམ་རིག་གནས་རབ་འབྱམས་པ་བཅས་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་གཙོས། བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ལྷན་ཁང་ཁག་ཅིག་གི་དྲུང་ཆེ་རྣམ་པ། དེ་བཞིན་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་དང་སློབ་ཟུར། གཞན་ཡང་སློབ་གྲྭ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་རྣམ་པ་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ལྷན་འཛོམས་ཀྱིས་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་བསྩལ་གནང་དོན། ༸གང་ཉིད་མཆོག་གིས་ཐོག་མར་ ༡༩༥༩ ལོར་ལྷ་སར་རྒྱ་མིས་དྲག་གནོན་འོག་གནས་སྟངས་ཧ་ཅང་ཛ་དྲག་ཆགས་རྗེས། རིམ་པས་བོད་མི་རྣམས་བཙན་བྱོལ་དུ་བྲོས་བྱོལ་ལ་ཕེབས་སྟངས་སོགས་ཀྱི་ངོ་སྤྲོད་གནང་པ་དང་འབྲེལ། དེ་རྗེས་བཙན་བྱོལ་དུ་འབྱོར་ནས་སྲིད་བློན་ Nehru མཆོག་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་པའི་འོག་རྒྱ་གར་ནང་ཆེས་ཐོག་མར་ཤེས་ཡོན་གྱི་ཐད་ནས་ཤུགས་སྣོན་སྐྱོན་གནང་ཡོད་པ་དང།  ལོ་རྒྱུས་ཀྱི་ཐོག་ནས་མི་རབས་རྒན་པ་ཚོས་སྐུ་ལས་ཧ་ཅང་སྐྱོན་གནང་ཡོད་པ་བཀའ་ནན་གནང་པ་མ་ཟད།  ད་ལྟ་མི་རབས་གཞོན་པ་རྣམས་ནས་རྒན་པའི་བཀྲིན་རྗེས་སུ་དྲན་པའི་སྒོ་ནས་སྨོན་ལམ་བརྒྱབ་དགོས་ཡག་གལ་ཆེན་ཡིན་ཞིང། ལྷག་དོན་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམས་ལ་དེང་དུས་ཤེས་ཡོན་གྱི་ལག་ཁྱེར་མཐོ་བོ་ཡོད་རུང་དྲང་བདེན་དང་བསམ་པ་རྣམ་དག དེ་བཞིན་གཞན་ལ་བརྩེ་བའི་སེམས་པ་མེད་ན་སྐྱིད་པོ་ཡོང་ཡག་ཡོད་མ་རེད་ཅེས་ལམ་སྟོན་གནང་སོང་། ད་དུང་མགོན་པོ་མཆོག་གིས་བོད་མི་ཚོས་ལོ་སྟོང་ཕྲག་རིང་ནས་བདག་གཅེས་གནང་པའི་ཐོུང་མིན་པའི་རིག་གཞུང་དེས་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་ཐུབ་ཡག་ཡོད་པ་དངོས་ར་ཁྲོད་པའི་དུས་མཚམས་འདིར་ང་ཚོས་རེ་བ་ཙམ་མིན་པར་འབད་བརྩོན་གནང་རྒྱུ་དུས་ལ་སླེབས་ཡོད་ཅེས་སོགས་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། སློབ་མ་རྣམས་ནས་མུ་མཐུད་འབུམ་རམས་པ་དང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་གལ་ཡིན་པ་དང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་མཐུན་འགྱུར་གང་ཐུབ་སྦྱོར་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད། གཞན་ཡང་ཆོས་རིག་དང་ཤེས་རིག་བཀའ་བློན་རྣམ་གཉིས་མཆོག་གིས་རིས་མེད་དགེ་བཤེས་དང་སྐབས་དང་པོའི་གཙུག་ལག་རབ་འབྱམས་པ། དེ་བཞིན་སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་ཡོད་པ་རེད།  གཞི་རྩའི་རྡ་ས་རིགས་ལམ་སློབ་གཉེར་དེ་བཞིན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་དམ་པ་དེ་ཉིད་ཀྱིས་༡༩༧༣ལོར་གསར་འཛུགས་གནང་པ་ཞིག་དང་།  རིམ་པས་ ༡༩༩༨ ནས་ས་རཱ་བོད་ཀྱི་མཐོ་སློབ་གསར་བཙུགས་གནང་སྟེ། ད་ཆ་རིགས་སློབ་མ་ལག་གཉིས་སུ་ནང་དོན་རིག་པ་དང་བོད་ཀྱི་རིག་གནས་ཐོག་མཐོ་རིམ་རིག་གནས་རབ་འབྱམས། དང་གཙུག་ལག་རབ་འབྱམས། དེ་བཞིན་རིས་མེད་དགེ་བཤེས་སོགས་སློབ་གཉེར་བྱ་ཡུལ་གྱི་ཤེས་ཡོན་ལྟེ་གནས་གལ་ཆེ་ཞིག་ཆགས་ཡོད་པ་རེད།

