Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཅོན་ཏ་ར་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་གསར་པ་དབུ་འབྱེད་གནང་བ།

རྒྱ་གར་བྱང་ཕྱོགས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་སྨན་རྩིས་ཁང་གི་ཡན་ལག་ཅོན་ཏ་ར་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་གསར་པ་དབུ་འབྱེད་གནང་སོང་། རྩ་བའི་ཅོན་ཏ་ར་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་དང་ཉམས་ཞིབ་ཁང་། སྨན་རྩྭ་འདེབས་ལས་ཁང་། སྨན་རྩིས་ཁང་གི་རྒྱ་སྐད་སྡེ་ཚན་བཅས་ཡོད་པའི་ཐོག་དེ་རིང་སྨན་རྩིས་ཁང་གི་དཔར་སྐྲུན་སྡེ་ཚན་དབུ་འབྱེད་གནང་ཡོད་པ་རེད།

བོད་ལ་ཕྱིར་ལོག་གནང་མཁན་བོད་རིགས་གཞོན་སྐྱེས་གཉིས་བལ་བོད་ས་མཚམས་ནས་འཛིན་བཟུང་།

བོད་ལ་ཕྱིར་ལོག་གནང་མཁན་བོད་རིགས་གཞོན་སྐྱེས་གཉིས་བལ་བོད་ས་མཚམས་ནས་འཛིན་བཟུང་བྱས་ནས་བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་ཀྱིས་བཀག་བསྐྱིལ་འོག་བཞག་འདུག བལ་ཡུལ་ནང་གི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་ ༧ ཚེས་ ༡༧ ཉིན་བལ་ཡུལ་ས་མཚམས་ཉེན་རྟོག་པས་བོད་མི་གཉིས་པོ་དང་ཁོང་རྣམ་གཉིས་ལ་བྱུས་སྟོན་གནང་མཁན་རྒྱ་རིགས་གཅིག་བཅས་མི་སྣ་གསུམ་བལ་བོད་ས་མཚམས་འགྲམ་བརྒྱུད་ཡིག་ཆ་གང་ཡང་མེད་པར་བོད་ལ་ཕྱིར་ལོག་ཐབས་བྱས་པ་དང་བལ་ཡུལ་ནང་ཁྲིམས་འགལ་ཐོག་འཛུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག འདི་ག་རླུང་འཕྲིན་ཁང་གིས་དེ་རིང་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་མཐུད་པ་བཟང་པོ་ལགས་སུ་གནད་དོན་དེའི་ཐད་བཀའ་འདྲི་ཞུས་པར་བོད་རིགས་གཞོན་སྐྱེས་གཉིས་ལས་གཅིག་བོད་མདོ་ཁམས་མི་ཉག་ནས་ཡིན་པ་དང་གཞན་དེ་བོད་ཁམས་ནང་ཆེན་ནས་ཡིན་པ་གསུངས་སོང་། དེ་སྔ་ཁོང་གཉིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་མྱོང་འདུག་པ་དང་། ཁོང་རྣམ་གཉིས་ནས་རྒྱ་རིགས་མི་སྣ་དེའི་བྱུས་སྟོན་འོག་རང་གི་ཕ་ཡུལ་དུ་ཕྱིར་ལོག་གནང་སྐབས་བལ་བོད་གཉིས་ཀྱི་ས་མཚམས་ནས་བལ་པོའི་ཉེན་རྟོག་པས་འཛིན་བཟུང་གིས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་གནང་སྐོར་གསུངས་སོང་། དེ་རིང་བོད་མི་གཉིས་པོས་བལ་པོའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་བསྟན་ཡོད་སྟབས། ཁོང་གཉིས་ཉིན་གསུམ་བཞིའི་རྗེས་སུ་རྒྱ་གར་ལ་ཕྱིར་ལོག་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། རྩ་བའི་བལ་ཡུལ་གཞུང་ནས་དེ་སྔ་ཕྱི་ལོ་ ༡༩༨༩ སྔ་རོལ་དུ་བོད་ནས་སྐྱབས་བཅོལ་དུ་ཕེབས་པའི་བོད་མི་དང་ཁོང་རྣམ་པའི་བུ་ཕྲུག་རྣམས་ལ་སྐྱབས་བཅོལ་བའི་ཡིག་ཆ་ RC ཞེས་པ་དེ་གནང་གི་ཡོད་ཀྱང་། ཕྱིས་སུ་ཁུལ་དེའི་ནང་གི་ཆབ་སྲིད་གནས་སྟངས་དང་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གཞུང་གི་གནོན་ཤུགས་སོགས་ལ་བརྟེན་ནས་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ཡིག་ཆ་སྤྲོད་རྒྱུ་མཚམས་འཇོག་བྱས་པ་མ་ཟད་བོད་ནས་སྐྱབ་བཅོལ་དུ་ཕེབས་མཁན་བོད་མི་རྣམས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་བརྒྱུད་རྒྱ་གར་ལ་ཆེད་གཏོང་གནང་གི་ཡོད་ཀྱང་། དེའི་ཁྲོད་བོད་མི་མི་ཉུང་བ་ཞིག་ཕྱིར་ལོག་བཏང་བའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད། ལྷག་དོན་ཕྱི་ལོ་ ༢༠༠༣ ལོར་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་སྡེ་ཚན་གྱི་འདོན་སྤེལ་གནང་བའི་སྙན་ཐོར་གཞིགས་ན་བལ་ཡུལ་ནང་བོད་མི་སྟོང་ཕྲག་ཉི་ཤུ་ལྷག་ཡོད་པ་ལས་བོད་མི་སྟོང་ཕྲག་བཅུ་བདུན་ལ་ཁྲིམས་མཐུན་གྱི་ཡིག་ཆ་མེད་སྐོར་མངོན་གསལ་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤ་ཡ་ཁྱབ་ཁོངས་ཀྱི་ཚོགས་ཆེན་ཐེངས་ ༧ པ་ཉི་ཧོང་དུ་ཚོགས་པ།

