Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཁ་སང་ཟླ་ ༤ ཕྱི་ཚེས་ ༡༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་ཕྱི་ཚེས་ ༡༠ རེས་གཟའ་ཉི་མའི་མཐོ་རངས་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ཀོལ་ལམ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་པུ་ཊིང་གྷལ་ལྷ་མོའི་ལྷ་ཁང་ལ་མེ་སྐྱོན་འོག་གནས་མཇལ་བ་མང་པོར་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་གསོ་བསྩལ་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Oommen Chandy མཆོག་གི་མཚན་ཐོག་ཏུ་བསྩལ་ཡོད་པ་དང་། དེའི་ནང་འཁོད་དོན།  སྤྱི་ཁྱབ་བློན་ཆེན་དང་མེའི་འཇིགས་པའི་གོད་ཆག་འོག་རྐྱེན་ལམ་དུ་འགྱུར་བ་དང་རྨས་སྐྱོན་ཕོག་པ། དེ་བཞིན་ཤུལ་ལུས་ནང་མི་གཙོས་དགའ་ཉེ་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག    རྩ་བའི་རྨས་མ་རྣམས་ལ་སྨན་བཅོས་གང་ལེགས་གནང་བཞིན་ཡོད་པ་དང།  ལྷག་དོན་ངལ་བ་ཁྱད་གསོད་ཀྱིས་སྐྱོབ་གསོ་དང་ཉེན་སྐྱོབ་ཀྱི་ལས་གཞི་སྤེལ་མུས་ཡིན་ཀྱང།  མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་རོགས་དངུལ་ཕྲན་བུ་འབུལ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག གནས་ཚུལ་ཐོན་ཁག་གཞིགས་ན། ༸གོང་ས་མཆོ་གིས་ཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཛ་དྲག་ངལ་སེལ་ཐེབས་རྩ་བརྒྱུད་ནས་ཧིན་སྒོར་འབུམ་བཅུ་གསོལ་སྩལ་གནང་རྒྱུ་ཡིན་པ་བཀའ་སྩལ་དང་སྦྲགས།  བློན་ཆེན་མཆོག་དང་། ལྷག་དོན་ད་ལན་གྱི་དོན་རྐྱེན་འོག་གོད་ཆགས་ཕོག་པའི་གནས་མཇལ་བ་རྣམས་ལ་ཐུགས་སྨོན་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༣༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ལྡེ་ར་ལྡུན་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་ཞབས་སོར་བདེ་བར་འཁོད་གནང་མཛད་སོང། གཞི་རྩའི་མགོན་པོ་༸གང་ཉིད་མཆོག་གིས་ཟླ་འདིའི་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བ་ཕྱི་ཚེས་ ༤ ཉིན་བཞུགས་སྒར་ནས་ལྡི་ལིར་ཆིབས་སྒྱུར་མཛད་དེ། ཁ་སང་ཕྱི་ཚེས་ ༡༠ བར་ཉིན་གྲངས་དྲུག་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་རྒྱ་གར་བྱང་ཕྱོགས་གྲོང་ཁྱེར་ལྡེ་ར་ལྡུན་ཁུལ་དུ་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་རེད། དེ་ཡང་ཕྱི་ཚེས་ ༥ ཉིན་ལྡི་ལིར་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་། དེ་བཞིན་ཕྱི་རྒྱལ་གཞུང་ཚབ་པ་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་རྗེས་ཕྱི་ཚེས་ ༦ ཉིན་༸གང་ཉིད་མཆོག་གིས་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་ཝ་ན་འཕྲོད་བསྟེན་བསྟི་གནས་ཁང་དུ་ཆིབས་སྒྱུར་གྱིས་བསྟི་གནས་ཁང་གི་སྡེ་ཚན་ཁག་ལ་གཟིགས་ཞིབ་དང་ཐུགས་སྨོན། དེ་བཞིན་འབྲེལ་ཡོད་མི་སྣ་དང་འགན་འཛིན། ནད་པ་བཅས་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། ཕྱི་ཚེས་ ༧ ཉིན་མགོན་པོ་མཆོག་གིས་ལྡི་ལི་གསར་པའི་ཤེ་རཱ་ཊོན་གསོལ་མགྲོན་ཁང་དུ་རྒྱ་གར་དང་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་དང་ཚན་རིག་པ། སློབ་དཔོན། མཁས་དབང་། བླ་སྤྲུལ་སོགས་ཁྱོན་མི་གྲངས་ ༥༠ ལྷག་ལྷན་ཞུགས་ཀྱིས་གཙུག་ལག་སློབ་གཉེར་ཁང་དང་སློབ་གྲྭའིི་སློབ་ཚན་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ཀྱི་ཚོགས་འདུར་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་རེད། གཞན་ཡང་ཕྱི་ཚེས་ ༨ ཉིན་༸གོང་ས་མཆོ་གིས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རི་གཞུང་ཚབ་ཀྱི་སློབ་གྲྭའི་དགེ་སློབ་ཡོངས་ལ་བྱམས་བརྩེ་དང་གོ་ལ་ཁྱོན་ཡོངས་ཀྱི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་སྩལ་ཡོད་པ་མ་ཟད། ཕྱི་ཚེས་ ༩ ཉིན་རྒྱ་གར་ནང་སྙན་གྲགས་ཆེབའི་ IIT འཕྲུལ་རིག་མཐོ་སློབ་ཁང་དང། Spring Dale སློབ་གྲྭ་གཉིས་ཀྱི་དགེ་ལས་སློབ་གཉེར་བ་དང་ཕ་མ་བཅས་ལ་བླང་དོར་གྱི་བཀའ་སློབ་བསྩལ་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གར་གྱི་ལྡི་ལིར་རྟེན་གཞི་བྱས་པའི་ All India Fine Arts & Crafts འམ་རྒྱ་གར་རྒྱལ་ཡོངས་ཀྱི་སྒྱུ་རྩལ་དང་བཟོ་རིག་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཞེས་པའི་པར་རིས་འགྲེམས་སྟོན་ལ་ཆིབས་སྒྱུར་མཛད་འདུག འགྲེམས་སྟོན་དེ་ཡང་རྒྱ་གར་གྱི་པར་ལེན་གསར་འགོད་པ་གྲགས་ཅན་སྐུ་ཞབས་ Vijay Kranti ལགས་ཀྱིས་ད་བར་མགོན་པོ་༸གང་ཉིད་མཆོག་གིས་མཛད་འཕྲིན་བསྐྱངས་པའི་སྐབས་སུ་སྒྲོན་པའི་༸སྐུ་པར་ཁག་ཆེད་སྒྲིག་ཞུས་པའི་འགྲེམས་སྟོན་ཞིག་ཡིན་པ་རེད།

༸གོང་ས་མཆོག་གིས་ལྡི་ལིར་སྙན་གྲགས་ཆེ་བའི་འཕྲུལ་རིག་མཐོ་སློབ་ཁང་དང་སི་པི་རིང་ཌེལ་སློབ་གྲྭར་བཀའ་སློབ་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མི་རབས་གཞོན་པ་ཚོས་ཤིན་ཏུ་ནས་ཕྱུག་པའི་རྒྱ་གར་རང་གི་རིག་གཞུང་ལ་གནའ་དེང་གི་ཤེས་ཡོན་གཉིས་ཟུང་སྦྲེལ་གྱིས་སློབ་གཉེར་གནང་དགོས་པའི་བཀའ་སྩལ་ཡོད་པ་རེད། དེ་ཡང་ཁ་ཉིན་ཕྱི་ཚེས་ ༩ ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྙན་གྲགས་ཆེབའི་ IIT འཕྲུལ་རིག་མཐོ་སློབ་ཁང་གི་སློབ་ཟུར་ཚོགས་པས་༸གང་ཉིད་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་མཆོག་གིས་མཐོ་སློབ་དེའི་དགེ་ལས་སློབ་གཉེར་བ་དང་སློབ་ཟུར་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་ལ་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། སྐབས་དེར་༸གོང་མཆོག་གིས་བཀའ་སློབ་སྩལ་དོན། རྒྱ་གར་འདི་བཞིན་ཆོས་ཁས་བླངས་མཁན་གྱི་རྒྱལ་ཁབ་གཅིག་ཡིན་ཀྱང། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མང་དག་ཞིག་ཡོང་གི་ཡོད་པ་དེ་ནི་སེམས་སྐྱོ་བའི་གནས་ཚུལ་ཞིག་དང། ལྷག་དོན་༸གང་ཉིད་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་དང་ཟུང་སྦྲེལ་གྱིས་རྒྱ་གར་གྱི་གནའ་རབས་ནས་ཡོད་པའི་བཟང་པོའི་ཀུན་སྤྱོད་ཀྱི་ཡོན་ཏན་དེ་སློབ་ཚན་གྱི་ངོ་བོའི་ཐོག་ནས་སློབ་ཁྲིད་ཡོང་ཐབས་ལ་དགོངས་བཞེས་གནང་སྐོར་ངོ་སྤྲོད་གནང་པ་དང་སྦྲགས། རྒྱ་གར་གྱི་མི་རབས་གཞོན་པ་ཚོས་སོ་སོའི་གནའ་རབས་ཀྱི་རྩ་ཆེན་རིག་གཞུང་དེ་དག་ལ་ཆོ་ག་ཕྱག་ལེན་ཙམ་མིན་པར་ངེས་ཤེས་རྙེད་པའི་ཐོག་དོ་སྣང་རྒྱ་གང་ཆེ་གནང་དགོས་གལ་ཡིན་པའི་བཀའ་སློབ་སྩལ་འདུག དེ་ཡང་ཐོག་མར་རང་ཉིད་ཀྱི་སེམས་བཅོས་ཐབས་དང་རིམ་བཞིན་འཛམ་བུ་གླིང་སྤྱིའི་བདེ་དོན་ལ་སྨན་ཆེད་འབད་བསྒྲུབ་བྱེད་དགོས་ཀྱི་རེད་ཅེས་བླང་དོར་གྱི་བཀའ་སློབ་ཟབ་མོ་བསྩལ་ཡོད་པ་རེད། གཞན་ཡང་དེ་ཉིན་གྱི་སྔ་དྲོར་ Spring Dale སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༦༠ ཐམ་པ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་མགྲོན་གཙོར་དབུ་བཞུགས་ཀྱིས་དགེ་ལས་སློབ་གཉེར་བ་དང་ཕ་མ་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བར་བླང་དོར་གྱི་བཀའ་སློབ་སྩལ་ཡོད་པ་རེད།   ༸གོང་ས་མཆོ་གིས་བཀའ་སློབ་སྩལ་དོན། མགོན་པོ་༸གང་ཉིད་མཆོག་གི་མཛད་འཁུར་གསུམ་པོ་སྟེ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང། ཆོས་ལུགས་མཐུན་འབྲེལ། དེ་བཞིན་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུ་བཅས་ངོ་སྤྲོད་གནང་པ་དང་འབྲེལ། ད་ལྟའི་གནས་སྐབས་སུ་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱལ་ཁབ་རེ་གཉིས་ཡོད་ཀྱང་། མ་འོངས་པར་དེ་དག་དུས་ཀྱི་འགྱུརའགྲོས་དང་བསྟུན་ཏེ་འགྱུར་ངེས་ཡིན་པ་དང་། རྒྱལ་ཁབ་ཀྱི་འཛིན་སྐྱོང་དེ་མི་དམངས་ཀྱི་འདོད་མོས་དང་བསྟུན་དགོས་པ་ལས་གང་ཟག་སྒེར་གཅིག་གི་དབང་བསྒྱུར་འོག་འགྲོ་རྒྱུ་མེད་པ། འཛམ་བུ་གླིང་འདིར་མི་དུང་ཕྱུར་བདུན་ལྷག་ཡོད་པ་དེ་དག་ལ་བདག་དབང་ཡོད་པ་ལྟར། རྒྱ་གར་དེ་ཡང་རྒྱ་གར་གྱི་མི་དམངས་རྣམས་ལ་བདག་དབང་བྱ་རྒྱུའི་དབང་ཆ་ཡོད་པ་རེད་ཅེས་བཀའ་བསྩལ་གནང་པ་མ་ཟད། ལྷག་དོན་ཆོས་ལུགས་ཉམས་བཞེས་གནང་མཁན་ཚོས་དུས་ཚོད་དང་བསྟུན་ཏེ་འགྲོ་ཐུབ་པ་བྱ་རྒྱུ་དེ་ནི་གལ་འགངས་ཆེན་པོ་རེད་ཅེས་བླང་དོར་གྱི་བཀའ་སློབ་མཛད་འདུག གཞི་རྩའི་ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གིས་གཞུང་ཚབ་ཁག་ཅིག་ལ་མཇལ་འཕྲད་གནང་འདུག་པ་དང། ཉིན་རྒྱབ་ཏུ་ཡུན་རིང་ནས་བོད་ཀྱི་བདེ་དོན་སླད་ཁ་ཞལ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་གསར་འགོད་པ་ཝི་ཇེ་ཀིརྣཏི་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་དུ་༸གོང་ས་མཆོག་གི་བཀྲིན་རྗེས་དྲན་མཚོན་ཕྱིར་༸གང་ཉིད་མཆོག་གི་༸སྐུ་པར་འགྲེམས་སྟོན་གནང་ཡུལ་དེར་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

༸གོང་ས་མཆོག་གིས་འགྲོ་བ་མི་ཚང་མར་བདེ་སྐྱིད་དང་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཐོབ་ཐང་གཅིག་མཚུངས་ཡོད་པ་རེད་ཅེས་བཀའ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་བུ་གླིང་འདིའི་སྟེང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མར་བདེ་སྐྱིད་དང་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཐོབ་ཐང་གཅིག་མཚུངས་ཡོད་པ་རེད་ཅེས་བཀའ་སྩལ་ཡོད་པ་རེད། དེ་རིང་ཟླ་ ༤ ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་༸གོང་ས་མཆོ་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རི་གཞུང་ཚབ་ཀྱི་སློབ་གྲྭ་ནས་༸གང་ཉིད་མཆོག་ལ་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་མཆོ་གིས་སློབ་གྲྭ་དེའི་དགེ་ལས་སློབ་གཉེར་བ་རྣམས་ལ་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་བ་སྩལ་གནང་ཡོད་པ་རེད། སྐབས་དེར་༸གོང་མཆོག་གིས་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་བུ་གླིང་འདིའི་སྟེང་དཔལ་འབྱོར་དང་གོ་ལའི་གནམ་གཤིས་འགྱུར་མདོག་སོགས་ཀྱི་འགྱུར་གྲོས་ཀྱི་རྐྱེན་པས་ཚང་མ་གཅིག་གིས་གཅིག་ལ་བརྟེན་ནས་འཚོ་དགོས་པ་ལས་ཁེར་རྐྱང་གིས་འཚོ་ཐབས་མེད་པ་ཡིན་སྟབས། གང་ཟག་སྒེར་པ་གཅིག་གི་མི་ཚེའི་གྲུབ་འབྲས་དེའང་སྤྱི་ཚོགས་ལ་བརྟེན་དགོས་པ་དང།  