༸གོང་ས་མཆོག་དུས་འཁོར་སྒྲུབ་མཆོད་ཆེན་མོའི་ཐོག་དབུ་བཞུགས་མཛད་པ།

ཁ་སང་བོད་ཟླ་ ༣ ཚེས་ ༡༥ ཉིན་དེ་ནི་སྟོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆེས་ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་བཀའ་བསྩལ་མཛད་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་སྟབས། བཞུགས་སྒར་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་བོད་ཀྱི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་གཙོས། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་དགེ་འདུན་པ་བཅས་ཚང་འཛོམས་ཀྱིས་དུས་འཁོར་སྒྲུབ་མཆོད་ཆེན་མོ་དབུ་འཛུགས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་དུ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་འཁོར་གྱི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མ ཛད་པ་དེའང་བོད་ཀྱི་བསྟན་སྲིད་བདེ་ཐབས་གཙོས་པའི་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་དང་འབྲེལ་སྒྲུབ་མཆོད་ཆེ་ཆུང་མང་དག་ཞིག་ཡོད་པ་ལས་རྒྱུད་སྡེ་གཞན་དང་ཐུན་མིན་བཤད་སྲོལ་ཡོད་པའི་ཡ་གྱལ་གྱི་སྒྲུབ་མཆོད་གཅིག་ཡིན་སྐོར་གསུངས་པ་མ་ཟད། དེའི་ཐོག་༸རྒྱལ་མཆོག་༸སྐུ་ཕྲེང་ན་རིམ་རྣམས་དབུ་བཞུགས་ལ་ཕེབས་སྲོལ་ཡོད་པ་ཞིག་རེད་ཅེས་གསུངས་སོང། གཞི་རྩའི་དཔལ་དུས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དེ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཆེས་ཉེ་བའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོར་ཐོག་མ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་ལོ་རྗེས་མ་དེར་བྱ་ཤམ་བྷ་ལའི་རྒྱལ་ཕྲེང་ ༩༩ པ་རྒྱལ་པོ་ཟླ་བ་བཟང་པོ་གཙོས་སྐལ་ལྡན་གདུལ་བྱ་རྣམས་ལ་ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དང་བཅས་པ་བསྩལ་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ལྷག་དོན་དུས་འཁོར་སྒྲུབ་མཆོད་ཆེན་མོ་དེ་ཉིད་བོད་ནང་དུ་༸རྒྱལ་མཆོག་༸སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་ཕྱི་ལོ་ ༡༧༥༢ ལོར་རྣམ་རྒྱལ་གྲྭ་ཚང་ལ་དུས་འཁོར་གྱི་ཆོ་ག་འདོན་སྟངས་དང་ཆོ་གའི་གར་འཆམ་སོགས་ཐོག་མར་སྲོལ་བཏོད་གནང་པ་ཞིག་ཡིན་སྟབས། གྲྭ་ཚང་རང་གིས་ཆོ་གའི་སྲོལ་དེར་ཕྱག་བསྟར་གནང་ནས་ད་བར་ལོ་ ༢༦༤ ཕྱིན་ཡོད་པ་རེད།

