Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ནང་ཆོས་ངོ་སྤྲོད་འཛིན་གྲྭར་ཞུགས་འདོད་ཡོད་པ་ཚོར་ཉེར་མཁོ་མཐུན་རྐྱེན་སྦྱོར་རྒྱུ་ཡིན།

ཁ་སང་ཟླ་ ༡༡ ཚེས་ ༢༩ ཉིན་རྒྱབ་ཚོུད་ ༢ ཐོག་དྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་གྲགས་པ་ལགས། དགེ་ཤེས་བློ་བཟང་ཟླ་བ་ལགས་བཅས་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་ལོ་རྗེས་མ་ནས་བཟུང་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་དེ་རྒྱ་སྐྱེད་གནང་རྒྱུ་ཡིན་པར་གསལ་བསྒྲགས་གནང་སོང་། སྐབས་དེར་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ནང་ཆོས་ངོ་སྤྲོད་འཛིན་གྲྭར་ཞུགས་རྒྱུ་དེ་རིས་མེད་ཀྱི་སེར་སྐྱ་ཕོ་མོ་ཡོངས་ལ་གོ་སྐབས་གཅིག་མཚུངས་ཡོད་པ་དེ་ལྟར་ཡང་། ལོ་རྗེས་མ་ནས་བཟུང་ཕྱོགས་མཐའ་ཁག་ནས་འཛིན་གྲྭར་ཞུགས་འདོད་ཡོད་པ་གང་ཞིག་ལ་སྡོད་གནས་སོགས་ཀྱི་དཀའ་ངལ་ཡོད་པ་ཚོར་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་བཞུགས་ཤག་སོགས་ཉེར་མཁོ་མཐུན་རྐྱེན་རྣམས་སྦྱོར་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་ཡོད།དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་པའི་དཔེ་ཁྲིད་ཀྱི་དགེ་རྒན་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་སྤྱི་ཡོངས་ཀྱི་ནང་ཆོས་ངོ་སྤྲོད་ཚོགས་པའི་ལས་སྡོམ་དང་འབྲེལ་གསུང་བཤད་གནང་བ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸གང་ཉིད་མཆོག་༸སྐུ་ཁམས་བདེ་བོ་མེད་པའི་སྐབས་སུའང་ནང་ཆོས་ངོ་སྤྲོད་དེ་བློས་གཏོང་གི་མིན་ཞེས་བཀའ་ཕེབས་པ་གཞིར་བཟུང་གིས་འདས་བའི་མི་ལོ་ ༡༣ རིང་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་གོ་སྐབས་ནམ་བྱུང་ལ་འབད་བརྩོན་གནང་ཡོད་པ་དང།  ད་དུང་ཕྱི་ལོ་ ༢༠༡༩ ནས་བཟུང་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་དེ་དྷ་ས་ཙམ་མ་ཡིན་པར་སྤྱི་ཡོངས་ནས་ལས་གཞི་རྒྱ་ཆེར་སྤེལ་རྒྱུ་ཡིན་སྟབས། མང་ཚོགས་ནས་དེའི་ཐོག་མཉམ་ཞུགས་དང་ཕན་ཚུན་ལེགས་སྦྱང་སྤེལ་རས་གནང་དགོས་པའི་ཞུ་སྐུལ་གནང་སོང། གསར་འགོད་ལྷན་ཚོགས་ཐོག་ངྷ་སར་ནང་ཆོས་སློབ་གཉེར་གནང་མཁན་གྱི་སེར་སྐྱ་ཕོ་མོ་བརྒྱ་སྐོར་ཞིག་འཛོམས་ཡོད་པ་དང་། གོ་སྒྲིག་ཚོགས་ཚོགས་ཆུང་ནས་རྒྱུན་ལྡན་གྱི་ནང་ཆོས་འཛིན་གྲྭ་ངྷ་སར་གཏན་ཁེལ་བྱས་ཡོད་ནའང་། བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས་སོགས་སུ་ཆེད་བསྐྱོད་ཀྱིས་དེ་མཚུངས་ལས་རིམ་བསྒྲིགས་ཡོད་པར་ངོ་སྤྲོད་གནང་ཡོད།  རྩ་བའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཐོག་མར་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་དྷ་ས་ཁུལ་གྱི་རིས་སུ་མ་ཆད་པའི་མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་དང། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ཚོགས་ཆུང་དེའི་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ལྟར་དྷ་སྟེང་བོད་ཁྱིམ་དང་ཕྱིས་སུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་མཛད་ཀྱི་ཡོད་པ་མ་ཟད། ཡོངས་གླིང་སློབ་གྲྭ་དང་གངས་ཅན་སྐྱིད་གཤོངས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སོགས་སུའང་དུས་རྒྱུན་ནས་ས་གནས་ཀྱི་སེར་སྐྱ་ཕོ་མོ་ཡོངས་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་སྤེལ་བཞིན་པ་རེད།

༸གོང་ས་མཆོག་ནས་ Better We Better World ཞེས་ཞི་བདེ་དང་ཁོར་ཡུག་ལས་འགུལ་ཚོགས་པའི་ཚོགས་མི་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་བ།