རང་དོན་ཁོ་ནའི་ཆེད་བདེ་སྐྱིད་བསྒྲུབ་ཐབས་བྱ་རྒྱུའི་བསམ་བློ་དེས་རང་གི་བདེ་སྐྱིད་རང་གིས་མེད་པ་བཟོས་ཀྱི་ཡོད་པ་རེད། དེས་ན་ཚང་མས་རང་ཉིད་ཀྱི་སྤྱི་ཚོགས་འདིའི་ཁྱོན་ཡོངས་ལ་ཕན་བདེ་བསྒྲུབ་རྒྱུ་གནད་ཆེ་ཡིན་པ་བཅས་ཀྱི་བཀའ་སློབ་སྩལ་ཡོད་པ་རེད། ཁྱད་པར་དུ་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་ཚང་མ་ཕྱིའི་ལུས་པོ་དང་ནང་སེམས་པ། དེ་བཞིན་ཚོར་ཤེས་བཅས་གཅིག་མཚུངས་ཤིག་ཡོད་སྟབས། ཚང་མས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཡིན་པ་དང་གོ་ལ་འདིའི་ཐོག་འཚོ་བཞིན་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མར་བདེ་སྐྱིད་དང་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་ཐོབ་ཐང་གཅིག་མཚུངས་ཡོད་པ་རེད་ཅེས་བཀའ་སྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སློབ་གྲྭའི་དེའི་སློབ་མ་ཚོར་འདས་པའི་དུས་རབས་ནང་གི་དྲག་གནོན་དང་དམར་གསོད་ཀྱི་འབྱུང་རྐྱེན་ཁག་ལ་འགྱུར་བ་གཏོང་ཐབས་མེད་ཀྱང་། མ་འོངས་པར་དུས་རབས་དེ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུར་ད་ལྟའི་མི་རབས་གཞོན་པ་ཚོར་འགན་ཡོད་པ་མ་ཟད། མ་འོངས་པའི་འཛམ་གླིང་འདིའི་རེ་བ་ཞིག་ཀྱང་ཆགས་ཀྱི་ཡོད་ལུགས་བཀའ་སྩལ་ནན་པོ་གནང་པ་དང་འབྲེལ། གཞོན་སྐྱེས་ཚོས་རང་བརྒྱུད་ལ་མ་འོངས་པའི་དུས་རབས་འདི་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུར་འཆར་སྣང་དགོས་པའི་སྐུལ་མ་ནན་པོ་མཛད་ཡོད་པ་རེད། ༸གོང་ས་མཆོ་གིས་དགེ་ལས་སློབ་གཉེར་བ་བཅས་ལ་བཀའ་སློབ་བཀྲིན་ཆེ་བ་ལེགས་པར་སྩལ་ཟིན་རྗེས།  སློབ་གྲྭ་དེའི་སློབ་མ་ཁག་ཅིག་གིས་དོགས་འདྲི་ཞུས་པར་༸གང་ཉིད་མཆོག་གིས་ཐུགས་བརྩེ་ཆེན་པོས་བཀའ་ལན་གནང་དོན། ༸གོང་ས་མཆོག་གི་༸སྐུ་ཚེའི་དུས་ཡུན་ནང་ལ་མཛད་དཀའ་དུ་མ་ཞིག་འཕྲད་པའི་ཁྲོད་༸གང་ཉིད་མཆོག་ལ་དྲང་བདེན་གྱི་སྟོབས་ཤུགས་བརྒྱུད་ནས་སློབ་གསོ་ཆེན་པོ་བྱུང་ཡོད་པ་དང་། ལྷག་དོན་དྲང་བདེན་གྱི་སྟོབས་དེ་ནི་མེ་མདའི་སྟོབས་ཤུགས་ལས་ཀྱང་སྟོབས་ཤུགས་ཆེ་བ་ཡོད་ཅེས་བཀའ་སྩལ་གནང་སོང་། མགོན་པོ་མཆོག་གིས་ད་ལྟའི་རྒྱ་ནག་གཞུང་འཛིན་ཐོག་བཀའ་ལན་གནང་དོན།  དེ་སྔའི་རྒྱ་ནག་གཞུང་འཛིན་དང་ད་ལྟའི་རྒྱ་ནག་གཞུང་འཛིན་བར་ལ་འགྱུར་བ་ཕྱིན་ཡོད་པ་དང་།  ད་ལྟའི་ཆར་རྒྱ་ནག་མང་ཚོགས་དང་གཞོན་སྐྱེས་ཤེས་ཡོན་ཅན་ཁྲོད་དོན་དངོས་དང་མཐུན་པའི་བསམ་མཐོང་མཁན་མང་དུ་ཕྱིན་ཡོད་པ་མ་དཟ།  ད་བར་རྒྱ་ནག་ཕྱི་ནང་གཉིས་ནས་རྒྱ་རིགས་ཤེས་ལྡན་མི་སྣ་ ༡༠༠༠ ལྷག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་མཁན་བྱུང་ཡོད་པ་དང་།  དེ་བཞིན་རྒྱ་ནག་རང་གི་ནང་ལ་རྒྱ་རིགས་ནང་པ་ས་ཡ་ ༤༠ ལྷག་ཡོད་པ་བཀའ་སྩལ་དང་འབྲེལ་རྒྱ་ནག་ཁྱོན་ཡོངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་བཀའ་སྩལ་གནང་ཡོད་པ་རེད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཚེས་ ༩ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་ IIT དུ་ཆིབས་སྒྱུར་གྱིས་དགེ་ལས་སློབ་མ་ཚོར་བཀའ་སློབ་བཀྲིན་བསྩལ་གནང་གི་ཡོད་པ་རེད་འདུག རྩ་བའི་༸གོང་ས་མཆོག་ལྡི་ལི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཟླ་འདིའི་ཚེས་ ༡༡ ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཚུར་ཆིབས་ཐོན་མཛད་རྒྱུ་ཡིན་འདུག

༸གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