ཉེ་ཆར་ཟླ་ ༧ ཚེས་ ༡༤ ནས་ ༡༦ བར་ཉི་ཧོང་གི་རྒྱལ་ས་ Tokyo ནང་ International Tibet Network འམ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཨེ་ཤ་ཡ་ཁྱབ་ཁོངས་ཀྱི་ཚོགས་ཆེན་ཐེངས་ ༧ པ་ཚོགས་འདུག་པ་དང། ཚོགས་འདུའི་ཐོག་འདི་ལོ་རྒྱལ་ཚོགས་ནང་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་དང་བསྟུན། བོད་ནང་གི་གནས་སྟངས་གསལ་སྟོན་དང་བོད་དོན་ཞུ་གཏུགས་གནང་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་གནང་འདུག ཚོགས་འདུའི་ཐོག་ཉི་ཧོང་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོ་གྱུར་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༤ ཙམ་དང། ཐེ་ཝན། ཨིན་ཌོ་ནི་ཤ་ཡ། རྒྱ་གར། ཨོ་སི་ཊེ་ལི་ཡ།  དེ་བཞིན་ཀིན་ཡ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གཅིག་བཅས་ཁྱོན་མི་གྲངས་ ༤༥ ནས་མཉམ་ཞུགས་གནང་འདུག རིང་མིན་ལོ་འདིའི་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་འཚོགས་རྒྱུ་ཡིན་པ་དང་བསྟུན། ཉི་ཧོང་གཙོ་གྱུར་ རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་རྒྱ་ནག་ལ་བོད་ནང་གི་ཆེས་ཞན་པའི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་ཐད་རྒྱ་ནག་ལ་གནོན་ཤུགས་སྤྲད་རྒྱུ་དང། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་བོད་མི་ཆབ་སྲིད་བཙོན་པའི་གནད་དོན། བོད་ནང་གི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁོར་ཡུག་གི་གནས་སྟངས། དེ་བཞིན་བོད་མི་རྣམས་བཙན་བྱོལ་སུ་འབྱོར་ནས་ལོ་ངོ་ ༦༠ ཧྲོལ་པོ་འཁོར་བ་དང་བསྟུན་ལས་འགུལ་ཇི་སྤེལ་བཅས་ཀྱི་ཐོག་གྲོས་བསྡུར་གནང་འདུག རྩ་བའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤ་ཡ་ཁྱབ་ཁོངས་ཚོགས་ཆེན་འདི་ལོ་ལྟར་ཚོགས་གནང་གི་ཡོད་པ་ལྟར་ད་རེས་ཚོགས་ཆེན་ཐེངས་ ༧ པ་ཆགས་ཀྱི་ཡོད་ཀྱང། ཉི་ཧོང་ནང་ཚོགས་འདུ་བསྐོང་ཚོགས་གནང་བ་ཆེས་ཐོག་མ་ཡིན་པ་དང་ཚོགས་འདུ་འདི་འབྲེལ་མཐུད་ལས་ཁང་དང་འབྲེལ་བ་ཡོད་པའི་ཨེ་ཤ་ཡ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ལས་འགུལ་ཁང་དབར་འབྲེལ་མཐུད་གནང་རྒྱུ་དང། ལས་འགུལ་སྤེལ་ཕྱོགས་དང་ཐབས་བྱུས་གསར་པ་ངོ་སྤྲོད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཐབ་རྩོད་ཐད་ཨེ་ཤ་ཡ་ས་ཁུལ་གྱི་གལ་གནད་ལ་གཞིགས་ནས་ལོ་ལྟར་གནད་ཆེར་ངོས་འཛིན་ཐོག་ཚོགས་གནང་གི་ཡོད་པ་རེད།

རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོ་སྦེལ་ཀོབ་ནང་ཚོགས་གཏན་འཁེལ་འདུག

ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱི་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོ་ཐེངས་ ༡༤ པ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ པའི་ཟླ་མཇུག་གམ་ཡང་ན་ཕྱི་ཟླ་ ༡༠ པའི་མགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་སྦེལ་སྐོབ་བོད་མིའི་གཞིས་ཆགས་སུ་ཚོགས་གཏན་འཁེལ་འདུག དེ་ཡང་དེ་རིང་སྔ་དྲོ་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འདུ་འཛོམས་ཆེན་མོའི་ཚོགས་དུས་དང་ས་ཚིག་གསལ་སྒྲགས་གནང་བ་དང་འབྲེལ། རྩ་བའི་ད་བར་ལོ་ ༡༣ རིང་ལོ་ལྟར་རྒྱ་གར་ལྷོ་ཕྱོགས་ Chennai གྲོང་ཁྱེར་ནང་གི་ TSAM སློབ་ཕྲུག་ཚོགས་པའི་ངོས་ནས་འདུ་འཛོམས་དེ་གོ་སྒྲིག་གནང་བཞིན་ཡོད་པ་དེ་ལྟར་ཡང་། དེང་སྐབས་ Chennai ནང་མཐོ་སློབ་གཉེར་བཞིན་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་རུ་ཕྱིན་པ་དང་། དཔལ་འབྱོར་གྱི་དཀའ་ངལ་སོགས་ཀྱི་རྐྱེན་པས་སློབ་ཕྲུག་ཚོགས་པ་དེའི་ངོས་ནས་ད་ལོ་ལས་གཞི་དེ་གོ་སྒྲིག་གནང་ཐུབ་ཀྱི་མེད་སྟབས། རྒྱ་གར་ས་ཕྱོགས་འདྲ་མིན་གྱི་སློབ་ཕྲུག་ཚོགས་པ་རྣམས་ཀྱི་འཐུས་མི་ལས་གྲུབ་པའི་གོ་སྒྲིག་ཚོགས་ཆུང་ཞིག་གསར་བཛུགས་གནང་བའི་ཐོག་ནས་ལོ་འདིའི་ཚོགས་འདུ་དེ་གོ་སྒྲིག་གནང་བཞིན་པ་རེད་འདུག ལས་གཞི་རྒྱུན་ཆད་རྒྱུའི་ཉེན་ཚབ་ཀྱི་གནས་སྟངས་འགྱུར་བ་དང་བསྟུན། འདི་ལོའི་འདུ་འཛོམས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བོད་པའི་སློབ་ཕྲུག་གི་ཕ་མ་དང་སྤྱི་ཚོགས་ཀྱི་ངོས་ནས་གཞོན་སྐྱེས་ཚོར་སྤྱི་ཚོགས་ཀྱི་ལས་དོན་ཐོག་འཁུར་མཉམ་ལེན་བྱ་རྒྱུའི་སྐུལ་སློང་མང་ཙམ་སྤེལ་དགོས་པ་དང་། བོད་པའི་ཚོགས་སྡེ་ཁག་དང་སྤྱི་ཚོགས་ཀྱི་ངོས་ནས་ད་བར་ལས་གཞི་དེའི་རིགས་ལ་རྒྱབ་སྐྱོར་མཐུན་འགྱུར་གནང་བ་བཞིན། ལས་གཞི་དེ་དག་གལ་ཆེའི་རང་བཞིན་ལ་གཟིགས་ཏེ་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག རྩ་བའི་ཐེངས་འདིའི་འདུ་འཛོམས་ཐོག་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་གང་སར་ཡོད་པའི་བོད་པའི་སློབ་ཕྲུག་ཚོགས་པ་ ༡༡ ནས་སློབ་ཕྲུག་ཁྱོན་ ༣༠༠ ཙམ་ནས་མཉམ་ཞུགས་གནང་རྒྱུའི་རེ་བ་གནང་བཞིན་འདུག་པ་དང་། འདུ་འཛོམས་ལས་གཞི་དེའི་ཐོག་ས་གནས་འདྲ་མིན་གྱི་སློབ་ཕྲུག་ཕན་ཚུན་དབར་བགྲོ་གླེང་དང་ཡིག་རིགས་འགྲེམས་སྤེལ། ཚོགས་པ་སོ་སོའི་ངོ་སྤྲོད་ཀྱི་གློག་བརྙན་བཟོ་བསྐྲུན། གཞས་སྣ་འཁྲབ་སྟོན་དང་སིལ་པོལ་རྩེད་འགྲན་སོགས་གནང་རྒྱུ་རེད་འདུག  གོ་སྒྲིག་ཚོགས་ཆུང་ངོས་ནས་ལས་གཞི་དེའི་ཆེད་དུ་དངུལ་འབོར་འབུམ་ ༥ དང་ཁྲི་ ༦ ཙམ་གྱི་འགྲོ་གྲོན་ཚོད་དཔག་གནང་གི་འདུག་པ་དང་། ད་བར་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༥ དང་ཀིརྟི་དགེ་རྩ་ཚོགས་པ་བཅས་ནས་ཧིན་སྒོར་བདུན་ཁྲི་ལྔ་སྟོང་ཙམ་ཞིག་ཞལ་འདེབས་གནང་མཁན་བྱུང་འདུག

དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་བ།

ཁ་སང་ཟླ་ ༧ ཚེས་ ༡༢ ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་གྲོངས་པའི་ཉིན་མོ་ཡིན་པ་དང་བསྟུན། ཉི་ཧོང་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར་ཁུལ་དེའི་བོད་ཁང་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་སྐུ་འདས་གྲོངས་སུ་གྱུར་ནས་ལོ་ངོ་གསུམ་འཁོར་བའི་རྗེས་དྲན་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། ད་ཆ་ཨ་རིའི་ San Fransicco གྲོང་ཁྱེར་ནང་གནས་བཞུགས་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་ཕུལ་འདུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་རྗེས་དྲན་ལས་རིམ་ཐོག་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་གཙོས་སྐུ་མགྲོན་གཙོ་བོ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། མཐོ་སློབ་ཁག་གི་སློབ་དཔོན་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ས་གནས་མི་མང་སོགས་ནས་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་དངོས་སུ་བཅར་ཐུབ་མེད་ཀྱང་ཁོང་གཉིས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་རྗེས་དྲན་ལས་རིམ་གོ་སྒྲིག་ཞུ་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་པའི་བརྙན་འཕྲིན་ཞིག་གཟིགས་འབུལ་ཞུས་ཐོག་འདི་ལོའི་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་ཁོང་གཉིས་ལ་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག གཟེངས་རྟགས་དེ་ལྟ་བུ་ཞིག་ཐོབ་པ་ནི་ཁོང་མི་གཉིས་ནས་དཀའ་བརྒྱབ་པ་ཁོ་ན་མིན་པར་གཞིས་བཞུགས་བོད་མི་ཡོད་དོ་ཅོག་གིས་སྐུ་ངལ་འཛམེས་གནང་བའི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། སླད་མར་བོད་མི་ཡོངས་ནས་བོད་ཀྱི་རྩ་དོན་ཆེད་ནུས་པ་མཉམ་སྤུངས་གནང་གལ་ཡིན་པར་རེ་སྐུལ་ཞུས་འདུག

སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བརྩམས་པའི་བོད་ཀྱི་ཆས་གོས་དང་རྒྱན་ཆ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ།

དེ་རིང་ཟླ་ ༧ ཚེས་ ༡༡ ཉིན་སྔ་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བརྩམས་གནང་བའི་ Costumes and Jewellery of Tibet འམ་བོད་ཀྱི་ཆས་གོས་དང་རྒྱན་ཆ་ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་། སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་ཕྱག་དེབ་དེའི་ཐོག་འདས་པའི་ལོ་ ༡༥ ལྷག་གི་རིང་ཕྱག་ལས་གནང་ཡོད་པ་དང་ཐོག་མར་ཁོང་ནས་ཕྱི་ལོ་ ༡༩༩༠ ནང་༸གོང་ས་མཆོག་གི་མཛད་རྣམ་ཐོག་ཨ་རིའི་ Hollywood གློག་བརྙན་བཟོ་སྐྲུན་པའི་ལྷན་དུ་ཕྱག་ལས་གནང་བའི་ཁྲོད་བོད་ཀྱི་གནའ་བོའི་ཆས་གོས་དང་རྒྱན་ཆའི་སྐོར་ཐུགས་སྣང་ཆེན་པོ་གནང་བ་མ་ཟད་དེ་འབྲེལ་འདྲ་པར་མང་དག་ཞིག་ཕྱོགས་བསྡུས་གནང་སྐབས་སུ་ཁོང་ལ་སོག་པོའི་ཆས་གོས་དང་རྒྱན་ཆའི་སྐོར་ཕྱག་དེབ་ཞིག་ཕྱག་རྟགས་གནང་མཁན་བྱུང་བ་དེར་གཟིགས་ཚེ་ང་ཚོའི་བོད་ལ་ཆས་གོས་དང་རྒྱན་ཆ་འདི་ལས་ལྷག་པ་ཡོད་པ་ལྟར་ཕྱག་དེབ་ཞིག་འདོན་སྤེལ་གནང་མ་ཐུབ་ན་མི་འགྲིག་པར་དགོངས་ནས་ཕྱག་དེབ་འདིའི་ཐོག་ཕྱག་ལས་གནང་བ་ཞིག་རེད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ཕྱག་དེབ་དབུ་བྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ནས་ཕྱག་དེབ་དེའི་ཐོག་སྐུ་ལས་ཇི་ཙམ་སྐྱོན་ཡོད་པ་ཕྱག་དེབ་འདིའི་སྤུས་ཚད་ཐོག་ནས་ཆེས་མངོན་རྒྱུ་ཡོད་པར་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་ཕྱོགས་ཡོངས་ནས་བོད་འདི་རྒྱ་སྡེར་བསྒྱུར་ཐབས་བྱེད་བཞིན་པའི་དུས་སྐབས་འདིར་ཕྱག་དེབ་འདིས་བོད་དེ་བཞིན་རྒྱ་ནག་དང་ཐ་དད་ཡིན་པའི་དཔང་རྟགས་གནད་ཆེ་ཞིག་ཆགས་ཡོད་པ་གསུངས་ཡོད། མཛད་སྒོའི་ཐོག་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་ཁོང་ཐོག་མ་བོད་ནས་རྒྱ་གར་ལ་ཕེབས་པའི་སྐབས་སུ་དགུང་ལོ་ ༩ ཡིན་པ་དང་དེ་རྗེས་ལོ་ ༢ རིང་བོད་ལ་ཕེབས་མྱོང་ཡོད་ཀྱང་རྒྱ་མིའི་སློབ་གྲྭར་ཞུགས་ཡོད་སྟབས། རང་ཉིད་ལ་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་ཤེས་བྱ་དེ་ཙམ་མེད་སྐོར་གསུངས་པ་དང་སྦྲགས། དེ་རིང་དངོས་སུ་ཕྱག་དེབ་དབུ་འབྱེད་གནང་རྒྱུ་བྱུང་བ་ནི་ཡབ་དམ་པ་ཚ་རོང་བདུད་འདུལ་རྣམ་རྒྱལ་མཆོག་གིས་གཙོས་བོད་མི་རྒན་གྲས་རྣམས་ཀྱི་མཁྱེན་རྒྱ་དང་ལམ་སྟོན་གནང་བར་བརྟེན་ནས་ཡིན་པ་གསུངས་སོང་། རྩ་བའི་དབྱིན་ཡིག་ནང་ཡོད་པའི་བོད་ཀྱི་ཆས་གོས་དང་རྒྱན་ཆ་ཞེས་པའི་ཕྱག་དེབ་ནང་དེ་སྔ་བོད་རང་བཙན་མ་ཤོར་བའི་གོང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་པ་རྣམས་ཀྱི་ཆས་གོས་དང་རྒྱན་ཆ་གཙོ་གྱུར་བོད་ཆོལ་གསུམ་ནང་དཔོན་རིགས་དང་མང་ཚོགས་བཅས་ཀྱི་ཆས་གོས་དང་རྒྱན་ཆ་སྤྲས་སྲོལ་བཅས་སྡེ་ཚན་ ༡༢ ཡོད་པ་དང་། དཔར་རིགས་མི་འདྲ་བ་ཁྱོན་ ༡༨༠ ཙམ་ཡོད་པ་ལས་དེ་རིང་ཕྱག་དེབ་དབུ་འབྱེད་དང་འབྲེལ་དཔར་རིགས་གནད་ཡོད་ ༣༢ འགྲེམས་སྟོན་གནང་ཡོད་པ་རེད།  