དེ་རིང་ཟླ་ ༡༡ ཚེས་ ༢༩ ཉིན་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱིའི་ཁོར་སྲུང་སྐྱོབ་དང་རྒྱལ་སྤྱིའི་ཐོག་ཞི་བདེ་སྐྲུན་ཐབས་ཐད་ཕྱག་ལས་གནང་མཁན་གྱི་ཚོགས་པ་ Better We Better World ཡི་ཚོགས་མི་ ༥༠ ཙམ་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་འདུག སྐབས་དེར་ཚོགས་པ་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པའི་ལས་དོན་གནང་སྒོ་ཁག་སྙན་གསེང་ཞུས་ཡོད་པ་དང་། རྒྱུན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་རྗེ་བསྐྱར་གསོ་གནང་དགོས་གལ་ཐོག་བཀའ་སློབ་ཕེབས་དོན་བཞིན་བཀའ་སློབ་བསྩལ་བ་རྣམས་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ཞིག་མགོན་པོ་༸གང་ཉིད་མཆོག་ལ་ཕུལ་ཡོད་པ་མ་ཟད། དེབ་དེའི་ནང་བཀོད་པའི་བཀའ་སློབ་དེ་དག་ལག་བསྟར་གནང་ཕྱོགས་སོགས་ཀྱི་ཐད་ལམ་སྟོན་ཞུས་འདུགགཞི་རྩའི་ Better We Better World ཞེས་པའི་ཚོགས་པ་དེའི་ཚོགས་མི་རྣམས་ཆེད་མངགས་ཡུ་རོབ་རྒྱལ་ཁབ་ཕ་རན་སི་ནས་བཞུགས་སྒར་དྷ་རྨ་ས་ལར་ཕེབས་ཏེ་ཚེས་ ༢༤ ཉིན་ནས་དབུ་འཛུགས་ཀྱིས་སང་རེས་གཟའ་པ་སངས་བར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཆོས་ནོར་གསོལ་མགྲོན་ཁང་དུ་བཀའ་ཁྲི་ཟུར་པ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཚད་མེད་བཞིའི་ཐོག་ཟབ་ཁྲིད་དང་བགྲོ་གླེང་གནང་བཞིན་ཡོད་པ་རེད། དེ་རིང་ཚོགས་པ་དེའི་ཚོགས་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཞུའི་སྐབས་ལྷན་བཅར་ཡོད་པའི་བཀའ་ཁྲི་ཟུར་པ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་དོན་དང་ཚོགས་པ་དེའི་དགོས་དམིགས་གང་ཡིན་སོགས་ངོ་སྤྲོད་གནང་སོང་། དེ་རིང་མཇལ་ཁ་གྲུབ་མཚམས་སུ་ཚོགས་པ་དེའི་ལས་འཆར་འགན་འཛིན་སྐུ་ཞབས་ Khoa  Nguyen ལགས་སུ་བཞུགས་སྒར་དུ་ཕེབས་དོན་ཇི་ཡིན་དང་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་པར་ང་ཚོ་ཕ་རན་སི་ནས་ཡོང་བའི་ཚོགས་པ་འདིའི་ཚོགས་མིའི་ཁོངས་སུ་བཅོས་སྒྱུར་བཏང་ཐུབ་མཁན་དང་། འཕྲུལ་རིགས་ཆེད་ལས་པ་སོགས་མང་པོ་ཡོད། ང་ཚོ་ད་རེས་འདིར་ཡོང་དོན་གཙོ་བོ་ནི་ང་ཚོས་མ་འོངས་ཕྱི་ལོ་ ༢༠༢༠ ཐམ་པའི་ལོར་རྒྱ་གར་ནང་ད་བར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་། ཚན་རིག་མཁས་པ། དེ་བཞིན་བསམ་བློ་བ་ཁག་གཅིག་གདན་ཞུ་གནང་སྟེ་ཞི་བདེ་དང་འགན་ཁུར་ཞེས་པའི་ཐོག་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུའི་སྟ་གོན་སླད་ཡོང་བ་ཡིན་ཞེས་གསུངས་སོང་།ད་དུང་ཁོང་གིས་གོ་སྒྲིག་དེ་ལྟར་གནང་འཆར་ཡོད་པའི་ཞི་བདེ་དང་འགན་ཁུར་ཞེས་པའི་ལྷན་ཚོགས་དེའི་ཆེད་དུ་ད་བར་ལོ་ངོ་ཉི་ཤུག་ལྷག་འབད་བརྩོན་གནང་སྐོར་གསུངས་ཡོད། ཐེངས་འདིའི་༸གོང་ས་མཆོག་གི་མཇལ་ཁ་དང་འབྲེལ་མཇལ་ཁ་འདི་གཞན་དང་མི་འདྲ་བར་དམིགས་བསལ་ཅན་ཞིག་བྱུང་། ༸གོང་ས་མཆོག་ནི་ངའི་དགེ་རྒན་ཡག་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་བག་ཡངས་པའི་དགོངས་བཞེས་དག་ལ་ཧང་སང་དགོས་པའི་ཆེས་དཔོག་དཀའ་བའི་ཁྱད་ཆོས་ཤིག་འདུག མགོན་པོ་མཆོག་ནས་གནད་དོན་མང་པོའི་ཐོག་སྐུ་རྩེད་དང་འབྲེལ་ནས་བཀའ་སློབ་མང་པོ་གནང་སོང་། ད་རེས་ཀྱི་མཇལ་ཁ་འདི་ཤིན་ཏུ་ནས་ཡག་པོ་བྱུང་སོང་། ང་ཚོ་ཚང་མ་ཕྱིར་ལོག་སྐབས་མུ་མཐུད་ནས་མཉམ་རུབ་ཐོག་ཕྱག་ལས་གནང་དགོས་པའི་སྤྲོ་སེམས་དང་སེམས་འགུལ་ཆེན་པོ་ཐེབས་སོང་།གཞན་ཡང་དེ་རིང་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་པ་དེའི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་མ་བསྩལ་བའི་གོང་དུ་ཕྱི་ནང་གི་དད་ལྡན་མང་དག་ཅིག་ལ་མཇལ་ཁ་གནང་ཡོད་པ་དང་། དེའི་ཁོངས་སུ་ Australia དང་། New Zealand ཁུལ་གྱི་ནང་པའི་ཆོས་ཚོགས་ནས་ཕེབས་པའི་མི་མང་ ༤༠ ལྷག་ལ་མཇལ་ཁ་བསྩལ་ཡོད་པ་དང་སྐབས་དེར་༸གང་ཉིད་མཆོག་གིས་ཆོས་ལུགས་ཚང་མ་བྱམས་བརྩེ་ཉམས་ལེན་གནང་མཁན་གཅིག་གྱུར་ཡིན་པ་དང་། དུས་རྒྱུན་དུ་ང་ཚོས་ཕྱི་གཟུགས་པོའི་འཕྲོད་བསྟེན་ལ་དོན་སྣང་བྱེད་མུས་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ཐོག་དེ་མཚུངས་དོ་སྣང་བྱེད་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་འདུག  

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་བྱང་ཨ་རི་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་གནང་བཞིན་པ།

བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་རྣམ་པ་ས་གནས་འཆར་འགོད་ཐོག་བྱང་ཨ་རི་དང་། ཨོ་སི་ཊོ་ལི་ཡ། དེ་བཞིན་ཐེ་ཝན་སོགས་ཀྱི་ནང་གཏམ་བཤད་སྐོར་སྐྱོད་གནང་བཞིན་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས་གཉིས་ནས་ཟླ་ ༡༡ ཚེས་ ༤ ཉིན་ཨ་རིའི་ Minnesota མངའ་སྡེ་ནས་འགོ་འཛུགས་ཀྱིས་ད་བར་ཨ་རིའི་ Wisconsin དང་ San Francisco དེ་བཞིན་ Portland བཅས་སུ་སྐོར་སྐྱོད་དང་སྦྲགས། ས་གནས་བོད་རིགས་མང་ཚོགས་རྣམས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་། བཙན་བོད་མིའི་འགན་ཁུར། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ངོ་སྤྲོད་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་འདུག་པ་མ་ཟད། རིམ་བཞིན་ཨ་རིའི་ Seattle དང་ Utah དེ་བཞིན་ New York དང་རྒྱལ་ས་ Washington DC ཁེ་ན་ཌ་གྲོང་ཁྱེར་ Toronto བཅས་སུ་གཏམ་བཤད་སྐོར་བསྐྱོད་གནང་གི་ཡོད་པ་རེད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་དང་ལས་འཆར་དྲུང་ཆེ་སྤེན་པ་ཚེ་རིང་ལགས་གཉིས་ཟླ་ ༡༡ ཚེས་ ༡༥ ནས་འགོ་འཛུགས་ཀྱིས་ Australia གྲོང་ཁྱེར་Sydney དང་ Melbourn Queens Land དེ་བཞིན་ Bule Mountains བཅས་སུ་གཏམ་བཤད་སྐོར་བསྐྱོད་གནང་བ་མ་ཟད་་ལྟའི་ཆར་ལ་ཐེ་ཝན་ནང་འབྱོར་ཡོད་པ་རེད། ཐེངས་འདིའི་སྐོར་བསྐྱོད་ཁྲོད་དབུས་རྒྱུན་རྣམས་ནས་ས་གནས་ས་ཐོག་ཀྱི་བོད་མི་སྤྱི་དང་། ལྷག་པར་དུ་བོད་པའི་གཞོན་སྐྱེས་རྣམས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་། བཙན་བོད་མིའི་འགན་ཁུར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་སྐོར་སོགས་ངོ་སྤྲོད་གནང་རྒྱུ་ཙམ་མ་ཟད། འབྱུང་འགྱུར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་སྤྱི་དང་ལྷག་དོན་ཕྱི་ལོ་ ༢༠༢༠ ཐམ་པའི་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་དང་འབྲེལ་བའི་དཔལ་འབྱོར་བསྡུ་རུབ་སོགས་གནང་གི་འདུག གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དེ་སྔ་ནས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་བོད་དོན་སྐོར་བསྐྱོད་དང་ཞུ་གཏུགས་སོགས་སླད་ཕེབས་མུས་ཡིན་པ་དེ་ལྟར་ཡང་། ད་རེས་ Australia ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཕེབས་པ་ཆེས་ཐོག་མ་ཆགས་ཡོད་པ་རེད།