དེ་རིང་ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཤེ་རཱ་ཊོན་གསོལ་མགྲོན་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས་པའི་རྒྱ་གར་དང་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་དང་ཚན་རིག་པ། སློབ་དཔོན། མཁས་དབང་། བླ་སྤྲུལ་སོགས་ཁྱོན་མི་གྲངས་ ༥༠ ལྷག་ལྷན་ཞུགས་ཀྱིས་གཙུག་ལག་སློབ་གཉེར་ཁང་དང་སློབ་གྲྭའིི་སློབ་ཚན་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ཀྱི་བགྲོ་གླེང་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན་། རྒྱུན་དུ་ནས་སེམས་པ་བཟང་པོ་བྱ་ཚེ་མི་གཞན་ཙམ་མ་ཟད་རང་ཉིད་ཀྱི་འཕྲོད་བསྟེན་དང་སེམས་ལའང་བདེ་སྐྱིད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེ་ཡང་ཚན་རིག་གི་ཐོག་ནས་ཀྱང་ངོས་འཛིན་ཐོབ་ཡོད་པ་རེད་ཅེས་བཀའ་སྩལ་གནང་པ་དང་འབྲེལ། ད་ལྟ་ང་རང་ཚོས་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་གྱི་སྲིད་བྱུས་འདི་ནི་ཕྱིའི་དངོས་པོ་ཡར་རྒྱས་ཡོང་ཐབས་ཙམ་ལས་ནང་སེམས་ཀྱི་བདེ་སྐྱིད་ལ་བསམ་བློ་གཏོང་ནས་བཟོས་པ་ཞིག་མིན་པ་དང། ཁྱད་པར་དུ་འཛམ་བུ་གླིང་འདིའི་ནང་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་སུ་ཡིན་རུང་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་པ་དང་བརྩེ་བའི་རང་བཞིན་ཡིན་སྟབས། ང་ཚོས་རྟག་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ལ་འབད་པ་ཆེན་པོ་གནང་དགོས་གལ་ཡིན་པའི་བཀའ་སྩལ་ཟབ་མོ་མཛད་འདུག འདི་ག་རླུང་འཕྲིན་ཁང་གིས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ལ་དེ་འབྲེལ་བཀའ་འདྲི་ཞུས་སྐབས། ཁོང་གིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ Emory University ནང་དུ་སློབ་ཁང་དེའི་སློབ་ཚན་ནང་ལ་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ཀྱི་བསླབ་གཞིའི་མ་ཟིན་གཅིག་གཏན་འབེབས་གནང་ཡོད་པ་དང་། ད་ལན་གྱི་བགྲོ་གླེང་འདི་ཡང་༸གོང་ས་མཆོག་གིས་དེ་སྔ་རྒྱ་གར་གྱི་ཤེས་ཡོན་ཅན་གྱི་མཁས་དབང་དང་གནད་ཡོད་མི་སྣ་ཁག་ཅིག་ལ་འདི་བཞིན་ཉམས་གསོ་གནང་ཐུབ་ན་ལེགས་པོ་ཡོད་པའི་ལམ་སྟོན་ཕེབས་པ་ལྟར། རྒྱ་གར་རང་གི་སློབ་གྲྭ་ཁག་དང་གཙུག་ལག་སློབ་གཉེར་ཁང་གི་སློབ་ཚན་ནང་དེ་ལྟར་འཇོག་ཐབས་བཅས་ཀྱི་ཆེད་བགྲོ་གླེང་གནང་པ་ཞིག་ཡིན་སྐོར་སོགས་གསུངས་སོང། ད་དུང་ཁོང་གིས་ཁ་ཉིན་ཕྱི་ཚེས་ ༥ ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་ཅིག་དང་དེ་བཞིན་ཕྱི་རྒྱལ་གཞུང་ཚབ་པ་བཅས་ལ་མཇལ་འཕྲད་གནང་ཡོད་པ་རེད། གཞན་ཡང་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སློབ་གྲྭའི་དགེ་ལས་སློབ་གཉེར་བ་རྣམས་དང་། རྒྱ་གར་གྱི་འཕྲུལ་རིག་བསྟི་གནས་སློབ་གཉེར་ཁང་གྲགས་ཅན་ IIT དེ་མཚུངས་ Spring Dale སློབ་གྲྭ་བཅས་ལ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཁག་ཅིག་ཡོད་སྐོར་གསུངས་སོང། རྩ་བའི་༸གོང་ས་མཆོག་ལྡི་ལི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཟླ་འདིའི་ཚེས་ ༡༡ ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཚུར་ཆིབས་ཐོན་མཛད་རྒྱུ་ཡིན་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝ་ན་འཕྲོད་བསྟེན་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་གྲོང་ཁྱེར་ལྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་ཝ་ན་འཕྲོད་བསྟེན་བསྟི་གནས་ཁང་དུ་ཐུགས་སྨོན་གནང་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་གཞན་ཕན་དང་སེམས་པ་བཟང་པོ་བྱ་རྒྱུ་ནི་གང་ཟག་མི་རེ་ངོ་རེར་འགན་ཡོད་ཅེས་བཀའ་སྩལ་འདུག