བཙན་བྱོལ།
ནོར་གླིང་དུས་སྟོན་ཐེངས་གཉིས་པ་དབུ་འཛུགས།
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དུས་སྟོན་ཐེངས་གཉིས་པ་དབུ་འཛུགས་དང་འབྲེལ། སྐུ་མགྲོན་གཙོ་བོ་མཆོག་གིས་ད་ལྟའི་ནོར་གླིང་གི་ཐོན་སྐྱེད་ལ་བསྔགས་བརྗོད་དང་འབྲེལ། རིག་གཞུང་མི་ཉམས་རྒྱུན་འཛིན་ནི་ལུས་ཀྱི་སྦྱོང་བརྡར་དང་མཉམ་དུ་རིག་པའི་གཞུང་ལུགས་རྩ་འཛིན་བྱས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།
དེ་ཡང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དུས་སྟོན་ཐེངས་གཉིས་པའི་དེ་བཞིན་སང་ཚེས་ ༢༤ བར་ཉིན་གྲངས་གཉིས་རིང་གནང་གི་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག །བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། སྤྱི་ཁྱབ་འགན་འཛིན་ཚེ་རིང་ཕུན་ཚོགས། གཞན་ཡང་རྒྱ་གར་གྱི་སྐུ་མགྲོན་སོགས་སྐུ་མགྲོན་གཞན་ཁག་གཅིག་དང་མང་ཚོགས་བཅས་ལྷན་ཞུགས་གནང་སོང་།
ཐེངས་འདིའི་དུས་སྟོན་གྱི་བརྗོད་གཞི་གཙོ་བོ་དེ་བྱམས་སྙིང་རྗེ་ཡི་རིག་གནས་དང་། སྲོལ་རྒྱུན་སྒོམ་གཤིས་ཀྱི་འཚོ་གནས་ཞེས་པ་དེ་ཡིན་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་ཁྲོད། བོད་པའི་སྤྱི་ཚོགས་ནང་སྒྲིག་འཛུགས་མང་པོ་ཡོད་པའི་ནང་ནས་རང་ཁ་རང་གསོ་ཐུབ་མཁན་ཉུང་ཤས་ནང་ནས་གཅིག་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དེ་ཡིན་ཞིང་། ཐོན་སྐྱེད་རྣམས་དངོས་དོན་བོད་ཀྱི་ནང་དོན་རིག་པའི་གཞི་རྩ་ལ་བརྟན་པ་ཞིག་ཆགས་ཀྱི་ཡོད་སྟབས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད་ཅེས་གསུངས་སོང་། དེ་བཞིན་བོད་ཀྱི་རིག་རྩལ་འགའ་ཤས་ཚོང་ལས་རང་གི་ཐོག་ནས་བསམ་ན་ཁེ་ཕན་ཆེན་པོ་མེད་ཀྱང་། སྤྱིར་རིག་གནས་རྒྱབ་ལྗོངས་ཀྱི་ཐོག་ནས་བསམ་བློ་བཏང་ཚེ་ཧ་ཅང་གནད་འགག་ཆེ་བ་མང་པོ་ཡོད་པ་དང་། དེ་དག་ད་བར་མི་ཉམས་རྒྱུན་འཛིན་གནང་ཡོད་པ་དང་མ་འོངས་པ་ལའང་གནང་དགོས་ཤིང་། མི་ཉམས་རྒྱུན་འཛིན་གནང་སྟངས་དེའང་ལུས་ཀྱི་སྦྱོང་བརྡར་དང་མཉམ་དུ་རིག་པའི་གཞུང་ལུགས་རྩ་འཛིན་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་སོང་།
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གསར་འཛུགས་གནང་བའི་བརྒྱུད་རིམ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆར་སྒྲིག་འཛུགས་དེའི་འཛིན་སྐྱོང་གི་སྒྲིག་གཞི་གཙོ་བོར་གྱུར་བའི་ལས་བྱེད་ཀྱི་བླངས་དོར་དང་ཐོབ་ཐང་སྒྲིག་གཞི་ཆ་ཚང་གཏན་ལ་ཕབ་ལ་ཉེ་བའི་དུས་སྐབས་སུ་སླེབས་ཡོད་པ་དང་། ནོར་གླིང་དེ་བཞིན་གང་ཟག་གི་དབང་སྒྱུར་མིན་པར་ཁྲིམས་དང་སྒྲིག་གཞིས་དབང་སྒྱུར་ཐོག་འགྲོ་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད་ཅིང་། འཚོ་བ་རང་སྐྱོང་གི་སྡེ་ཚན་ཞིག་ཡིན་སྟབས། དཔལ་འབྱོར་འདུ་འགོད་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་པར་ཚོང་གི་ལམ་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་འབད་བརྩོན་ཞུ་བཞིན་ཡོད་པ་གསུངས་སོང་། ལྷག་པར་ཐོན་སྐྱེད་ཙམ་མིན་པར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྒྱུ་རྩལ་ཐོག་འབད་རྩོན་དང་། འཛིན་སྐྱོང་ཚག་ཚུད། ཕྱི་གསལ་ནང་གསལ། ཚང་མས་མོས་པ་ཡོང་ཐུབ་པ་ཞིག་བཟོ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་པ་གསུངས་སོང་།