བོད་ཀྱི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་བསླབ་ཆེད་དབྱར་ཁའི་སློབ་དུས་ཚོགས་གནང་བ།

ཕྱི་རྒྱལ་དུ་གནས་བཞུགས་བོད་ཕྲུག་རྣམས་ལ་ཆེད་མངགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་སོགས་བསླབ་ཆེད་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་ཟླ་བ་འདིའི་ཚེས་ ༢ ནས་འགོ་འཛུགས་ཀྱིས་དབྱར་ཁའི་སློབ་དུས་ཐེངས་ ༡༣ པ་འཚོགས་བཞིན་འདུག ཐེངས་འདིའི་དབྱར་ཁའི་སློབ་དུས་དེར་ཕྱི་རྒྱལ་ཡུལ་གྲུ་ཨ་མི་རི་ཀ་དང་། ཁེ་ན་ཌ། སུད་སི་སོགས་རྒྱལ་ཁབ་ཁག་དྲུག་ནས་བོད་པའི་སློབ་ཕྲུག་ ༨༠ ལྷག་ནས་མཉམ་ཞུགས་གནང་བ་དང་།  དབྱར་ཁའི་སློབ་དུས་རིང་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རྒྱལ་རབས།  ནང་ཆོས། བཟང་སྤྱོད།  བོད་ཀྱི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས།  དེ་བཞིན་ད་ལྟའི་བོད་ཀྱི་གནས་བབ།  བོད་ཁྱིམ་སློབ་གྲྭ་ཁག་ཏུ་སྐོར་བསྐྱོད་སོགས་ཀྱི་ལས་རིམ་ཁག་ཅིག་གོ་སྒྲིག་གནང་འདུག འདི་གའི་གསར་འགོད་པས་སློབ་དུས་དེའི་ནང་མཉམ་ཞུགས་གནང་མཁན་ཁག་ཅིག་ལ་བཀའ་འདྲི་ཞུས་པར་བོད་ཕྲུག་ཚོས་སློབ་དུས་དེར་ཡོང་དགོས་དོན་གཙོ་བོ་ནི་རང་ཉིད་སོ་སོ་བོད་པ་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་ཐོག་བསླབ་པ་སློབ་གཉེར་བྱེད་དགོས་གལ་གཟིགས་ནས་ཡོང་བ་ཡིན་པ་དང་།  འགའ་རས་རང་བོད་པ་ཡིན་ཟེར་དུས་བོད་སྐད་ཐོག་བཀའ་མོལ་གནང་མ་ཐུབ་ན་ངོ་ཚ་བོ་ཆགས་ཀྱི་འདུག་པས་དེར་བརྟེན་དབྱར་ཁའི་སློབ་དུས་དེར་ཡོང་བ་ཡིན་པ་གསུངས་སོང་། རྩ་བའི་དབྱར་ཁའི་སློབ་དུས་དེ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་དགོངས་བཞེས་དང་ཕྱི་རྒྱལ་གནས་བཞུགས་བོད་ཕྲུག་ཚོའི་ཕ་མ་རྣམས་ཀྱིས་ཕྱིའི་རྒྱལ་ཁབ་ཏུ་རང་གི་ཕྲུ་གུ་རྣམས་རང་སྐད་དང་བྲལ་ནས་མི་རིགས་གཞན་གྱི་རིག་གཞུང་གི་ཤུགས་རྐྱེན་ལ་བརྟེན་ནས་བོད་པའི་རིག་གཞུང་ཉམས་ཀྱི་ཡོད་པས། དོན་གནད་དེར་གཟིགས་ནས་ཆེད་མངགས་བོད་ཀྱི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་སོགས་ལ་བསླབ་པ་སློབ་གཉེར་ཆེད་དབྱར་ཁའི་སློབ་དུས་བཙུགས་པ་རེད་འདུག  དབྱར་ཁའི་སློབ་དུས་དེ་ཟླ་བ་གཅིག་ལྷག་ཙམ་ཚོགས་ཀྱི་ཡོད་པ་དང་སློབ་དུས་དེར་བོད་ཕྲུག་མཉམ་ཞུགས་གནང་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་པ་རེད་འདུག