དེ་ཡང། ཝ་ན་འཕྲོད་བསྟེན་བསྟི་གནས་ཁང་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར། དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་མངའ་སྡེའི་གྲོང་ཁྱེར་ལྡེ་ར་ལྡུན་ཁུལ་དུ་ཆིབས་སྒྱུར་མཛད་ཡོད་པ་རེད། སྐབས་དེར་ཐད་ཕུར་གནམ་ཐང་གི་ཕེབས་ལམ་གཡས་གཡོན་དུ་བདེ་སྐྱིད་གླིང་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་བོད་མི་སེར་སྐྱ་མང་ཚོགས་བཅས་ཀྱིས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཁུལ་དེའི་ནང་དུ་ཉིན་ཕྱེད་ཀྱི་མཛད་འཆར་བསྐྱངས་ཡོད་པ་དང། དེ་ཡང་གཙོ་བོ་ལྡེ་ར་ལྡུན་གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་ཝ་ན་འཕྲོད་བསྟེན་བསྟི་གནང་ཁང་དུ་ཆིབས་སྒྱུར་བཀྲིན་བསྐྱངས་པ་དང་འབྲེལ། བསྟི་གནས་ཁང་དེའི་སྡེ་ཚན་ཁག་ལ་གཟིགས་ཞིབ་ཀྱིས་ཐུགས་སྨོན་དང། བསྟི་གནས་ཁང་དེའི་ནང་གི་ནད་པ་དང་འབྲེལ་སྨན་པ་དང་འབྲེལ་བའི་འགན་འཛིན་ཁག་སོ་སོར་མཇལ་འཕྲད་གནང་འདུག་པ་མ་ཟད། ༸གང་ཉིད་མཆོག་གིས་སྐར་མ་ ༤༥ རིང་བཀའ་སློབ་སྩལ་དོན་། དུས་རབས་ཉི་ཤུ་པ་འདིའི་ནང་མི་རབས་ཕན་ཚུན་དབར་འགྲོ་བ་མི་གཅིག་འགྱུར་གི་འདུ་ཤེས་འཛིན་དགོས་པ་དང། ཁྱད་པར་དུ་༸གང་ཉིད་མཆོག་གིས་གཞན་ཕན་དང་སེམས་པ་བཟང་པོ་བྱ་རྒྱུ་ནི་གང་ཟག་མི་རེ་ངོ་རེར་འགན་ཡོད་ཅེས་བཀའ་སྩལ་འདུག གཞི་རྩའི་ད་ལན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གསོལ་འདེབས་ཞུ་མཁན་ཝ་ན་འཕྲོད་བསྟེན་བསྟི་གནས་ཁང་དེ་ནི། སྐུ་ཞབས་ཨ་ནིལ་སིངྒ་ལགས་ཀྱིས་ཆེད་བཙུགས་གནང་པ་ཞིག་ཡིན་པ་དང། དེའི་ནང་ལ་རྒྱ་གར་གྱི་ཚེའི་རིག་བྱེད་ Ayurveda དང་བོད་ཀྱི་གསོ་བ་རིག་པ། རྒྱ་ནག་གི་སྨན་གཞུང་།  ལུས་སྦྱོང། ཕྱི་ལུགས་འཇམ་དཔྱད་བཅས་གནའ་དེང་ཟུང་སྦྲེལ་གིས་སྨན་བཅོས་བཅས་ཀྱི་སྡེ་ཁག་འདྲ་མིན་བདུན་ཡོད་པའི་བསྟི་གནས་ཁང་ཆེ་གྲས་ཤིག་ཡིན་པ་དང། བསྟི་གནས་ཁང་དེས་གནའ་དེང་གཉིས་ཀྱི་སྨན་བཅོས་གནང་ལུགས་མི་འདྲ་བའི་བརྒྱུད་ནས་མང་ཚོགས་ལ་ལུས་སེམས་ཀྱི་བདེ་ཐང་སོགས་ཀྱི་ཞབས་ཞུ་ཕུལ་གྱི་ཡོད་པ་རེད། རྩ་བའི་༸གང་ཉིད་མཆོག་གིས་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་ཝ་ན་འཕྲོད་བསྟེན་བསྟི་གནས་ཁང་དུ་ ཐུགས་སྨོན་དང་བཀའ་སློབ་བཀྲིན་སྩལ་རྒྱུ་བཅས་ཀྱི་མཛད་འཆར་ལེགས་གྲུབ་རྗེས། སླར་ཡང་ལྡི་ལི་ཁུལ་དུ་ཆིབས་སྒྱུར་གྱིས་སང་ཕྱི་ཚེས་ ༧ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༠ བར་ཉིན་གྲངས་ལྔའི་རིང་ལྡི་ལི་ནང་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་འཕྲུལ་རིག་བསྟི་གནས་ཁང་གྲགས་ཅན་ IIT དང་ཁུལ་དེའི་ནང་གི་ཨ་རིའི་གཞུང་ཚབ་ཀྱི་སློབ་གྲྭ དེ་བཞིན་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ཏུ་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུ་གཙོས་པའི་ཤེས་ཡོན་ཅན་མི་སྣ་དང་ཚན་རིག་པ་སོགས་དང་ལྷན་མཇལ་གྱིས་བྱམས་བརྩེ་དང་གོ་ལའི་ཁྱོན་ཡོངས་ཀྱི་འགན་འཁུར།  ཞི་བདེ་དང་བཟང་སྤྱོད། དེ་བཞིན་བདེ་སྐྱིད་བཅས་ཀྱི་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་བཀྲིན་བསྩལ་རྒྱུ་མ་ཟད། ལྷག་དོན་སློབ་གྲྭའིི་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་སློབ་ཚན་གཏན་འབེབས་གནང་ཕྱོགས་སོགས་ཀྱི་མཛད་རིམ་ཁག་ཅིག་དང།  ལྷག་དོན་རྒྱ་གར་གཞུང་གི་ལས་བྱེད་དང་གཞུང་ཚབ་མི་སྣ་བཅས་ལ་དམིགས་བསལ་གྱི་མཇལ་ཁ་གནང་རྒྱུའི་མཛད་འཆར་བཅས་ལེགས་པར་གྲུབ་རྗེས་ཟླ་འདིའི་ཚེས་ ༡༡ ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཚུར་ཆིབས་ཐོན་མཛད་རྒྱུ་ཡིན་འདུག  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཉིན་དགུང་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་ཆིབ་བསྒྱུར་མཛད་གནང་སོང་། དེ་རིང་ཟླ་ ༤ ཚེས་ ༤ ཉིན་དགུང་ཚོུད་ ༡༢།༣༠ ཙམ་ལ་མགོན་པོ་༸གང་ཉིད་མཆོག་དང་སྟོན་འཁོར་ལྷན་རྒྱས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་གྷ་གལ་གནམ་ཐང་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་མཛད་ཡོད་པ་དང་། སང་ཕྱི་ཚེས་ ༥ ཉིན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་དང་། དེ་རྗེས་ཕྱི་ཚེས་ ༦ ཉིན་༸གང་ཉིད་མཆོག་གིས་རྒྱ་གར་བྱང་ཕྱོགས་དེ་ར་དྷུན་དུ་རྟེན་གཞི་བྱས་པའི་ཝ་ན་འཕྲོད་བསྟེན་བསྟི་གནས་ཁང་གསར་བཞེངས་ལེགས་གྲུབ་བྱུང་བར་རབ་གནས་མཛད་རྒྱུ་དང་།  དེ་རྗེས་སླར་ལྡི་ལི་ཁུལ་དུ་ཕེབས་ཐོན་མཛད་ཀྱི་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་གི་ཐེངས་འདིའི་མཛད་འཆར་གཙོ་བོ་ནི་ལྡི་ལི་ནང་བསྐྱང་གཏན་འཁེལ་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༠ བར་ཉིན་གྲངས་ལྔའི་རིང་ལྡི་ལི་ནང་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་འཕྲུལ་རིག་བསྟི་གནས་ཁང་གྲགས་ཅན་ IIT དང་ཁུལ་དེའི་ནང་གི་ཨ་རིའི་གཞུང་ཚབ་ཀྱི་སློབ་གྲྭ དེ་བཞིན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུ་གཙོས་པའི་ཤེས་ཡོན་ཅན་མི་སྣ་ཁག་ཅིག་དང་ལྷན་མཇལ་གྱིས་བཟང་སྤྱོད་གོང་སྤེལ་གཏོང་ཐབས། དེ་བཞིན་སློབ་གྲྭའི་ནང་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ཀྱི་སློབ་ཚན་གཏན་འབེབས་གནང་ཕྱོགས་སོགས་ཀྱི་མཛད་རིམ་ཁག་ཅིག  ལྷག་དོན་རྒྱ་གར་གཞུང་གི་ལས་བྱེད་དང་གཞུང་ཚབ་མི་སྣ་བཅས་ལ་དམིགས་བསལ་གྱི་མཇལ་ཁ་གནང་རྒྱུའི་མཛད་འཆར་བཅས་ལེགས་པར་གྲུབ་རྗེས་ཟླ་འདིའི་ཚེས་ ༡༡ ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཚུར་ཆིབས་ཐོན་མཛད་རྒྱུ་ཡིན་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ཟླ་འདིའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་དེ་ར་དྷུན། དེ་བཞིན་ཕྱི་ཚེས་ ༡༣ ཉིན་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Skoll Foundation and the Skoll Centre for Social Entrepreneurship ཞེས་པའི་ཚོགས་པའི་གོ་སྒྲིག ཁུལ་དེའི་ Oxford གཙུག་ལག་སློབ་གཉེར་ཁང་དུ་ Skoll འཛམ་གླིང་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཚོགས་དགོན་དུ་ཆིབས་བསྒྱུར་མཛད་རྒྱུ་དང་།  ཚེས་ ༡༥ ཉིན་མགོན་པ་༸གང་ཉིད་མཆོག་ Dalai Lama Centre for Compassion དང་།  དབྱིན་ཡུག་གྱི་རྒྱལ་ས་ London ནང་དུ་རྟེན་གཞི་བྱས་པའི་ Barbican Centre བཅས་ལ་བྱམས་བརྩེ་ལག་བསྟར་གནང་ཕྱོགས་སོགས་དམིགས་བསལ་གྱི་བཀའ་སློབ་བཀྲིན་བསྩལ་རྒྱུའི་མཛད་འཆར་ཁག་ཅིག་བཀོད་སྒྲིག་གནང་འདུག་ཀྱང། ༸གང་ཉིད་མཆོག་ལ་སྨན་པས་༸སྐུའི་འཕྲོད་བཞེས་སླད་སྐུ་ངལ་གསོ་བཞུགས་མཛད་དགོས་པའི་ལམ་སྟོན་ཕུལ་བ་ལྟར་ཁུལ་དེའི་མཛད་འཆར་ཁག་ཕྱིར་འཐེན་གནང་དགོས་བྱུང་འདུག  

༸གོང་ས་མཆོག་གི་དབྱིན་ཡུལ་ནང་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་འདུག