བོད་མི་ཞིག་ནས་ཨོ་སི་ཊོ་ལི་ཡའི་ནང་ཨ་མ་ལགས་ཞེས་པའི་ཞབས་ཞུ་ཁང་ཆེད་འཛུགས།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་གནས་སྡོད་བོད་མི་ན་གཞོན་གཞན་ཕན་ལགས་ཀྱིས་ཁུལ་དེའི་ལོ་ན་བགྲེས་པ་རྣམས་ལ་ལྟ་རྟོག་ཞུ་སླད་ Home-care service Amala འམ་ཨ་མ་ལགས་ཞེས་པའི་ཞབས་ཞུ་ཁང་ཞིག་ཆེད་འཛུགས་གནང་འདུག ཉེ་ཆར་ཕྱི་ཚེས་ ༢༥ ཉིན་ Canberra times གསར་ཁང་གིས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  གཞན་ཕན་ལགས་ཀྱིས་ཁོང་ནས་དེ་སྔ་སྤྱི་ཚོགས་དྲ་ལམ་ཐོག་རྒས་གསོ་ཁང་གཅིག་གི་ནང་ལས་མི་རྣམས་ཀྱིས་རྒན་ཁོགས་རྣམས་ལ་གདུག་རྩུབ་དང་མི་རུང་བའི་བྱ་སྤྱོད་བྱས་པ་མང་དག་ཞིག་མཐོང་སྟབས། རང་ཉིད་ནས་དེ་འབྲེལ་དཀའ་ངལ་མི་ཡོང་བར་འབད་དགོས་པའི་དགོངས་པ་འཁོར་དོན་ལྟར་ཨ་མ་ལགས་ཞེས་པའི་ཞབས་ཞུ་ཁང་དེ་ཆེད་འཛུགས་གནང་རྒྱུར་སེམས་འགུལ་ཐེབས་སྐོར་གསུངས་འདུག ཁོང་གིས་དྲ་ལམ་ཐོག་ཡིད་སྐྱོའི་གནད་དོན་ཁག་གཅིག་མཐོང་ཚེ་བློ་ཕམ་བྱུང་བ་དང། སྤྱིར་བོད་པའི་རིག་གཞུང་ལས་ལོ་ན་བགྲེས་པ་རྣམས་ལ་གུས་བརྩི་དགོས་པ་བཤད་སྲོལ་ཡོད་པ་བཞིན། རྒན་བགྲེས་ལ་ཞབས་ཕྱི་ཞུ་སླད་གཞན་དང་མི་འདྲ་བའི་ བོད་མིར་ཐུན་མིན་ཁྱད་ཆོས་ཡོད་པ་དེས་སྤྱི་ཚོགས་ནང་ཁྱད་པར་བཟོ་ཐུབ་ངེས་ཡིན་པ་གསུངས་འདུགགཞན་ཕན་ལགས་ཀྱིས་ནང་པའི་གཞུང་ནང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་ཨ་མ་གནང་མྱོང་མེད་པ་མེད་སྐོར་གསུངས་ཡོད་སྟབས། ཚོགས་པའི་མིང་ལ་ཨ་མ་ལགས་ཞེས་བཏགས་པ་དང། ཚོགས་པས་བོད་པའི་གཤིས་རྒྱུད་བཟང་པོ་དེ་ Canberra ནང་འཁྱེར་ཐབས་བྱ་རྒྱུ་ཡིན་པ་གསུངས་ཡོད།ཨ་མ་ལགས་ཞབས་ཞུ་ཁང་དེ་ཟླ་བ་སྔོན་མའི་ནང་ཆེད་འཛུགས་གནང་མ་ཐག་པ་ཞིག་ཡིན་ཀྱང་། Canberra ས་གནས་མི་མང་ནས་ཚོགས་པ་དེར་འབྲེལ་བ་གནང་མཁན་མང་དག་ཞིག་ཡོང་བཞིན་ཡོད་པ་དང། ཚོགས་པའི་ངོས་ནས་ད་ལྟའི་འཆར་ས་གནས་རྒན་ཁོགས་སྒེར་པ་ཁག་གཅིག་ལ་རང་སོ་སོའི་ཁྱིམ་དུ་ལྟ་རྟོག་གི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་ལྟར། རིམ་བཞིན་གཞུང་གི་འགུག་ཐོའི་ནང་ལུས་པའི་རྒན་ཁོགས་ཚོ་ལའང་ཞབས་ཞུ་གནང་རྒྱུར་བརྩོན་བཞིན་ཡོད་པ་རེད་འདུགཡང་དེའི་བར་ན་ Australia འི་ Sydney གྲོང་ཁྱེར་དུ་ས་གནས་ཀྱི་ཚོགས་པ་ཞིག་ནས་ཁུལ་དེར་སྐྱབས་བཅོལ་དུ་འབྱོར་བའི་བོད་མི་ཁག་གཅིག་ལ་ཆུ་རྐྱལ་སློབ་ཁྲིད་ཀྱི་མཐུན་རྐྱེན་སྦྱར་ནས་བོད་མི་དེ་དག་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་དང་རིག་གཞུང་ནང་མཉམ་གནས་ཐུབ་རྒྱུའི་གོ་སྐབས་ཤིག་སྐྲུན་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེའང་ Water skills for life ཞེས་པའི་ཁེ་ལས་མེད་པའི་ཚོགས་པ་ Sydney བྱང་ངོས་འམ་ Northern Beaches སུ་ཡོད་པའི་བོད་མི་ཆུ་རྐྱལ་བརྒྱབ་མི་ཐུབ་པ་གྲངས་འབོར་ ༦༣ ཡས་མས་ལ་ཆུ་རྐྱལ་སློབ་ཁྲིད་ཀྱི་ལས་འཆར་ཞིག་འགོ་འཛུགས་གནང་ཡོད་པ་དང། ཚོགས་པའི་འགན་འཛིན་ Tanya Carmont ལགས་ཀྱིས་ SBS གསར་ཁང་ལ་འགྲེལ་བརྗོད་གནང་དོན་ལྟར་ན། དེ་སྔ་ཁོང་ Northern Beaches ནང་ Warringah Aquatic Centre དུ་ཆུ་རྐྱལ་སློབ་ཁྲིད་སྐབས་བོད་མི་རྒན་གྲས་ཤིག་དང་ཐུག་འཕྲད་བྱུང་བ་དང་། སྐབས་དེར་ཁོང་གིས་ཨོ་སི་ཊོ་ལི་ཡའི་ནང་གསར་དུ་འབྱོར་མཁན་བོད་མི་མང་པོ་ཞིག་ཆུ་རྐྱལ་བརྒྱབ་མི་ཐུབ་པ་ཤེས་པ་མ་ཟད། ཆུ་རྐྱལ་གྱི་སློབ་ཁྲིད་ཆེད་བསྐྱོད་ཚེ་རིན་གོང་ཆེན་པོ་ཡིན་སྟབས། གསར་དུ་འབྱོར་བའི་བོད་མི་རྣམས་ནས་དེ་ལྟར་དངུལ་སྤྲད་ཐུབ་རྒྱུ་དཀའ་བར་བརྟེན་བོད་མི་རྣམས་ཀྱི་སླད་ཆུ་རྐྱལ་སློོབ་ཁྲིད་ཀྱི་ལས་འཆར་འགོ་འཛུགས་གནང་བར་འབད་སྐོར་གསུངས་འདུགཚོགས་པ་དེས་བོད་མི་ཆུ་རྐྱལ་བརྒྱབ་མི་ཐུབ་པ་རྣམས་ཀྱི་སླད་ཟླ་བ་ ༡༠ ནས་ ༡༢ བཅས་གཟའ་འཁོར་བཅུའི་རིང་ Dee Why གྲོང་མཐར་རུ་ཆུ་རྐྱལ་སློབ་ཁྲིད་ཀྱི་ལས་གཞི་སྤེལ་བཞིན་ཡོད་པ་དང། ལས་གཞི་དེའི་འོག་ཨོ་སི་ཊོ་ལི་ཡའི་ནང་གསར་དུ་ཕེབས་པའི་བོད་རིགས་རྣམས་ལ་རིན་མེད་ཐོག་ནས་སློབ་ཁྲིད་གནང་གི་འདུག དེ་བཞིན་ཁུལ་དེར་དེ་སྔ་ནས་འབྱོར་བ་རྣམས་ལས་གླ་ཨ་སྒོར་ ༢༠ མ་གཏོགས་ལེན་གྱི་མེད་པ་རེད་འདུག