འདི་ལོ་བལ་ཡུལ་ནང་༸སྐུའི་འཁྲུངས་སྐར་སྲུང་བརྩི་གང་ལེགས་ཞུས་ཐུབ་པ་བྱུང་འདུག

བལ་ཡུལ་གཞུང་གིས་ཁུལ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཆོག་མཆན་གནང་མིན་ལ་ལྟོས་མེད་བོད་མི་རྣམས་ཀྱིས་ཁ་སང་དགའ་དད་སྤྲོ་གསུམ་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་བར་ཁ་སང་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་གི་ Jwalakhel བོད་མིའི་གཞིས་སྒར་དུ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་གིས་རྐང་འགན་བཞེས་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཨཱཙཱ་རྱ་ཀརྨ་ཡེ་ཤེས་ཤར་པ་ལགས་དང་ཨ་རིའི་གཞུང་ཚབ་ཆེན་མོ་རྣམ་གཉིས་ཀྱིས་གཙོས་དབྱིན་ཡུལ་དང་ཕི་རན་སི། དེ་བཞིན་ཨི་སི་ཊོ་ལི་ཡ། རྒྱ་གར་ལ་སོགས་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོ་བཅས་ལྷན་ཞུགས་ཐོག་བོད་མི་རྣམས་ཀྱིས་དགའ་དད་སྤྲོ་གསུམ་འཁོད་པའི་ངང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག་པ་མ་ཟད་དེ་རིང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་ངོས་ནས་མང་ཚོགས་ལ་གཟུགས་ཀྱི་ཉི་མའི་ལྷ་གཞུང་འཁྲབ་སྟོན་ཞུས་འདུག དེ་བཞིན་ཁ་སང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་དུས་ཆེན་ཉིན་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་རིག་གཞུང་ཚན་པས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠༠ ཙམ་ལྷན་འཛོམས་ཐོག་སུད་སི་གྲོང་ཁྱེར་ Zurich ས་གནས་ཡུལ་མི་རྣམས་ལ་བོད་ཀྱི་གནའ་དེང་གཉིས་ཀྱི་སྒོར་གཞས་གཟིགས་འབུལ་དང་། བོད་ཀྱི་ཐུན་མིན་ཁ་ཟས་ཀྱི་ལྟོ་ཕད་རེ་རེ་འགོད་འགྲེམས་གནང་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཁ་སང་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཁུལ་དེའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་རིང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་དབྱིན་ཡུལ་གཞུང་མང་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་ནས་ཡུལ་དེའི་ Cambain ས་གནས་སུ་ཉིན་གུང་ཚོུད་ ༡༢ ནས་ཕྱི་དྲོ་ཚོུད་ ༥ བར་བོད་ཀྱི་རིག་གཞུང་དུས་སྟོན་ཞེས་པའི་མཚན་སྦྱང་ཐོག་ཡུལ་དེའི་མང་ཚོགས་ལ་བོད་ཀྱི་གཞས་སྣ་སློབ་ཁྲིད་དང་བོད་དོན་གཏམ་བཤད། བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་དཀྱིལ་འཁོར་བཞེངས་བསྐྲུན་སོགས་ཀྱི་ལས་རིམ་སྤེལ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག རྩ་བའི་ཁ་སང་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དང་བསྟུན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་ནང་གཟའ་འཁོར་འདིའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག དེ་དང་ཕྱོགས་མཚུངས་ ༸གོང་ས་མཆོག་ལ་དད་གུས་ཞུ་མཁན་རྒྱ་གར་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་དག་ཞིག་གིས་འཕྲུལ་སྒྲ་ཐོག་ནས་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་དང་༸གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག

ཨི་ཊ་ལི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་གནང་ཐོག་ཟླ་ ༦ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༡ བར་ཡོ་རོབ་གླིང་ཆེན་གྱི་ཨི་ཊ་ལིའི་རྒྱལ་ཁབ་ Bolzano ནང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གི་ལྷན་ཚོགས་ཤིག་ཚོགས་འདུག ཐེངས་འའདིའི་ཚོགས་འདུའི་ཐོག་ཇེ་ནི་ཝའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། ཡུ་རོབ་ཁུལ་དུ་ཡོད་པའི་ནོར་ཝེ་དང་ཨུ་རུ་སུ། ཨིཛ་རེལ།  སུད་སི། ཌེན་མག ཨོ་སི་ཊོ་ལི་ཡ། དེ་བཞིན་དབྱིན་ཡུལ་སོགས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རྒྱལ་ཁབ་ཁག་ ༢༠ ནས་མི་གྲངས་ ༤༨ ལྷག་ནས་ལྷན་ཞུགས་གནང་འདུག ཚོགས་འདུའི་ཐོག་ལྷན་ཞུགས་གནང་མཁན་ཚོས་རྒྱ་ནག་རྒྱལ་ཁབ་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཆ་ནས་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་དེས་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་འཆར་གཞི་དང་ཐག་གཅོད། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་ཐད་ཤུགས་རྐྱེན་དང་གནོན་ཤུགས་སྤྲད་པའི་ཐོག་ལས་འགུལ་གང་སྤེལ་དགོས་མིན་དང་། ལོ་རྗེས་མར་བོད་མིའི་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་འཁོར་གྱི་ཡོད་པ་དང་བསྟུན་ལོ་འཁོར་མོའི་ནང་བོད་དོན་ལས་འགུལ་སྤེལ་རྒྱུ་མ་ཟད་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་དགུན་ཁའི་ཨོ་རྩེད་འགྲན་ཚོགས་གནང་རྒྱུ་ཡིན་པ་ལྟར་དེའི་ཚེ་བོད་དོན་ལས་འགུལ་གང་སྤེལ་དགོས་མིན། བོད་ཀྱི་ཁོར་ཡུག་དང་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་པ་གཞན་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐད་གོ་བསྡུར་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་པའི་ཇི་ནི་ཝའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བོད་དོན་བདེན་ཐབས་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་རང་བཙན་གཙང་མ་འདོད་མཁན་གྱི་རྒྱབ་སྐྱོར་བ་གཞིར་བཞག་ནས་དབྱེ་འབྱེད་གནང་རྒྱུ་དེ་གལ་གནད་མིན་པ་དང་། ད་ལྟ་ང་ཚོའི་ངོས་ནས་དོ་སྣང་གནང་ས་གཙོ་བོ་དེ་བོད་མི་རྣམས་ལ་རྒྱ་གཞུང་ནས་དོན་སྙིང་ལྡན་པའི་རང་དབང་ཞིག་ཐོབ་ཐབས་ལ་འབད་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་དབུ་འཛུགས་གནང་བ་ལྟར་ད་ལྟའི་ཆར་རྒྱལ་ཁབ་མི་འདྲ་བ་ ༥༠ ལྷག་གི་ནང་ཚོགས་ཁག་ ༢༠༠ ཐམ་པ་ཡོད་ཐོག་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་གནང་མུས་རེད།

Latest news