རྩ་བའི་དུས་སྟོན་འདིའི་ཐོག་བོད་ཀྱི་སྲོལ་རྒྱུན་རྩེད་མོ་དང་ན་ཆུང་རི་མོའི་འགྲན་བསྡུར། བོད་ཀྱི་ཟས་རིགས། རིག་གཞུང་འཁྲབ་སྟོན། བཟོ་རིག་སྒྱུ་རྩལ། བརྩམས་ཆོས་འགྲེམས་སྟོན་སོགས་གནང་གི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་ཐེངས་འདིའི་དུས་སྟོན་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་སྔ་ལོ་དུས་སྟོན་ཐེངས་དང་པོ་གོ་སྒྲིག་ཞུས་པའི་སྐབས་མང་ཚོགས་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་རྡ་ས་ཁུལ་གྱི་རྒྱ་གར་དཔོན་རིགས་ཚོས་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་དང་། ད་དུང་མང་ཙམ་གོ་སྒྲིག་ཞུ་དགོས་སྐོར་གསུང་མཁན་ཡང་བྱུང་ཡོད་སྟབས། ཟླ་བ་རེ་རེའི་ནང་ཟླ་སྟོན་ཞེས་པ་གོ་སྒྲིག་ཞུ་བཞིན་ཡོད་པ་གསུང་སོང་། ད་དུང་འདས་པའི་ལོ་བཅུ་དང་བསྡུར་ན་ད་ལྟའི་ཆར་བོད་པའི་བཟོ་རིགས་སྦྱང་བཙོན་བྱེད་མཁན་བོད་མི་གཞོན་སྐྱེས་ཉུང་དུ་འགྲོ་བཞིན་ཡོད་སྟབས། བོད་ཕྲུག་དང་མཉམ་དུ་ཧི་མ་ལ་ཡའི་རི་རྒྱུད་ནས་བོད་པའི་སློབ་གྲྭ་འགྲིམ་མྱོང་མཁན་དང་དགོན་སྡེ་ཁག་ལ་ཕེབས་མྱོང་མཁན་གཙོས་པའི་བོད་ཡིག་ཤེས་མཁན་གཙོ་བར་བཟུང་ནས་སློབ་ཕྲུག་གསར་བསྡུའི་འབད་བརྩོན་ཞུ་བཞིན་ཡོད་པ་དང་། ལྷག་པར་དུས་རབས་དང་བསྟུན་ནས་བོད་པའི་རིག་གཞུང་རྒྱུན་མཐུད་པ་ལ་བོད་པའི་སློབ་ཕྲུག་ཡོང་ཐབས་སུ་འབད་བརྩོན་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི་ཕྱི་ལོ་ ༡༩༨༨ ལོར་ཐོག་མར་གསར་བཞེངས་དབུ་བཙུགས་ཏེ། ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་ཏེ། བོད་གངས་ཅན་ལྗོངས་ཀྱི་ལེགས་བྱང་བསྡུས་པའི་སྒྱུ་རྩལ་གྱི་རྣམ་གྲངས་ཁག་མྱུར་སྐྱོབ་གཅེས་གཉེར་བྱེད་པའི་ལྟེ་གནས་ཤིག་ཡིན་པ་དང་། འཛིན་སྐྱོང་ཡིག་ཚང་དང་ཐོན་སྐྱེད་སྡེ་ཚན། མཛད་རྣམ་སྡེ་ཚན། ཉམས་ཞིབ་སྡེ་ཚན། རྟེན་བཞེངས་སྡེ་ཚན་སོགས། སྡེ་ཚན་ཁག་ ༣༠ ལྷག་ཡོད་པ་དང་། ད་ལྟའི་ཆར་ལས་སློབ་གྲངས་ ༣༥༠ ལྷག་ཡོད་པ་རེད། དུས་སྟོན་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་ཚོགས་པ་ཡོད།
བོད་ཀྱི་སྐད་ཡིག་རྒྱུན་འཛིན་དགོས་པའི་གཞེན་སྐུལ་དང་བཅས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་དང་སྦྲགས། བཙན་བྱོལ་བོད་མི་ཚོས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་རྒྱུན་འཛིན་དགོས་པའི་གཞེན་སྐུལ་དང་མཉམ་དུ། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
དེ་ཡང་དེ་རིང་ཟླ་བ་ ༡༠ ཚེས་ ༢༣ ཉིན་བཞུགས་སྒར་རྡ་རམ་ས་ལར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། ཆེ་བསྟོད་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
མཛད་སྒོའི་ཐོག་མར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱིས་བོད་ཁྱིམ་སློབ་གྲྭ་ཁག་གི་སྤྱི་ཡོངས་ལས་བསྡོམས་སྙན་སྒྲོན་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བར་དམིགས་པའི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་དེ་ལ་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་། ལྷག་པར་བོད་ཕྲུག་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་སྤེལ་བྱས་པའི་ལམ་ནས་གདོང་ལེན་བྱེད་དགོས་པའི་སྐུལ་མ་གནང་སོང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གིས་ཁྲིམས་ཀྱི་འབག་གཡོག་ནས་བོད་ཀྱི་ངོ་བོ་ནག་བསུབ་གཏོང་ཐབས་བྱེད་ཀྱི་ཡོད་ནའང་། གཞིས་བཞུགས་བོད་མི་ཚོས་དཀའ་སྡུག་དྲག་གནོན་འཛེམས་མེད་ཐོག་ནས། བོད་ཀྱི་རིག་གཞུང་རྒྱུན་འཛིན་ལས་དོན་ལ་འབད་འབུངས་ལྷོད་མེད་གནང་གི་ཡོད་པར་བསྔགས་བརྗོད་དང་སྦྲགས། འབྱུང་འགྱུར་མུ་མཐུད་བོད་མིའི་ངོ་བོ་སྲུང་སྐྱོབ་ཀྱི་ལས་ལ་འབད་དགོས་པའི་གཞེན་སྐུལ་གནང་སོང་།