ཡུ་སྒོར་ལྔ་ཡི་རྨི་ལམ་ཞེས་པའི་བོད་སྐད་གློག་བརྙན་གཟིགས་འབུལ།

ཁ་སང་ཚེས་ ༢༥ ཉིན་ཕྱི་དྲོ་ཆུ་ཚོད་ ༥༌༣༠ ཐོག་བཞུགས་སྒར་དྷ་སའི་ཉིན་མོ་སློབ་གྲྭར་ཡུ་སྒོར་ལྔ་ཡི་རྨི་ལམ་ཞེས་པའི་བོད་སྐད་གློག་བརྙན་གསར་པ་ཞིག་མང་ཚོགས་ལ་གཟིགས་འབུལ་གནང་སོང་། གློག་བརྙན་བཟོ་སྐྲུན་པ་ནི་ཕ་རན་སིར་གནས་བཞུགས་ཁང་གསར་སྐལ་བཟང་ཚེ་རིང་ལགས་ཡིན་པ་དང་། གློག་བརྙན་དེ་ཕ་རན་སི་རྒྱལ་ས་ Paris ནང་པར་ལེན་གནང་བ་ཞིག་རེད་འདུགའདི་གའི་གསར་འགོད་པས་ཁོང་ལ་གློག་བརྙན་དེའི་སྐོར་ལ་བཀའ་འདྲི་ཁག་གཅིག་ཞུས་པར་གཙོ་བོ་ནི་གཞོན་སྐྱེས་ཕོ་མོ་གཉིས་ཀྱི་ངེས་གཏན་མེད་པའི་བརྩེ་དུང་དང་འཚོ་བའི་དཀའ་སྡུག་སོགས་ཀྱི་གཏམ་རྒྱུད་དེའི་བརྒྱུད་ནས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་བོད་ཟེར་བ་དེ་རྒྱ་མི་མིན་པར་ར་སྤྲོད་གནང་བའི་གློག་བརྙན་ཞིག་ཡིན་སྐོར་ངོ་སྤྲོད་གནང་བ་དང་། ལྷག་དོན་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དེ་ནི་བོད་པའི་དངོས་བྱུང་གི་གཏམ་རྒྱུད་དེ་དག་བོད་པ་རང་གིས་བཟོ་ཐུབ་གནང་དགོས་གལ་ཡིན་པ་དང་། དེས་བོད་ཀྱི་རྩ་དོན་དང་འབྲེལ་བའི་འཐབ་རྩོད་ལ་ནུས་པ་ཐོན་གྱི་ཡོད་ཚུལ་སོགས་གསུངས་སོང་། རྩ་བའི་ཡུ་སྒོར་ལྔའི་རྨི་ལམ་ཞེས་པའི་བོད་སྐད་གློག་བརྙན་དེ་ཐེངས་དང་པོ་ཕ་རན་སི་རྒྱལ་ས་ Paris ནང་དབུ་འབྱེད་གནང་བ་དང་། ཁ་སང་ཕྱི་དྲོར་བཞུགས་སྒར་དྷ་སའི་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་མི་མང་ལ་གཟིགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་གཟིགས་མོ་བ་ ༥༠ ལྷག་ཆེད་ཕེབས་གནང་བ་ལས་མང་པོ་ཞིག་གིས་གློག་བརྙན་དེར་བསྔགས་བརྗོད་གནང་ཡང་། ཁག་གཅིག་གིས་སྒྲ་སྦྱོར་བྱེད་སྟངས་ཐོག་ཡར་རྒྱས་གནང་དགོས་པའི་དགོངས་འཆར་གནང་མཁན་བྱུང་འདུགཁང་གསར་སྐལ་བཟང་ཚེ་རིང་ལགས་ནས་སྔོན་ཆད་ཁོང་བཞུགས་སྒར་དྷ་རྨ་ས་ལར་བཞུགས་སྐབས་འཚོ་བའི་བདེ་སྐྱིད་ The Joy of living ཅེས་པའི་ཁྱི་འཁྱམ་ལ་ལྟ་རྟོག་བྱེད་མཁན་ཁྱི་ཨ་ནེའི་དངོས་བྱུང་གི་གློག་བརྙན་ཞིག་ཀྱང་བཟོ་སྐྲུན་གནང་ཡོད་པ་རེད། ཁོང་གིས་ཐེངས་འདིའི་ཡུ་སྒོར་ལྔ་ཡི་རྨི་ལམ་ཞེས་པའི་གློག་བརྙན་དེའི་ཆེད་ཡུ་སྒོར་སུམ་སྟོང་ཙམ་གྱི་འགྲོ་གྲོན་བཏང་ཡོད་པ་དང། གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་ཚང་མས་དང་བླང་གནང་བ་ཞིག་རེད་འདུག

༸སྐུའི་གཅུང་མོ་བཀའ་ཟུར་༸རྗེ་བཙུན་པདྨ་མཆོག་ལ་བོད་གངས་ཅན་པའི་ཤེས་རིག་གི་སྒྲོན་མེ་གཟེངས་རྟགས་ཕུལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅུང་མོ་བཀའ་ཟུར་ཨ་མ་༸རྗེ་བཙུན་པདྨ་མཆོག་དང་སྐུ་ཟླ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་རྣམ་གཉིས་བྱང་ཨ་རིའི་ས་གནས་ཁག་གཅིག་ནང་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། འདས་པའི་ཉིན་གྲངས་བཞི་ཙམ་གྱི་རིང་ལ་ཁོང་རྣམ་གཉིས་ནས་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་བོད་རིགས་གནས་ཡུལ་གྱི་ས་གནས་ཁག་ཏུ་འཚམས་གཟིགས་གནང་ཡོད་པ་རེད།རེས་གཟའ་ཉི་མའི་ཉིན་ཨ་མ་༸རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བསྟན་པ་པ་ཚེ་རིང་མཆོག་རྣམ་གཉིས་ནས་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་ཀྱི་བོད་པའི་རིག་གཞུང་སློབ་གྲྭ་བཅས་སུ་འཚམས་གཟིགས་དང་སྦྲགས་ས་གནས་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་གི་གལ་གནད་དང་༸གོང་ས་མཆོག་གི་བོད་ཕྲུག་གཞོན་སྐྱེས་ཚོ་ལ་ཐུགས་རེ་ཆེན་པོ་གནང་པ་སོགས་ཀྱི་ཐད་གསུང་བཤད་གནང་འདུག སྐབས་དེར་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པས་༸སྐུའི་གཅུང་མོ་ཨ་མ་༸རྗེ་བཙུན་པདྨ་མཆོག་ནས་ད་བར་བོད་རིགས་སློབ་མའི་ཤེས་ཡོན་ཐོག་སྐུ་ལས་བསྐྱོན་པར་ཡི་རང་བསྔགས་བརྗོད་དང་། བཀའ་དྲིན་རྗེས་དྲན་མཚོན་ཆེད་བོད་གངས་ཅན་པའི་ཤེས་རིག་གི་སྒྲོན་མེ་ཞེས་པའི་གཟེངས་རྟགས་ཤིག་ཕུལ་འདུགགཞན་ཡང་འཚམས་གཟིགས་དེའི་ཁྲོད་བཀའ་ཟུར་རྣམ་གཉིས་ཀྱིས་གཙོས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱི་འབྲེལ་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅས་ནས་ཉེ་ཆར་འདེམས་ཐོན་བྱུང་བའི་མི་ནི་སོ་ཊ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Tim Walz ལགས་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Betty McCollum ལགས། མི་ནི་སོ་ཊའི་ཨེ་ཤ་ཡ་ཞི་བདེ་ལྷན་ཚོགས་ཀྱི་འགན་འཛིན་ Sai Her ལགས་བཅས་དང་མཇལ་འཕྲད་བརྒྱུད་ད་ལྟའི་བོད་རིགས་སློབ་མའི་ཤེས་ཡོན་གྱི་གནས་བབ་དང་། སློབ་ཕྲུག་རྣམས་བྱམས་བརྩེའི་ཐོག་ནས་གསོ་སྐྱོང་གནང་སྟངས། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་གསུམ་གྱི་ཐོག་གྲོས་བསྡུར་མཛད་འདུག མངའ་སྡེའི་སྲིད་སྐྱོང་ Tim Walz ལགས་ནས་བྱམས་བརྩེ་ལྡན་པའི་ཤེས་ཡོན་ལམ་ལུགས་བརྒྱུད་མི་ནི་སོ་ཊའི་མངའ་སྡེ་དེ་བྱམས་བརྩེ་ལྡན་པ་ཞིག་ཏུ་སྐྲུན་རྒྱུར་འབད་བཙོན་གནང་གི་ཡིན་སྐོར་གསུངས་འདུག ཐེངས་འདིའི་མི་ནི་སོ་ཊ་ནང་གི་འཚམས་གཟིགས་ཁག་གྲུབ་རྗེས་དེ་རིང་ཨ་མ་༸རྗེ་བཙུན་པདྨ་མཆོག་དང་སྐུ་ཟླ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་རྣམ་གཉིས་ཨ་རི་རྒྱལ་ས་ Washington DC ཁུལ་དུ་ཕེབས་ཀྱི་ཡོད་པ་རེད།