༸གོང་ས་མཆོག་རིང་མིན་ལ་ཊ་ཝི་ཡར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བ་གསུངས་འདུག

ལ་ཊ་ཝི་ཡ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་འཐུས་མིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ཁུལ་དེར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་གསུངས་འདུག དེ་ཡང་ཁ་སང་ The Baltic Course ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་དོན། Latvia གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Ojars Eriks Kalnins ལགས་ཀྱིས་༸གོང་ས་མཆོག་རིང་མིན་ཁུལ་དེར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་སྐོར་གསུངས་པ་དང་འབྲེལ། ཁོང་གིས་ད་ལན་གྱི་ཆིབས་བསྒྱུར་དེ་ཁུལ་དེའི་ནང་པའི་དད་ལྡན་ཚོས་གོ་སྒྲིག་གནང་བ་ཞིག་ཡིན་པ་ལས་ལ་ཊ་ཝི་ཡའི་གཞུང་གིས་གོ་སྒྲིག་གནང་པ་ཞིག་མིན་པ་གསུངས་འདུག ༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་རྒྱུའི་གནད་དོན་དང་འབྲེལ་ཡོད་གསུངས་དོན། ཁ་སང་ལ་ཊ་ཝི་ཡའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Edgars Renkevics ལགས་ཀྱིས་ལ་ཊ་ཝི་ཡའི་ངོས་ནས་རྒྱ་ནག་གཞུང་གི་ས་ཁོངས་བདག་དབང་ལ་གུས་བརྩི་ཞུས་ཀྱི་ཡོད་པ་མ་ཟད། རྒྱ་ནག་དང་ལྷན་དུ་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀྱི་ཐད་འབྲེལ་བ་དམ་ཟབ་ཡོང་རྒྱུར་གྲོས་མོལ་གནང་འདོད་ཆེན་པོ་ཡོད་ཅེས་གསུངས་འདུག ད་དུང་ཁོང་གིས་ལ་ཊ་ཝི་ཡ་དེ་བཞིན་མང་གཙོའི་རྒྱལ་ཁབ་ཞིག་ཡིན་སྟབས། Latvia གཞུང་གི་ངོས་ནས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་པར་དགག་བྱ་ཞུ་དགོས་གང་ཡང་མེད་ཅེས་རྒྱ་ནག་གཞུང་ལ་དེ་ལྟར་འགྲེལ་བརྗོད་གནང་ཟིན་ཡོད་པ་གསུངས་ཡོད་པ་རེད། རྩ་བའི་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་ལ་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༡༠ དང་ ༡༡ བཅས་སུ་ལ་ཊ་ཝི་ཡའི་རྒྱལ་ས་ Riga ནང་དུ་ཨུ་རུ་སུ་དང་ Latvia གཙོས་པའི་ Baltic རྒྱལ་ཁབ་སོགས་ཀྱི་ནང་པའི་དད་ལྡན་པ་རྣམས་ལ་ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་བཀྲིན་བསྐྱང་རྒྱུ་ཡིན་འདུག་ལ། དེའང་ Moscow བོད་དོན་རྒྱབ་སྐྱོར་ཐེབས་རྩ་དང་ Riga ནང་དུ་ཡོད་པའི་ Latvia བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆིག་གིས་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོར་གསུངས་འདུག

༸གོང་ས་མཆོག་གིས་དབུས་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོས་ཧྥ་རན་སིར་བཞག་པའི་གྲོས་ཆོད་འཕྲལ་མར་ལག་བསྟར་དགོས་པའི་འབོད་སྐུལ།