དེ་ལྟར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཀྱང་། བོད་མི་རྣམས་ཀྱིས་གནས་སྐབས་ཀྱི་དགོས་མཁོ་དང་སྟབས་བདེར་བལྟས་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་རྒྱུར་སྣང་མེད་གཏང་ན། མ་འོངས་པར་ནམ་ཞིག་བོད་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས། ད་ལྟའི་དུས་ནས་བཟུང་བོད་མི་རྒན་གཞོན་ཚང་མས་བོད་ཀྱི་སྐད་ཡིག་གཙོས་པའི་རིག་གཞུང་གི་ངོ་བོ་རྒྱུན་འཛིན་དགོས་པ་དང་། ལྷག་པར་དུ་བོད་མི་ནང་ཁུལ་བཀའ་མོལ་གནང་སྐབས། སྲེ་ལྷད་མེད་པའི་བོད་སྐད་གཙང་མ་སྐྱོན་རྒྱུར་འབད་རྩོལ་དགོས་པའི་སྐུལ་མ་གནང་སོང་།
ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་ཀྱང་། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རྩ་བ་ལྟ་བུ་དེ། སྐད་ཡིག་ཡིན་པ་ཤེས་པའི་ཐོག་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་དང་འདོད་དགོས་པ་མ་ཟད། བོད་མི་ཕན་ཚུན་ཁ་བརྡ་བྱེད་པའི་སྐབས་སུ་བོད་སྐད་གཙང་མ་སྐྱོན་ཐབས་ལ་འབད་དགོས་པ་གསུངས་སོང་།
དེ་མ་ཟད་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་ན་གཞོན་རྣམས་ཀྱི་རྒྱུད་ལ་ཤེས་ཡོན་སློབ་གསོ་དང་མཉམ་དུ། བོད་མིའི་ཆོས་རིག་དང་འབྲེལ་བའི་ཡ་རབས་བཟང་པོའི་སྤྱོད་ཚུལ་རྣམས་འཇགས་ཐབས་སུ། གཞོན་དུས་ནས་བཟང་སྤྱོད་ཀྱི་བསླབ་བྱ་རྣམས་སློབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང། དེ་འབྲེལ་ཕ་མ་དང་དགེ་རྒན་རྣམས་ཀྱིས་ཐུགས་ཁུར་བཞེས་དགོས་པའི་ལམ་སྟོན་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་བོད་ཕྲུག་ཁྱིམ་སྡེའི་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་གྲངས་ ༢༡ ལ་གཟེངས་རྟགས་དང་། སློབ་ཕྲུག་ ༥ ལ་ཤེས་ཡོན་གྱི་ལེགས་སྐྱེས། སློབ་ཕྲུག་རྩེ་ཕུད་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་བུམ་སྐྱོན་གསུམ་བྲལ་གྱི་ཕྱག་འཁྱེར་གནང་རྗེས། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་དར་སྤེལ་མཚོན་པའི་ལུས་རྩལ་གཟིགས་འབུལ་ཞུས་སོང་།
དེ་རྗེས་མུ་མཐུད་ཉིན་གྲངས་གསུམ་རིང་ལ་འགྲེམས་སྟོན་དང་། གཞས་སྣ་འཁྲབ་སྟོན། སློབ་གྲྭའི་ཁང་ཚན་ནང་ཁུལ་རྩེད་འགྲན། ལྷ་གཞུང་གཟིགས་འབུལ་སོགས་ཀྱི་ལམ་ནས་དུས་དྲུན་སྲུང་བརྩི་གནང་གི་འདུག
གཞི་རྩའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཕེབས་མ་ཐག་བོད་ཕྲུག་འཁོས་ཞན་རྣམས་ལ་གཟིགས་སྐྱོང་བྱ་སའི་ལྟེ་གནས་ཤིག་དགོས་གལ་ཆེ་བའི་བཀའ་སློབ་ལམ་སྟོན་གནང་བ་ལྟར། ཐོག་མར་ཕྱི་ལོ་ ༡༩༦༠ ལོར་བོད་མི་ལམ་ཟོ་བའི་ཕྲུ་གུ་ ༥༡ སློབ་འཇུག་གིས་བུ་གསོ་ཁང་ནས་དབུ་ཚུགས་པ་དང་། སྐབས་དེར་སྐུའི་གཅེན་མོ་སྟག་ལྷ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཕྲུ་གུ་དེ་དག་གཟིགས་སྐྱོང་གནང་ཡོད།
དེ་རྗེས་སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱིས་དབུ་འཛིན་གྱི་ཐུགས་ཁུར་བཞེས་པའི་རྗེས་རིམ་པས་སྔར་གྱི་བུ་གསོ་ཁང་དེ་ཚད་ལྡན་གྱི་སློབ་གྲྭ་ཞིག་ཏུ་གྱུར་བ་མ་ཟད། ཕྱིས་སུ་སློབ་གྲྭ་རྒྱ་སྐྱེད་དང་སྦྲགས་ཡན་ལག་སློབ་གྲྭ་ཁག་ཅིག་ཀྱང་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་ལ། ད་ལྟའི་ཆར་བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་འོག་ཏུ་བོད་ཕྲུག་ཁྱིམ་སྡེ་ ༥ དང། གཏན་ཉིན་སློབ་གྲྭ་ ༦། ལས་རིགས་སློབ་གཉེར་ཁང་ ༢། ཏཱ་ལའི་བླ་མའི་སློབ་གཉེར་ཁང་། བོད་ཁྱིམ་སྡོད་ཁང་ ༢། བཅས་འདུག་པ་དང་། གཞི་རིམ་སློབ་གྲྭ་དེ་དག་ཏུ་འགྲིམས་བཞིན་པའི་སློབ་ཕྲུག་ནང་དུ་བོད་ཕྲུག་གྲངས་ ༣༡༥༧ དང་། ཧི་མ་ལ་ཡའི་སློབ་ཕྲུག་ ༡༧༤༤ ཕྱི་རྒྱལ་གནས་སྡོད་བོད་ཕྲུག་ ༢༩ རྒྱ་གར་ཡུལ་མིའི་ཕྲུ་གུ་ ༥༤ བཅས་ཁྱོན་བསྡོམས་སློབ་ཕྲུག་ ༤༩༨༤ ཡོད་པ་རེད་འདུག