ཕྱོགས་བཞི་མཚམས་བཞི་བཅས་དཀྱིལ་འཁོར་ཁག་བརྒྱད་བཞེངས་ནས་བཀའ་ཟུར་རྒྱ་རི་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་བ།

རྒྱ་གར་བྱང་ཕྱོགས་  UttaraKhand མངའ་སྡེའི་རྡེ་ར་རྡུན་གྲོང་ཁྱེར་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་འོག་མིན་སྨིན་སྒྲོལ་གླིང་དགོན་དུ་ཁ་སང་བོད་ ༡༠ ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༩༌༡༥ ཐོག་དགེ་འདུན་པ་དང་སྐུ་མགྲོན་གྱིས་སྤོས་སྣེས་སྔོན་བསུས་ཏེ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྐུ་གདུང་གདན་འདྲེན་ཞུས་རྗེས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ནས་མྱ་ངན་གུས་འདུད་ཀྱི་མཇལ་དར་སྒྲོན་པ་དང་། དེ་རྗེས་ཤར་དུ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་དང་། ཤར་ལྷོ་རུ་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་དབུ་བཞུགས་ཀྱིས་སྨིན་གྲྭ་ཁག་གཅིག་ནས་རྡོར་སེམས་ཀྱི་སྦྱིན་སྲེག ལྷོ་རུ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་དཔལ་ཡུལ་གྲྭ་ཚང་ནས་ཀར་གླིང་ཞི་ཁྲོའི་སྦྱིན་སྲེག ལྷོ་ནུབ་ཏུ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དང་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་འདུན་པས་ཞི་ཁྲོའི་སྦྱིན་སྲེག ནུབ་ཏུ་མཆོག་གླིང་རིན་པོ་ཆེ་མཆོག་གིས་དབུས་པའི་མཆོག་གླིང་གྲྭ་ཚང་གིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྦྱིན་སྲེག ནུབ་བྱང་དུ་ཁྲོམ་དགེ་འཇིགས་མེད་རིན་པོ་ཆེ་དབུ་བཞུགས་ཀྱིས་དགོན་སྡེ་ཁག་ནས་ཕེབས་པའི་ཉག་རོང་གི་དགེ་འདུན་པས་སྐུ་གསུམ་དགོངས་འདུས་ཀྱི་སྦྱིན་སྲེག བྱང་དུ་གནས་ཆུང་སྐུ་རྟེན་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་བདེ་གཤེགས་ཀུན་འདུས་ཀྱི་སྦྱིན་སྲེག བྱང་ཤར་དུ་ཞེ་ཆེན་རབ་འབྱམས་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་དཔལ་རྡོ་རྗེ་སེམས་དཔའི་སྦྱིན་སྲེག་བཅས་ཕྱོགས་བཞི་དང་མཚམས་བཞིར་དཀྱིལ་འཁོར་ཁག་བརྒྱད་བཞེངས་ཏེ་སྐུ་གདུང་ཞུགས་འབུལ་གནང་འདུགརྩ་བའི་རིན་པོ་ཆེ་དམ་པ་ཁོང་ཟླ་བ་སྔོན་མའི་ཚེས་ ༢༩ ཉིན་ཨ་རིར་སྐུ་གཤེགས་རྗེས་ཟླ་བ་འདིའི་ཚེས་ ༥ འམ་བདུན་ཚིགས་དང་པོའི་ཐོག་དམ་པ་ཁོང་གི་སྐུ་ཕུང་རྡེ་ར་རྡུན་འོག་མིན་སྨིན་སྒྲོལ་གླིང་དུ་གདན་འདྲེན་ཞུས་ཡོད་པ་རེད།ཁ་སང་སྐུ་གདུང་ཞུགས་འབུལ་སྐབས་ UttaraKhand མངའ་སྡེའི་སྲིད་སྐྱོང་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་ Baby Rani Maurya མཆོག་གིས་དབུས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ཆེད་ཕེབས་གནང་འདུག དེ་མིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་རྣམ་པ་ཁག་གཅིག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་ Matteo Meccaci ལགས་རྣམ་གཉིས་ཀྱིས་དབུས་པའི་གནད་ཡོད་མི་སྣ་དང་སྐྱ་སེར་མང་ཚོགས་བཅས་མང་དག་ཞིག་ནས་རིན་པོ་དམ་པ་ཁོང་ལ་མྱ་ངན་གུས་འདུས་དང་ནང་མི་སྐུ་འཁོར་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བར་ཆེད་ཕེབས་གནང་འདུག

རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་པའི་བོད་མིའི་རྩོམ་པ་པོ་རྣམས་ལ་རྗེས་དྲན་ཞུས་པ།

དེ་རིང་ཟླ་ ༡༡ ཚེས་ ༡༥ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༡༠ ཐོག་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཟུང་འབྲེལ་གྱིས་བཙོན་འོག་ཏུ་ཚུད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་སོང་།སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་སྨྲ་བ་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དང་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་གདན་ཞུས་ཐོག་བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་བོད་དབྱིན་སྐད་ཡིག་གཉིས་ཀྱི་ནང་ཞིབ་འཇུག་སྙན་ཐོ་རྒྱས་པ་ཞིག་དང་། དབྱིན་སྒྱུར་བྱིས་སྒྲུང་དེབ་བརྒྱད། སྙན་ངག་ཆེད་དེབ་གཅིག་བཅས་དབུ་འབྱེད་གནང་ཡོད་པ་རེད།སྐུ་མགྲོན་གཙོ་བོ་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱིས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ནས་ལས་འགུལ་སྣ་མང་དང་། དཔྱད་ཞིབ་གནང་ནས་དཔེ་དེབ་མང་དག་ཞིག་འདོན་སྤེལ་གནང་བར་བསྔགས་བརྗོད་དང་འབྲེལ། དོན་དངོས་ཐོག་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའམ་རྩོམ་པ་པོ་ཞིག་ཡིན་ཕྱིན་ཆད་དབུས་བོད་མི་སྒྲིག་འཛུགས་དང་། རྒྱ་གཞུང་། གཞིས་ལ་ཡོད་པའི་སྤུན་ཉེ། རྒྱ་གར་གཞུང་ལ་སྐྲག་ཏེ་བསྟུན་དགོས་སྟབས་རང་དབང་ཞིག་ཡོད་མ་རེད་ཅེས་གསུངས་ཡོད། དམིགས་བསལ་སྐུ་མགྲོན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འཆད་རྩོད་རྩོམ་གསུམ་སྟེ། འཆད་པ་ནི་གསལ་པོ་ཤེས་པའི་ཕྱིར་དུ་ཡིན་པ་དང་རྩོད་པ་ནི་ལོག་རྟོག་སེལ་ཕྱིར་ཡིན་པ། རྩོམ་པ་ནི་ཚིག་གི་སྦྱོར་བ་དེས་ཀློག་པ་པོར་དགའ་བ་སྐྲུན་ཐུབ་པ་ཞིག་དགོས་ཀྱི་ཡོད་སྐོར་དང་འབྲེལ། རྩོམ་པོ་པོ་མང་དག་ཞིག་གིས་ཕར་བཤུ་ཚུར་བཤུ་བྱས་པ་དང་སྔར་གྱི་མཁས་པའི་ལེགས་བྱ་ལེན་ནས་བྲིས་པ་ཙམ་ལས་རང་གི་མྱོང་ཚོར་དེ་དག་བསམ་བློ་བཏང་ནས་འབྲི་མཁན་དཀོན་པོ་ཡིན་སྟབས་བློ་སྐྱེད་གསར་པ་རྙེད་རྒྱུ་དཀོན་པོ་ཡོད་སྐོར་གྱི་དགོངས་ཚུལ་གསུངས་པ་མ་ཟད་བོད་ནང་གི་གནས་ཚུལ་དེ་དག་བརྩམས་ནས་རྒྱལ་སྤྱིའི་སྡིངས་ཆར་སླེབས་ཐབས་ལ་འབད་དགོས་པར་ལམ་སྟོན་གནང་ཡོད། བོད་པའི་རིག་གཞུང་དེ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི་བོད་པའི་རིག་གཞུང་ལས་ཆས་པའི་ནང་བསམ་བློ་དང་འབྲེལ་བའི་རིག་གཞུང་ཁྱད་འཕགས་བ་ཞིག་ཆགས་ཡོད་སྟབས། དེ་དག་ཉམས་སུ་ལེན་པར་འབད་བརྩོན་དང་བརྩོན་འགྲུས་གནང་གནད་ཡིན་པ་མ་ཟད་བོད་ནང་རྩོམ་རིག་རང་དབང་མེད་པར་རྟོགས་ནས་བཙན་བྱོལ་ནང་གི་རང་དབང་དེ་ལོངས་སུ་སྤྱད་དེ་དགའ་བ་བསྒོམས་ནས་འབད་དགོས་པ་གསུངས་སོང་།དེ་བཞིན་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཞར་བློ་གྲོས་ལགས་ཀྱིས་བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག་ཅེས་པའི་ཞིབ་འཇུག་སྙན་ཐོ་དང་འབྲེལ་བའི་ངོ་སྤྲོད་གནང་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དང་རྩོམ་སྒྲིག་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རྩོམ་པ་པོ་དང་རྩོམ་སྒྲིག་རང་དབང་གལ་ཆེན་ཡིན་པའི་སྐོར་གསུང་བཤད་གནང་ཡོད། དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་རིག་གཞུང་རྒྱུན་གནས་ཡོང་ཐབས་སུ་རྩོམ་པ་པོའི་གལ་གནད་སྐོར་དང་། སྨོན་ལམ་བོད་ཀྱི་བརྡ་སྒྲིག་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་རྩོམ་འབྲི་རང་དབང་གལ་ཆེན་ཡིན་པ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་རེད།  

འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཇར་མན་གྱི་མང་ཚོགས་ལ་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ཐད་གསུང་བཤད་གནང་བ་དང་འབྲེལ། བོད་ཀྱི་མ་འོངས་གནས་བབ་དེ་ནི་བོད་ནང་གི་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་དང་། ང་ཚོས་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་གལ་ཡིན་པར་གསུང་བཤད་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་ཉིན་ཚེས་ ༡༡ ཉིན་འཇར་མ་ནིའི་ Frieburg གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཀེ་ལ་ཤི་བོད་ཁང་དུ་རྒྱུན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འཚོ་སྣོན་རོགས་སྐྱོར་ཤུགས་ཆེ་གནང་མཁན་འཇར་མ་ནི་ནང་གི་ཁེ་མེད་ཚོགས་པ་ Tibet Forderkreis eV ཡིས་གོ་སྒྲིག་འོག་འཇར་མན་མང་ཚོགས་ཁག་གཅིག་ལ་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ཐད་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཁེ་མེད་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Wilfried Pfeffer ལགས་དང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཆེད་ཕེབས་གནང་བ་དེས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་པར་ངོས་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་འདུགབོད་མའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་གི་དྲྭ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ཚེ་སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་ནི་འཛམ་གླིང་གི་སྣེ་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་། བོད་ཁ་བ་གངས་ཅན་གྱི་ལྗོངས་ནི་འཁྱགས་རོམ་ ༤༦༠༠༠ ལྷག་གི་ལྟེ་གནས་ཆགས་ཡོད་པས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་འཐུང་ཆུའི་འགོ་ཁུངས་ལྟ་བུ་ཡིན་ནའང་། ད་ཆ་རྒྱ་ནག་གི་གཙང་ཆུ་ཁ་བསྒྱུར་དང་རང་བྱུང་གཏེར་ཁ་སྔོག་འདོན་སོགས་ཀྱི་བྱ་སྤྱོད་ཀྱིས་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དེ་ནི་ཧ་ཅང་གི་ཛ་དྲག་གི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་བོད་མཐོ་སྒང་གི་གནད་དོན་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན།མང་གཙོ་སོགས་ཀྱི་གནད་དོན་ཞིག་ཡིན་པ་དང་། དེ་དག་ནི་རྒྱལ་སྤྱིའི་མང་ཚོགས་སྤྱི་དང་སྒོས་སུ་འཇར་མ་ནིའི་མང་ཚོགས་ཀྱིས་ཆེས་གཅེས་པར་འཛིན་པའི་རིན་ཐང་ཞིག་ཡིན་སྟབས། དེ་ནི་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཁོང་ཉེ་ཆར Spain གྱི་གྲོང་ཁྱེར་ Madrid ནང་རྒྱལ་སྤྱའི་ཚོང་འབྲེལ་ཀྱི་ཚོགས་ཆེན་ཞིག་ཏུ་མགྲོན་འབོད་གནང་སྐབས་རྒྱ་ནག་གཞུང་ཚབ་ཁང་གིས་ལས་རིམ་གོ་སྒྲིག་པ་རྣམས་ལ་གནོན་ཤུགས་སྤྲད་དེ་ཁོང་ཚོགས་ཆེན་དེར་བཅར་ཐབས་མེད་པར་བཀག་འགོག་བྱས་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་གནོན་ཤུགས་ཇི་ཙམ་སྤྲོད་ཀྱང་ངས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། མང་གཙོ་བཅས་ཀྱི་ཆེད་དུ་རྒྱ་ནག་ལ་གདོང་ལེན་མུ་མཐུད་བྱ་ངེས་ཡིན་ཞེས་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་མི་སུ་ཞིག་གིས་བོད་དོན་དང་འབྲེལ་བའི་གླེང་སློང་གནང་བར་བཀག་འགོག་བྱེད་བཞིན་པ་དེས་བོད་ནང་གི་བཙན་གནོན་རང་བཞིན་གྱི་གནས་སྟངས་དེ་མཚོན་ཐུབ་པ་ཞིག་དང་། ཟླ་འདིའི་ཚེས་ ༤ ཉིན་བོད་མདོ་སྨད་རྔ་བ་རྫོང་དུ་རྒྱལ་གཅེས་པ་རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ད་ཆ་བོད་ནང་དུ་རྒྱ་ནག་གི་བཙན་གནོན་རྐྱེན་པས་བོད་མི་ ༡༥༣ ནས་རང་བསྲེགས་གནང་ཡོད་པར་འགྲེལ་བརྗོད་བསྐྱར་ནན་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ཀྱི་འོག་ནས་བོད་དུ་ཞི་བདེ་སྐྲུན་ཐབས་དང་ཡར་རྒྱས་གཏོང་ཐབས་སོགས་ཁས་ལེན་གྱིས་ལམ་ཁ་གསར་རྒྱག་གི་འཛུགས་སྐྲུན་ལས་གཞི་འགོ་འཛུགས་བྱེད་བཞིན་ཡོད་ནའང་། དེ་ནི་རྒྱ་ནག་གི་དམག་མི་དང་གཡུལ་འགྱེལ་གྱི་གོ་མཚོན་ནང་འདྲེན་བྱེད་པ་ཞིག་ཡིན་པ་དང་། བྱེད་སྟངས་དེ་ནི་སྔོན་ཆད་རྒྱ་ནག་ཇི་ལྟར་བོད་དུ་འཛུལ་བར་བརྟེན་ནས་ང་ཚོ་རང་ཉིད་ཀྱི་རྒྱལ་ཁབ་ཤོར་ཡོད་སྟབས་ད་ཆ་ང་ཚོས་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བསླབ་བྱ་བླངས་དགོས་གལ་ཡིན་པ་གསུངས་འདུག རྩ་བའི་སྲིད་སྐྱོང་མཆོག་ཟླ་སྔོན་མའི་ཚེས་ ༢༩ ཉིན་གཞུང་འབྲེལ་གྱི་འཚམས་གཟིགས་སུ་ཐོག་མར་རྒྱ་གར་རྒྱལ་ས་ལྡི་ལི་དང། དེ་རྗེས་སི་པེན་གྱི་ Madrid དང་སུད་སིའི་ Geneva གྲོང་ཁྱེར་བཅས་སུ་ཆེད་ཕེབས་གནང་ཡོད་པ་མ་ཟད། འཇར་མ་ནི་དང་དེ་རྗེས་ཨ་རི། ཁེ་ན་ཌ། དེ་ཞིན་ Netherlands བཅས་སུ་ཕེབས་གཏན་འཁེལ་ཡོད་པ་རེད།

Latest news