དེ་ཡང། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Skoll Foundation and the Skoll Centre for Social Entrepreneurship ཞེས་པའི་ཚོགས་པའི་གོ་སྒྲིག ཁུལ་དེའི་ Oxford གཙུག་ལག་སློབ་གཉེར་ཁང་དུ་ Skoll འཛམ་གླིང་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང། གླེང་སྟེགས་དེ་བཞིན། རྒྱལ་སྤྱིའི་ནང་ཚོང་ལས་རིག་གསར་གྱི་མཁས་པ་དང་མང་ཚོགས་ལ་སེམས་འགུལ་བྱིན་ཐུབ་མཁན་གྱི་མཁས་ལས་མི་སྣ་ཁག་ཅིག་གདན་ཞུས་ཕུལ་ནས་འཛམ་གླིང་ནང་གི་ཆེས་ཛ་དྲག་དང་ཡང་ང་བའི་དཀའ་ངལ་ཁག་སེལ་ཐབས་སྐོར་གོ་བསྡུར་སྦྱང་བཤད་སོགས་གནང་གི་ཡོད་པ་རེད། འདི་ལོའི་ལྷན་ཚོགས་དེ་བཞིན་ཟླ་བ་རྗེས་མའི་ཚེས་ ༡༣ ཉིན་ཚོགས་གཏན་འཁེལ་འདུག་པ་དང་སྐབས་དེར་ཚོང་ལས་མཁས་པ་དང་སྒྱུ་སྩལ་བ། ཉམས་ཞིབ་པ་དང་གསར་འགོད་པ་སོགས་འཛམ་གླིང་རྒྱལ་ཁབ་ཁག་མི་འདྲབ་ ༦༠ ལྷག་གི་ཤེས་ལྡན་མི་སྣ་ལྷན་འཛོམས་བྱུང་གི་འདུག ཁྱད་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་ཚོགས་དགོན་དུ་ཆིབས་བསྒྱུར་མཛད་རྒྱུ་དང། ཚེས་ ༡༥ ཉིན་མགོན་པ་༸གང་ཉིད་མཆོག་ Dalai Lama Centre for Compassion དང།  དབྱིན་ཡུག་གྱི་རྒྱལ་ས་ London ནང་དུ་རྟེན་གཞི་བྱས་པའི་ Barbican Centre བཅས་ལ་བྱམས་བརྩེ་ལག་བསྟར་གནང་ཕྱོགས་སོགས་དམིགས་བསལ་གྱི་བཀའ་སློབ་བཀྲིན་བསྩལ་རྒྱུའི་མཛད་འཆར་ཁག་ཅིག་བཀོད་སྒྲིག་གནང་འདུག་ཀྱང། ༸གང་ཉིད་མཆོག་ལ་སྨན་པས་༸སྐུའི་འཕྲོད་བཞེས་སླད་སྐུ་ངལ་གསོ་བཞུགས་མཛད་དགོས་པའི་ལམ་སྟོན་ཕུལ་བ་ལྟར་ཁུལ་དེའི་མཛད་འཆར་ཁག་ཕྱིར་འཐེན་གནང་འདུག

༸གོང་ས་མཆོག་ནས་༢༠༡༦ལོའི་Skollའཛམ་གླིང་གླེང་སྟེགས་ཐོག་དབུ་བཞུགས་མཛད་རྒྱུ་རེད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་Skollཞེས་པའི་མཁས་པའི་གླེང་སྟེགས་ཤིག་ཏུ་དབུ་བཞུགས་མཛད་རྒྱུ་རེད་འདུག དེ་ཡང། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Skoll Foundation and the Skoll Centre for Social Entrepreneurshipཞེས་པའི་ཚོགས་པའི་གོ་སྒྲིག ཁུལ་དེའི་ Oxford གཙུག་ལག་སློབ་གཉེར་ཁང་དུ་Skoll འཛམ་གླིང་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང། གླེང་སྟེགས་དེ་བཞིན། རྒྱལ་སྤྱིའི་ནང་ཚོང་ལས་རིག་གསར་གྱི་མཁས་པ་དང་མང་ཚོགས་ལ་སེམས་འགུལ་བྱིན་ཐུབ་མཁན་གྱི་མཁས་ལས་མི་སྣ་ཁག་ཅིག་གདན་ཞུས་ཕུལ་ནས་འཛམ་གླིང་ནང་གི་ཆེས་ཛ་དྲག་དང་ཡང་ང་བའི་དཀའ་ངལ་ཁག་སེལ་ཐབས་སྐོར་གོ་བསྡུར་སྦྱང་བཤད་སོགས་གནང་གི་ཡོད་པ་རེད། འདི་ལོའི་ལྷན་ཚོགས་དེ་བཞིན་ཟླ་བ་རྗེས་མའི་ཚེས་༡༣ཉིན་ཚོགས་གཏན་འཁེལ་འདུག་པ་དང་སྐབས་དེར་ཚོང་ལས་མཁས་པ་དང་སྒྱུ་སྩལ་བ། ཉམས་ཞིབ་པ་དང་གསར་འགོད་པ་སོགས་འཛམ་གླིང་རྒྱལ་ཁབ་ཁག་མི་འདྲབ་༦༠ལྷག་གི་ཤེས་ལྡན་མི་སྣ་ལྷན་འཛོམས་བྱུང་གི་འདུག ཁྱད་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་ཚོགས་དགོན་དུ་ཆིབས་སྒྱུར་མཛད་དེ་བླང་དོར་བཀའ་སློབ་བཀྲིན་བསྩལ་གཏན་འཁེལ་ཡོད་པ་རེད་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་༤པའི་ནང་དབྱིན་ཡུལ་ནང་དུ་ཆིབས་སྒྱུར་མཛད་འཆར་ཐུགས་གཏན་འཁེལ་བའི་ཁྲོད་གཞན་ཡང་ཚེས་༡༥ཉིན་མགོན་པ་༸གང་ཉིད་མཆོག་གིས་ཁུཀ་དེར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་བྱམས་བརྩེ་ལྟེ་གནས་ཁང་དུ་ཆིབས་སྒ དེ་བཞིན་ཕྱི་ཚེས་༡༦ཉིན་རྒྱལ་ས་London ནང་རྟེན་གཞི་བྱས་Barbicanལྟེ་གནས་ཁང་དུ། བྱམས་བརྩེ་ལགས་བསྟར་གནང་ཕྱོགས་དང་འབྲེལ་བའི་ཐོག་བཀའ་སློབ་བཀྲིན་སྩལ་གནང་གི་འདུག

Latest news