སུད་སིར་གནས་སྡོད་བོད་པའི་གཞོན་སྐྱེས་ཁག་གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་ཤེས་ཡོན་སྐོར་སྐྱོད་གནང་བ།
སུད་སིར་གནས་སྡོད་བོད་པའི་གཞོན་སྐྱེས་རྣམས་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ཁྲིད་ནས་རྒྱལ་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་གོ་རྟོགས་སྤེལ་འདུག
དེ་ཡང་ཟླ་བ་འདིའི་ཚེས་ ༡༩ ཉིན་སུད་སིའི་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཇི་ནི་ཝ་བོད་རིགས་མཐུན་ཚོགས་ཟུང་སྦྲེལ་ཐོག་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་ཅིང་། ལས་རིམ་དེའི་ནང་ལོ་ན་ ༦ ནས་ ༡༥ བར་གྱི་བོད་པའི་གཞོན་སྐྱེས་གྲངས་ ༡༥ དང་དགེ་རྒན་གཅིག་བཅས་ཁྱོན་མི་གྲངས་ ༡༦ མཉམ་ཞུགས་གནང་བ་མ་ཟད། སྐབས་དེར་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱང་ལྷན་བཅར་ཞུས་འདུག
ད་རེས་སུད་སིར་གནས་སྡོད་བོད་པའི་གཞོན་སྐྱེས་རྣམས་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་རིམ་འདིའི་ཐོག་མཉམ་ཞུགས་གནང་བ་ནི་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། སྐོར་སྐྱོད་ཀྱི་ལས་རིམ་འདི་ནི་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་རྟོགས་ཙམ་མ་ཡིན་པར་ཁོང་རྣམས་ཀྱི་མཐོང་རྒྱ་ཇེ་ཆེར་གཏོང་རྒྱུ་དང་། མ་འོངས་པའི་གོ་སྐབས་ལ་བསམ་གཞིག་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པར་མ་ཟད། བོད་ཕྲུག་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐོར་ཤེས་རྟོགས་བརྒྱུད། རྒྱལ་སྤྱིའི་མཉམ་ལས་དང་། ཕྱི་འབྲེལ། རྒྱལ་སྤྱིའི་དཀལ་ངལ་སེལ་བར་ཕན་ཐོགས་མཁན་གྱི་སྒྲིག་འཛུགས་བཅས་ཀྱི་སྐོར་གོ་རྟོགས་ཐོབ་ཆེད་དུ་དམིགས་པ་ཞིག་རེད་འདུག
འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་ཤེས་ཡོན་ལྟ་སྐོར་དང་འབྲེལ་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐོར་དང་ལས་དོན་བྱེད་ཕྱོགས་ཐད་བོད་པའི་གཞོན་སྐྱེས་རྣམས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་བསྐྲུན་རྒྱུ་ནི་གལ་ཆེན་ཡིན་སྐོར་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐོར་རྒྱུས་ལོན་བྱེད་པའི་བརྒྱུད་གཞོན་སྐྱེས་རྣམས་ལ་མ་འོངས་མཐོ་རིམ་གྱི་ཤེས་ཡོན་སློབ་གཉེར་དང་། ཆེད་ལས་ཀྱི་ལས་རིགས། དེ་བཞིན་རྒྱལ་སྤྱིའི་ཚོགས་པ་ཁག་གི་ནང་ལས་ཀའི་གོ་སྐབས་བཅས་ཀྱི་སྐོར་ངོ་སྤྲོད་ཡོང་བར་ཕན་ཐོགས་ཡོང་སྲིད་པ་ཡིན་སྟབས། འདི་ལྟ་བུའི་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་རིམ་བརྒྱུད་མི་རབས་གཞོན་པའི་ཁྲོད་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་སྐོར་ཤེས་འདོད་ཀྱི་བློ་སྐུལ་འདེད་གཏོང་རྒྱུར་དམིགས་པ་ཞིག་དང་། མཉམ་འབྲེལ་རྒྱལ་ཚོགས་ནང་དངོས་སུ་སྐོར་སྐྱོད་དང་ལམ་སྟོན་པས་འགྲེལ་བརྗོད་གནང་བའི་བརྒྱུད་མཉམ་ཞུགས་པ་རྣམས་ལ་སྔོན་ཆད་བློ་ལ་མ་འཁོར་བའི་མ་འོངས་ཀྱི་གོ་སྐབས་མང་པོ་ཞིག་སེམས་ལ་འཆར་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་།
ཤེས་ཡོན་སྐོར་སྐྱོད་ཁྲོད་གཞུང་འབྲེལ་ཕ་རན་སི་སྐད་ཡིག་ཐོག་ལམ་སྟོན་གནང་མཁན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རྒྱུས་དང་། སྒྲོམ་གཞི། ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་དང་འབྲེལ་ནས་། རྒྱལ་ཚོགས་ཀྱི་སྒྲིག་འཛུགས་མི་འདྲ་བ་དང་དེ་དག་གིས་རྒྱལ་སྤྱིའི་གནད་དོན་ཁག་ལ་གདོང་ལེན་ཇི་ལྟར་བྱེད་ཕྱོགས་སོགས་ཞིབ་རྒྱས་ངོ་སྤྲོད་གནང་སྐབས། བོད་ཕྲུག་རྣམས་ནས་དོ་སྣང་ཆེན་པོས་ཉན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་ནས་དྲི་བ་མང་དག་ཅིག་ཀྱང་དྲིས་ཡོད།
སུད་སིའི་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ལས་རིམ་འདིའི་བརྒྱུད་མཉམ་ཞུགས་པ་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་གཞན་ཁག་གི་སྐོར་རྒྱུན་མཐུད་སློབ་སྦྱོང་བྱེད་པར་སྐུལ་འདེད་ཡོང་བའི་རེ་བ་དང་། དེ་བཞིན་གཞོན་སྐྱེས་རྣམས་ཤེས་ཡོན་ཅན་དང་། གདེང་སྤོབས་ལྡན་པ། རྒྱལ་སྤྱིའི་མཉམ་ལས་གྱི་གལ་གནད་རང་བཞིན་ཐོག་གོ་རྟོགས་ཡོད་མཁན་ཞིག་གསོ་སྐྱོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལེགས་སྐྱེས་ཕུལ་ཐུབ་མཁན་ཞིག་ཆགས་པའི་རེ་བ་གནང་གི་ཡོད་པ་གསུངས་སོང་།
ཕྱོགས་མཚུངས་ཉེ་ཆར་ལོན་ཌོན་སྐུ་ཚབ་དོན་ཁང་ནས་ཝེ་སི་མིན་སི་ཊར་ (Westminster) གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་རབ་འབྱམས་པའི་སློབ་མ་གྲངས་ ༡༠ ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་རྒྱ་ཆེ་བའི་ས་ཁམས་ཆབ་སྲིད་ཁྲོད་བོད་ཀྱི་གནས་བབ་ཐོག་བགྲོ་གླེང་གི་ལས་རིམ་ཞིག་སྐོང་འཚོགས་གནང་འདུག
བགྲོ་གླེང་གི་ལས་རིམ་དེའང་མི་ཆོས་རིག་པ་དང་ཁྲིམས་ལུགས། སྤྱི་ཚོགས་ཚན་རིག་བཅས་ཀྱི་རྨང་གཞིའི་སྦྱོང་ཚན་དང་། ཕྱི་འབྲེལ་དང་གོ་ལའི་ཆབ་སྲིད་ཀྱི་གཙུག་ལག་རབ་འབྱམས་པའི་འགན་འཛིན་དང་མཐོ་རིམ་སློབ་དཔོན་བགྲེས་པ་འབུམ་རམས་པ་ (Dr Frands Pedersen) ལགས་ཀྱི་འབྲེལ་མཐུད་འོག་ཕྱི་འབྲེལ་དང་གོ་ལའི་ཆབ་སྲིད། རྒྱལ་སྤྱིའི་འབྲེལ་ལམ་ཐོག་གཙུག་ལག་རབ་འབྱམས་གནང་མཁན་གྱི་སློབ་མ་རྣམས་ཨིན་ཡུལ་སྐུ་ཚབ་དོན་ཁང་དུ་ཕེབས་ཡོད་པ་དང་། ལས་རིམ་འདིའི་བརྒྱུད་སློབ་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་དང་སྲིད་གཞུང་ཞིག་ཏུ་ངོས་འཛིན་མེད་པའི་སྒྲིག་འཛུགས་ཤིག་གིས་རྒྱལ་སྤྱིའི་ཞུ་གཏུག་གི་འབད་བརྩོན་བཅས་ལ་རྒྱུས་ལོན་ཐུབ་པ་བྱུང་འདུག
སྐབས་དེར་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་སྦྲགས། ལས་རིམ་འདི་ནི་ཕྱི་ལོ་ ༢༠༢༣ ལོར་ཁོང་ཉིད་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་པའི་རིང་འགོ་འཛུགས་ཀྱིས་ལམ་ལུགས་ལྟ་བུ་ཞིག་གྱུར་ཡོད་པ་འགྲེལ་བརྗོད་དང་། དེ་བཞིན་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་ཁང་གི་འགན་འཁྲི་དང་ལས་དོན་ཐོག་ངོ་སྤྲོད་གནང་བ་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གྱི་དམིགས་ཡུལ་དང་ཉེན་ཚབས་སྐོར་གསལ་སྟོན་གནང་འདུག
འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་ Nyiya Nairatmya Centre ནྱི་ཡ་ནེ་རཱཏྨྱ་ཆོས་ཚོགས་དབུ་འབྱེད་གནང་འདུག
འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ Prem Singh Tamang Golay མཆོག་ནས་ནྱི་ཡ་ནེ་རཱཏྨྱ་ Nyiya Nairatmya Centre ཞེས་པའི་ས་སྐྱའི་ཆོས་ཚོགས་ཤིག་དབུ་འབྱེད་གནང་འདུག