རིང་མིན་ཟླ་བ་འདིའི་ཚེས་༢༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་འཛམ་གླིང་གི་དབུ་ཁྲིད་རྣམས་ལྷན་བཞུགས་ཀྱིས་དེ་སྔ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་སྤྱི་མོས་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆིངས་ཡིག་ལ་མཚན་རྟགས་སྐྱོན་གྱི་ཡོད་པ་དང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་འཛམ་གླིང་གི་ཆོས་ལུགས་རིས་མེད་དབུ་ཁྲིད་ ༢༧༠ ཐུན་མོང་གིས་རྒྱལ་སྤྱིའི་དབུ་ཁྲིད་ཚོར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བཞག་པའི་གྲོས་ཆོད་ཁག་འཕྲལ་མར་ལག་བསྟར་དོན་འཁྱོལ་ཡོང་བའི་འབོད་སྐུལ་ཞུས་འདུག དེ་ཡང་འབོད་སྐུལ་གྱི་ཞུ་སྙན་དེ་ཁ་སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ལས་རིམ་ཞིག་ཚོགས་བཞིན་ཡོད་པ་དང་བསྟུན།  རྒྱལ་ཚོགས་ཀྱི་གཙོ་འཛིན་ Mogens Lykketoft མཆོག་ལ་ཕུལ་འདུག དེའི་ནང་འཁོད་དོན་༸གོང་ས་མཆོག་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་ཆོས་དཔོན་ Desmond Tutu མཆོག་དབུས་པའི། རྒྱ་གར་གྱི་ཁ་ཆེའི་དབུ་ཁྲིད་སོགས་ནས་མཚན་རྟགས་བཀོད་འདུག་པ་དང་།  དེ་བཞིན་འཛམ་གླིང་འདིའི་སྟེང་ཡོད་པའི་གང་ཟག་མི་རེ་ངོ་རེ་ནས་གོ་ལ་ཁྱོན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་བཟང་སྤྱོད་ཀྱི་འགན་འཁུར་དགོས་པའོ་ནན་བརྗོད་གནང་པ་དང་འབྲེལ། མང་ཚོགས་ཚོས་ཀྱང་སྤྱི་མཐུན་གྱི་ལོངས་སུ་སྤྱོད་རྒྱུའི་ཕྱིའི་སྣོད་ཀྱི་འཇིག་རྟེན་འདིར་བག་མེད་ལོངས་སྤྱོད་མ་གནང་པར་ཐབས་ལམ་གཞན་ཞིག་གི་བརྒྱུད་ཚུལ་མཐུན་གྱི་ལོངས་སུ་སྤྱོད་ཐབས་གནང་དགོས་གལ་ཡིན་པའི་འབོད་སྐུལ་ཞུས་གནང་ཡོད་འདུག ལྷག་དོན་དེ་ཧྥརན་སི་ཡི་རྒྱལ་ས་པེ་རེས་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག རྒྱལ་སྤྱིའི་དབུ་ཁྲིད་ཚོས་གོ་ལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཐད་གྲོས་ཆོད་ཁག་ཅིག་འཇོག་པ་དེ་དག་འཕྲལ་མར་ལག་བསྟར་དོན་འཁྱོལ་དགོས་པ་དང་། དེ་བཞིན་མང་ཚོགས་ཚོས་རང་གི་ཉིན་རེའི་བྱ་གཞག་ནང་ནག་རླུངས་ཐོན་སྐྱེད་ཀྱི་དངོས་པོ་དང་ས་འོག་ནས་རྫས་ཤུལ་རིགས་བེད་སྤྱོད་གང་ཉུང་གཏོང་དགོས་གལ་ཡིན་པ་གསུངས་འདུག

༸གོང་ས་མཆོག་གིས་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཁ་སང་ཟླ་ ༤ ཕྱི་ཚེས་ ༡༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་ཟླ་འདིའི་ནང་ཉི་ཧོང་དང་ཨི་ཁུ་ཌོར་ནང་ས་འགུལ་གྱི་གོད་ཆག་རྐྱེན་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་མང་དག་ཞིག་ལ་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་གསོ་བསྩལ་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་གིས་ཨི་ཁུ་ཌོར་སྲིད་འཛིན་ར་ཕིལ་ཁོ་རི་ཡ་མཆོག་དང་ཉི་ཧོང་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་རྣམ་གཉིས་ཀྱི་མཚན་ཐོག་ཏུ་བསྩལ་བའི་གསུང་འཕྲིན་དེའི་ནང་། ས་འགུལ་འཇིགས་པའི་གོད་ཆག་འོག་རྐྱེན་ལམ་དུ་གྱུར་བ་དང་རྨས་སྐྱོན་ཕོག་པ། དེ་བཞིན་སོ་སོའི་རྒྱལ་ཁབ་ནང་ས་འགུལ་འཇིགས་པའི་དབང་གིས་མི་དམངས་ཀྱི་རྒྱུ་ནོར་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པར་ཐུགས་གསོ་བསྩལ་བ་དང་འབྲེལ། ཨི་ཁུ་ཌོར་སྲིད་འཛིན་ར་ཕིལ་ཁོ་རི་ཡ་མཆོག་ལ་བསྩལ་བའི་གསུང་འཕྲིན་ནང་འཁོད་དོན། ༸གང་ཉིད་མཆོག་གིས་བྱུང་བའི་གོད་ཆག་དབང་གིས་རྐྱེན་ལམ་དུ་གྱུར་བ་དང་རྨས་སྐྱོན་ཕོག་པ་རྣམས་ལ་བསྔོ་སྨོན་གསུང་འདོན་དང། ཤུལ་ལུས་ནང་མི་གཙོས་དགའ་ཉེ་སྤུན་མཆེད། དེ་བཞིན་གནོད་འཚེ་ཕོག་རིགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་མཛད་འདུག དེ་མཚུངས་སུ་ཉི་ཧོང་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ལ་བསྩལ་བའི་གསུང་འཕྲིན་ནང་འཁོད་དོན། ༸གོང་ས་མཆོག་གིས་༸གང་ཉིད་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་རྒྱུན་དུ་ཤེས་རབ་སྙིང་པོ་གསུང་འདོན་གནང་གི་ཡོད་སྟབས། ཉི་ཧོང་གི་ནང་པ་ཚོས་དུས་ད་ལྟའང་གསོག་འདོན་གནང་གལ་ཆེ་བ་ཙམ་མ་ཟད། འབྱུང་འགྱུར་ཡང་ཤེས་རབ་སྙིང་པོ་རྒྱ་གང་ཆེ་གསོག་སྒྲུབ་གནང་རྒྱུ་གལ་ཆེན་པོ་རེད་ལ། ལྷག་དོན་ཆེས་གཅེས་པའི་ཚེ་སྲོག་ཤོར་བ་རྣམས་ལ་ཕན་ཐོགས་ཡོད་པ་དང། མ་འོངས་པར་རྐྱེན་ངན་དེ་དག་སྔོན་འགོག་བྱ་བར་ཕན་ཐོགས་ཡོད་པ་རེད་ཅེས་གསུངས་པ་དང་སྦྲགས། ང་ཚོ་འདིར་དྷ་རྨ་ས་ལར་ཀུན་སློང་དེ་འདྲ་ཞིག་གི་ཐོག་ནས་ཤེས་རབ་སྙིང་པོ་འབུམ་གཅིག་གསོག་སྒྲུབ་ཞུ་བཞིན་ཡོད་ཅེས་བཀའ་བསྩལ་འདུག རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་ཨི་ཁུ་ཌར་དང་ཉི་ཧོང་གཉིས་ཀྱི་རྨས་མ་རྣམས་ལ་སྨན་བཅོས་དང་སྐྱོབ་གསོ། དེ་བཞིན་ཉེན་སྐྱོབ་བཅས་ཀྱི་སླད། ཨི་ཁུ་ཌོར་ལ་ཏཱ་ལའི་བླ་མའི་དགེ་རྩ་དང་ཉི་ཧོང་ལ་ཉི་ཧོང་བོད་ཀྱི་དོན་གཅོད་བརྒྱུད་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་རོགས་དངུལ་ཕྲན་བུ་བསྩལ་རྒྱུ་ཡིན་ཅེས་བཀའ་བསྩལ་འདུག  

༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སློབ་ཁག་གི་རྒན་བདག་རྣམས་ལ་བཀའ་སློབ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་གཞོན་སྐྱེས་ཚོར་བོད་ཀྱི་རིག་གཞུང་དེ་དུས་རབས་ཉེར་གཅིག་པ་མ་ཟད། དེ་བཞིན་དུས་རབས་ཉེར་གཉིས་པའི་ནང་དུའང་རྒྱུན་སྐྱོང་བྱ་དགོས་པའི་འགན་ཡོད་སྐོར་བཀའ་བསྩལ་དང་འབྲེལ། ཤེས་ཡོན་གྱི་ལམ་ནས་འཛམ་བུ་གླིང་འདིའི་སྟེང་མི་འབོར་དུང་ཕྱུར་ ༧༠ ཚང་མ་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་སྐྲུན་རྒྱུའི་ནུས་པ་དེ་བོད་པ་ཁོ་ནར་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་ཡང་ཟླ་ ༤ ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག རྒྱ་བལ་གཉིས་ནང་གི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སོགས་དང་འབྲེལ་བའི་ཟབ་སྦྱོང་ལ་བཅར་བའི་བདག་དང་། སྣེ་འཁྲིད་དགེ་རྒན་བཅས་ཁྱོན་མི་གྲངས་ ༦༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་བསྩལ་གནང་དོན། ད་ལྟའི་འཛམ་བུ་གླིང་འདིར་འཕྲུལ་རིགས་ཡར་རྒྱས་དང་ཕྱིའི་དངོས་པོ་ཁོ་ན་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་དབང་གིས་སྤྱི་ཚོགས་ནང་ལ་འཁྲུག་འཛིན་དང་མི་གསད་ཁྲག་སྦྱོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་སྤྱི་ཚོགས་དངོས་ཀྱི་རྣམ་པ་དང་། དེའི་ནང་འཕྲད་བཞིན་པའི་དཀའ་ངལ་དག་ངོ་སྤྲོད་མཛད་པ་མ་ཟད། ༸གང་ཉིད་མཆོག་གིས་དབུ་འཁྲིད་པའི་ལམ་སྟོན་འོག ཕྱོགས་སྒྲིག་ཞུས་པའི་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་སྐོར་གྱི་སློབ་གཞི་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་བཅས་ཀྱི་ཕྱག་དཔེ་རེ་རེ་སློབ་གྲྭ་ཁག་གི་དགེ་སློབ་ཚོར་གནང་ཡོད་པ་རེད། དེ་ལྟར་གནང་དོན་གཙོ་བོ་ནི། མགོན་པོ་༸གང་ཉིད་མཆོག་གིས་ཆོས་དད་ཡོད་མེད་ལ་ལྟོས་མེད་ཤེས་ཡོན་གྱི་ལམ་ནས་འཛམ་བུ་གླིང་འདིའི་སྟེང་མི་འབོར་དུང་ཕྱུར་ ༧༠ ཚང་མ་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་སྐྲུན་རྒྱུའི་ནུས་པ་དེ་བོད་པ་ཁོ་ནར་ཡོད་ཅེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་དེང་སྐབས་འཛམ་བུ་གླིང་འདིའི་སྟེང་ལ་ནང་པའི་སངས་རྒྱས་པའི་ཆོས་ལ་དོ་སྣང་དང་གདེང་འཇོག་ཆེན་པོ་ཐོབ་བཞིན་ཡོད་པ་དང་། དུས་སྐབས་འདིར་རང་དབང་གི་ལུང་པའི་ནང་ཡོད་པའི་བོད་ཕྲུག་སློབ་མ་ཚོས་དུས་ཚོད་ལ་དམ་འཛིན་གྱིས་དེར་དོ་སྣང་དང་སློབ་གཉེར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་པས་མ་འོངས་པར་དེའི་ཐོག་གཏན་གཏན་གོ་སྐབས་ཤིག་ཡོང་ངེས་རེད་ཅེས་བཀའ་བསྩལ་གནང་འདུག ༸གང་ཉིད་མཆོག་གིས་ད་དུང་བཀའ་བསྩལ་གནང་དོན། ད་ལྟའི་དུས་སྐབས་འདིར་རིམ་བཞིན་གདན་ས་ཁག་ཏུ་དེ་སྔ་དཔལ་ན་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ལྟ་བུའི་ཆོས་དད་ཡོད་མེད་དང་། ནང་པ་ཡིན་མིན་ལ་མ་ལྟོས་པར་འཛམ་བུ་གླིང་འདིའི་སྟེང་ཡོད་པའི་སྐྱ་སེར་ཕོ་མོ་ཁྱད་མེད་ཀྱི་སློབ་གཉེར་བྱ་རྒྱུའི་བསྟི་གནས་ཁང་ཞིག་སྐྲུར་རྒྱུར་ཤུགས་སྣོན་བསྐྱོན་དགོས་པའི་བཀའ་སློབ་བཀྲིན་བསྩལ་ཡོད་འདུག གཞན་ཡང་མགོན་པོ་མཆོག་གིས་སློབ་ཕྲུག་དེ་དག་ལ་ཤེས་ཡོན་གྱི་སློབ་གསོའི་ནང་དུ་རིགས་ལམ་སློབ་འཁྲིད་བྱ་གལ་ཆེ་བའི་བླང་དོར་གྱི་བཀའ་བསྩལ་ནན་པོ་གནང་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༢ ནས་དབུ་འཛུགས་ཀྱིས་ ༢༥ བར་བདུན་ཕྲག་གཉིས་རིང་ལྗགས་བསྙེན་བཅད་རྒྱར་བཞུགས་གདན་འཇགས་ཡོད་སྟབས། དུས་ཚོད་དེའི་རིང་མཇལ་ཁའི་མཛད་འཆར་གནང་གི་མེད་ཀྱང་། གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་དང་སྣེ་འཁྲིད་དགེ་རྒན་བཅས་ཁྱོན་མི་གྲངས་ ༦༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད།