དེ་ཡང་ཟླ་འདིའི་ཚེས་ ༡༦ ཉིན་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན། འབྲས་ལྗོངས་ནང་གི་དགོན་སྡེ་དང་ཚོགས་སྡེ་ཁག་སོགས་ལ་བཀའ་སློབ་དང་དབུ་འབྱེད་ཀྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་པའི་ཁྲོད། ཁ་སང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ Prem Singh Tamang Golay མཆོག་ནས་ནྱི་ཡ་ནེ་རཱཏྨྱ་ Nyiya Nairatmya Centre ཞེས་པའི་དཔལ་ས་སྐྱ་པའི་ཆོས་ཚོགས་ཀྱི་རྟེན་དང་རྟེན་པ་བཅས་པར་གསར་བཞེངས་ལེགས་པར་གྲུབ་ནས་རབ་གནས་དང་དབུ་འབྱེད་མཛད་འདུག་པ་དང་སྦྲགས། ཆོས་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ་དང་མི་མང་སོགས་ལ་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་འདུག
དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་མང་ཚོགས་ལ་བཀའ་སློབ་གནང་བའི་ཁྲོད། ཆོས་ཚོགས་ཀྱི་རྟེན་དང་རྟེན་པ་བཅས་པར་གསར་བཞེངས་ལེགས་པར་གྲུབ་པར་འཚམས་འདྲི་དང་སྦྲགས། ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཛད་འདུག་པ་དང་འབྲེལ། ནང་ཆོས་སློབ་གཉེར་གནང་བའི་རྗེས་སུ་རང་སོ་སོ་ནས་ཉམས་ལེན་བྱེད་དགོས་པ་དང་། དེ་ལྟར་བྱེད་ཐུབ་ན་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་པ་རེད་ཅེས་བཀའ་སྩལ་འདུག
ཕྱོགས་མཚུངས་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ Prem Singh Tamang Golay མཆོག་གི་སྒེར་གྱི་ངོ་དེབ་ཏུ་ནྱི་ཡ་ནེ་རཱཏྨྱ་ Nyiya Nairatmya Centre ཆོས་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་བཅར་ཐུབ་པ་དེ་ནི་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་བརྗོད་འདུག་པ་དང་འབྲེལ། ཆོས་ཚོགས་འདིའི་བརྒྱུད་ནས་འབྲས་ལྗོངས་ཀྱི་རིག་གཞུང་དར་སྤེལ་ལ་ཕན་ཐོགས་ཡོང་རྒྱུ་དང་ནང་པ་སངས་རྒྱས་པའི་ཆོས་ལ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་ཐུབ་རྒྱུ་ཡིན་པ་མ་ཟད། སྤྱི་ཚོགས་ནང་ཞི་བདེ་དང་བྱམས་བརྩེ། དེ་བཞིན་འཆམ་མཐུན་སོགས་ཡོང་ཐུབ་ངེས་ཡིན་པ་སོགས་བརྗོད་འདུག
རྩ་བའི་ད་ལན་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཕེབས་དགོས་དོན་གཙོ་བོ་ནི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་༸དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་དུ་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་༸དཔལ་ས་སྐྱ་ཁྲི་འཛིན་ཞེ་བཞི་པའི་ཁྲི་ལ་འཁོད་པའི་ཁྲི་སྟོན་གྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་མཛད་རྒྱུ་ཡིན་པ་བསྟུན། ༸དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་རྟེན་དང་བརྟེན་པ་བཅས་པར་རབ་གནས་དང་དབུ་འབྱེད། དེ་བཞིན་༸སྐྱབས་མགོན་གོང་མ་ཡབ་སྲས་རྣམས་ལ་བརྟན་བཞུགས་ཀྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད་འདུག
གཞན་ཡང་མཛད་འཆར་ལ་གཞིགས་ན་སང་ཉིན་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་གཙོས་པའི་ཁྲི་འཛིན་ཞེ་གཉིས་དང་ཞེ་གསུམ་པ་བཅས་ཀ་ལིམ་པོང་ས་སྐྱ་དགོན་པར་ཆིབས་བསྒྱུར་མཛད་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་ལྷ་སྡེ་མི་སྡེ་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྗེ་འཆང་མཆོག་དང་ཁྲི་འཛིན་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག
སྦེལ་ཀོབ་བཅའ་བཞུགས་ཁེ་ན་དྲའི་མི་སེར་ཡིན་པའི་བོད་མི་ཞིག་གི་འོས་བསྡུའི་ཐོབ་ཐང་དང་འབྲེལ་བའི་ཁ་མཆུ་ཨང་ ༢༣ ཕམ་སོང་།
དེ་རིང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་རྒྱལ་ནས་རྒྱ་གར་དུ་ཕྱིར་ལོག་གནང་མཁན་བོད་མི་ཞིག་གི་འོས་བསྡུ་ཐོབ་ཐང་དང་འབྲེལ་བའི་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་ཁྱབ་བསྒྲགས་གནང་བའི་ནང་། གྱོད་ཡ་ཕྱོགས་གཉིས་ཀྱི་ཞུ་སྙན་དང་དཔང་རྟགས། ཁྲིམས་སྒྲིག་གི་འཇུག་ཚུལ་དང་། དེ་དག་གི་རྒྱུ་མཚན་ལ་བརྟེན་ནས་གྱོད་ཡ་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ད་ལྟའི་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་རྒྱ་བལ་འབྲུག་གསུམ་ནས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་ཆོག་གི་མི་འདུག
རྩ་བའི་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་ལུགས་བསམ་མཉམ་འབྲེལ་གྱི་འགན་འཛིན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་མཁས་གྲུབ་ལགས་ཁེ་ན་ཌའི་མི་སེར་ཡིན་ཡང་འདས་པའི་ལོ་ ༣ ཙམ་ནས་ཁོང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་དུ་བཅའ་སྡོད་གནང་བཞིན་ཡོད་པ་དང་། དཔྱ་ཁྲལ་འབུལ་བབ་ཀྱང་རྒྱ་གར་ནས་འབུལ་བཞིན་ཡོད་པ་ལྟར། འདི་ལོའི་བཅན་བྱོལ་བོད་མིའི་འོས་བསྡུའི་ཁྲོད་ཁོང་ལ་རྒྱ་གར་ནང་བཅའ་སྡོད་བོད་མི་གཞན་དང་མཚུངས་པའི་འོས་བསྡུའི་ཐབ་ཐང་སྤྲད་མེད་པའི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱས་ཡོད་པ་དང་ཆབས་ཅིག །དེ་འབྲེལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྱོད་གཞི་དེ་བཞིན་ངོས་ལེན་ཐོག །ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༥ དང་ ༡༢ དེ་བཞིན་ ༡༩ བཅས་ལ་ཉན་ཞིབ་དང་ཞིབ་དཔྱོད་ཀྱི་ལས་རིམ་འཚོགས་ཡོད་པའི་ཐོག །ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས་དབུས་འོས་བསྡུ་ལས་ཁང་གི་ཞུ་སྦྱོར་བ་དང་འབྲེལ་བའི་ཐག་གཅོད་དེ་དག་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པ་དང་། ལྷག་པར་དོ་བདག་ཞུ་སྦྱོར་བ་རང་ཉིད་ཁེ་ན་ཌའི་མི་སེར་དང་དཔྱ་ཁྲལ་ལག་དེབ་ཀྱི་ཐོབ་ཁུངས་ཡང་ཁེ་ན་ཌ་ཡིན་བཞིན་དུ། གནས་སྡོད་ཅེས་པའི་ཚིག་གཞི་དེ་དང་འབྲེལ་ནས། ཁེ་ན་ཌའི་གནས་སྡོད་མིན་པ་དང་། རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་ཡོད་པའི་ཁྲིམས་དོན་གྱི་གནད་དོན་དོན་ཚན་གཉིས་ཀྱི་ཐོག་ཁུངས་སྐྱེལ་གནང་དགོས་པ་གསུངས་ཡོད་པ་རེད།
དེ་རིང་ཁ་མཆུ་ཨང་ ༢༣ ཐོག་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་ལས་རིམ་དེའི་ཐོག །ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དབུས་པའི་ཁྲིམས་ཞིབ་པ་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམ་པ། གྱོད་ཡ་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ཀྱི་ཁྲིམས་རྩོད་པ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་དང་བསྟན་འཛིན་ཡར་རྒྱས་ལགས། དེ་བཞིན་གྱོད་ཡ་རྩོད་ལེན་པ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། གཞན་ཡང་ཟུར་ཉན་པ་དང་གསར་འགོད་པ་བཅས་ལྷན་འཛོམས་ཐོག །ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་བཅད་ཁྲ་དེ་ཉིད་སྒྲོག་སྦྱང་གནང་བའི་ནང་། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྤྱི་དམངས་གཏུག་བཤེར་ཁྲིམས་སྒྲིག་གི་དགོངས་དོན་ལྟར་གྱོད་ཡ་ཞུ་སྦྱོར་བ་དང་གྱོད་ཡ་རྩོད་ལེན་པ་གཉིས་ཀྱི་ཞུ་རྩའི་ནང་གང་དང་གང་འཁོད་མེད་དང་། ལྷག་པར་ཁ་མཆུ་དེ་ཉིད་དང་འབྲེལ་ཉན་ཞིབ་སྐབས་ཞུ་རྩ་དང་། ཞུ་ལན་བཅས་ལ་འདྲི་ཞིབ་གནང་རྗེས། གྱོད་ཡ་ཞུ་སྦྱོར་བའི་ཁྲིམས་རྩོད་པས་གོང་གསལ་ཁྲིམས་དོན་གྱི་གནད་དོན་དོན་ཚན་གཉིས་ཀྱི་ཐོག་ཁུངས་སྐྱེལ་གནང་དགོས་ཀྱི་ཡོད་པ་དེ་བཞིན་གནང་ཐུབ་མེད་པར་བརྟེན། གྱོད་ཡ་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ད་ལྟའི་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་རྒྱ་བལ་འབྲུག་གསུམ་ནས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་ཆོག་གི་མི་འདུག་པའི་བཅད་ཁྲ་བཏང་ཡོད་པ་གསུངས་སོང་།