༸གོང་ས་མཆོག་གིས་དགུང་གྲངས་ ༡༡༣ བཞུགས་རྒྱུའི་རྟེན་འབྲེལ་བཟང་པོ་ཡོད་ཅེས་བཀའ་སྩལ་བ།

བར་ལམ་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་གཙོས་པའི་ཕྱི་ནང་གི་གནད་དོན་འགའི་རྐྱེན་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་འཁྲུག་གཞིར་འགྱུར་ཡོད་ན་ཡང་། མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་༸སྐུ་ཁམས་གསལ་ཞིང་ད་ལྟ་ནས་མུ་མཐུད་དགུང་གྲངས་ ༡༡༣ བཞུགས་རྒྱུའི་རྟེན་འབྲེལ་བཟང་པོ་ཡོད་ཅེས་བཀའ་སྩལ་མཛད་འདུག དེ་ཡང་ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་དྷ་སར་འཛམ་གླིང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་ནུ་མཆོག་གཙོས། ༸སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་མཆོག་དང་། གདན་ས་གསུམ་དང་རྣམ་རྒྱལ་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད། བཀྲིས་ལྷུན་པོ། རྭ་སྟོད་བཅས་ཀྱི་མཁན་རིན་པོ་ཆེ་རྣམས་དང་མཁན་ཚབ་རྣམ་པ་དང།  རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ལྷན་འཛོམས་ཀྱིས་བར་ལམ་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་གཙོས་པའི་ཕྱི་ནང་གི་གནད་དོན་འགའི་རྐྱེན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་འཁྲུག་པའི་གནས་ཚུལ་དང་འབྲེལ་ནས་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། དེ་རིང་ཟླ་ ༤ ཕྱི་ཚེས་ ༡༦ ཉིན་གྱི་སྔ་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་འཛམ་གླིང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་དང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད། སྐབས་དེར་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་མཆོག་གིས་གསུངས་དོན། ད་ལན་རི་བོ་དགེ་ལྡན་པའི་འགན་ཡོད་རྣམས་ཀྱིས་དམིགས་བསལ་ཛ་དྲག་གི་ཚོགས་འདུ་བསྐོང་ཚོགས་གནང་དོན་གང་ཡིན་བཅས་ངོ་སྤྲོད་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༥ ཉིན་ཚོགས་བཅར་བ་རྣམས་ནས༌༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་འདུའི་ཐོག་ཐག་གཅོད་བྱུང་ཟིན་གྱི་གྲོས་ཆོད་ཁག་སྙན་སེང་ཞུས་པ་དང་སྦྲགས། ༸གོང་ས་མཆོག་ལྷ་དགོངས་དང་པ་དང། བསྟན་པ་དང་འགྲོ་བའི་དོན་གྱི་སླད་དུ་༸སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པར་ཤོག་ཅེས་གསོལ་འདེབས་ཞུས་སྐབས། མགོན་པོ་༸གང་ཉིད་མཆོག་གིས་མུ་མཐུད་དགུང་གྲངས་ ༡༡༣ བཞུགས་རྒྱུའི་རྟེན་འབྲེལ་བཟང་པོ་ཡོད་ཅེས་བཀའ་སྩལ་མཛད་ཡོད་པ་རེད། ད་དུང་ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག་གིས་ཚོགས་འདུའི་ཐོག་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོངས་འཁྲུག་པ་དང་ཐུགས་ཕམ་བྱུང་བ་དེ་དག་སེལ་ཐབས་སུ་རི་བོ་དགེ་ལྡན་པའི་ངོས་ནས་༸མགོན་པོ་མཆོག་གི་དགོངས་བཞེས་གཞིར་བཟུང་གིས་ནུས་པ་འཕར་མ་ཆེད་བཏོན་ཞུ་རྒྱུ་དང་། བཀའ་སྤྱི་གཉིས་ཀྱིས་བོད་གཞི་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གོང་བུའི་སྟོབས་ཤུགས་ཡོང་ཐབས་སུ་འབད་པ་ལྷོད་མེད་ཞུ་རྒྱུ་གཙོས་དོན་གནད་གསུམ་གྱི་ཐོག་ཞུ་སྙན་ཕུལ་ཡོད་པ་རེད།  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱང་གཏན་འཁེལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་ ༥ ཕྱི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ལྔའི་རིང་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་འདུག དེ་ཡང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་གིས་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་༸གང་ཉིད་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་དོན་ལྟར། མགོན་པོ་༸གང་ཉིན་མཆོག་ཟླ་བ་རྗེས་མའི་ཕྱི་ཚེས་ ༨ ཉིན་ཉི་ཧོང་གི་རྒྱལ་ས་ Tokyo དུ་ཞབས་སོར་འཁོད་གནང་གི་འདུག དེ་རྗེས་ཕྱི་ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཉིན་བཞིའི་རིང་ཁུལ་དེའི་ Osaka གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ International Convention Center ཞེས་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོར་ཉི་ཧོང་ས་གནས་མི་དམངས་གཙོས། ཐེ་ཝན། སོག་པོ། སིན་གྷ་པུར་དང་ཀོ་རི་ཡ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀྲིན་བསྩལ་རྒྱུ་དང་དེ་བཞིན་གསུང་ཆོས་ཀྱི་ཉིན་མཐའ་མར་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་མཛད་རྒྱུའི་ཆོས་འབྲེལ་ཡོད་འདུག ༸གོང་ས་མཆོག་གི་གསུང་ཆོས་ཀྱི་མཛད་རིམ་ཁག་དཔའ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་འོག་ཐད་སྲིང་གནང་རྒྱུ་མ་ཟད། ཉི་ཧོང་སྐད་དང་རྒྱ་སྐད། དེ་བཞིན་ཐེ་ཝན་སོགས་སྐད་ཡིག་དྲུག་ཙམ་གྱི་ཐོག་གསུང་ཆོས་གསན་རྒྱུ་ཡོད་པ་རེད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཉི་ཧོང་ནང་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཆིབས་སྒྱུར་མཛད་འདུག་པ་དང། ད་ལན་གྱི་ཆིབས་བསྒྱུར་དེ་ཐེངས་ ༢༢ དེ་ཆགས་ཀྱི་ཡོད་པ་རེད།    

Latest news