འདི་གའི་གསར་འགོད་པས་ཁ་མཆུ་ཨང་ ༢༣ ཐོག་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་ལས་རིམ་གྲུབ་མཚམས་སུ་གྱོད་ཡ་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ཀྱི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་དང་རྩོད་ལེན་པ་དབུས་འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ལ་བཅར་འདྲི་ཁག་གཅིག་ཞུས་ཡོད།
གཞི་རྩའི་སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས། རྩོད་ལེན་པ་དབུས་འོས་བསྡུ་ལས་ཁང་ནས་ཁ་མཆུ་འདིའི་ཉན་ཞིབ་སྐབས་གསུང་བ་བཞིན། འབྲེལ་ཆགས་སྒྲིག་གཞི་ཁག་ལ་བསྐྱར་བཅོས་དགོས་ངེས་ཁག་ངེས་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཆར་འབུལ་ཞུ་དགོས་གལ་ཡིན་པ་མ་ཟད། དོ་བདག་ཞུ་སྦྱོར་བས་དཔྱ་དངུལ་འབུལ་འབབ་རྒྱ་བལ་འབྲུག་གསུམ་གྱི་འབུལ་འབབ་ཆུང་ཐབས་ཀྱིས་ཕུལ་འདུག་པར། ཁྲིམས་སྒྲིག་ནང་གསལ་ལག་བསྟར་བྱུང་མི་འདུག་ན། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་བྱ་དགོས་པའི་ལམ་སྟོན་ཕེབས་སོང་།
བཙུན་མ་ ༥༠༠ ཙམ་ལ་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ལྗགས་ལུང་ཆེས་ཐོག་མ་སྩལ་བ།
ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྐབས་དགུ་པའི་དགེ་བཤེས་མ་དང་། བཙུན་མའི་འཇང་དགུན་ཆོས་ལ་ཕེབས་པ་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་ཆེས་ཐོག་མ་དེ་སྩལ་གནང་མཛད་འདུག
དེ་ཡང་བོད་ཀྱི་བཙུན་མའི་ལས་འཆར་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཁ་སང་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ལོར་རྒྱ་གར་དང་བལ་ཡུལ་གཉིས་ནས་ཐོན་པའི་དགེ་བཤེས་མ་ ༣༣ དང་འཇང་དགུན་ཆོས་ཐེངས་ ༣༠ ནང་མཉམ་ཞུགས་གནང་མཁན་རྒྱ་བལ་གཉིས་ནང་ཡོད་པའི་བཙུན་དགོན་ཁག་གི་བཙུན་མ་རྣམ་པ། དེ་བཞིན་དཔེ་ཁྲིད་དགེ་རྒན་དང་འབྲེལ་ཡོད་བཅས་ཁྱོན་མི་གྲངས་ ༦༠༠ ལྷག་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་ཆེས་ཐོག་མ་དེ་སྩལ་གནང་མཛད་འདུག །འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་སྤྱི་ཟུར་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་གནདདོན་དེ་དང་འབྲེལ་བཀའ་འདྲི་ཞུས་ཡོད།
གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་བརྒྱུད་ནང་བསྟན་གྱི་སྐབས་ ༩ པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོ་འཚོགས་ཡོད་པ་དང་། རྒྱ་བལ་གཉིས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལྔ་ནས་འདི་ལོར་དགེ་བཤེས་མའི་བསླབ་པ་མཐར་སོན་བྱུང་པའི་དགེ་བཤེས་མ་ ༣༣ ཁོང་རྣམས་ནི་སྐབས་དགུ་པ་ཆགས་ཀྱི་ཡོད་པ་མ་ཟད། འདི་ལོའི་འཇང་དགུན་ཆོས་ཐེངས་སུམ་བཅུ་པའི་ཐོག་དགོན་སྡེ་ཁག་བཅུ་གཅིག་གི་བཙུན་མས་མཉམ་ཞུགས་གནང་ཡོད་པ་རེད།
དེ་དང་ཆབས་ཅིག་ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པ་བཅས་ནས་༸མགོན་པོ་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྟབས། དེ་རིང་ཕྱི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ནས་ཉིན་གྲངས་གསུམ་རིང་བརྟན་བཞུགས་ཀྱི་སྒྲུབ་ཤག་འཚོག་བཞིན་འདུག
འདི་ག་རླུང་འཕྲིན་ཁང་གིས། བརྟན་བཞུགས་ཀྱི་སྒྲུབ་ཤག་སོགས་དང་འབྲེལ་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐང་བྲིས་དགེ་རྒན་བསྟན་འཛིན་ནོར་བུ་ལགས་སུ་བཀའ་འདྲི་ཞུས་ཡོད།
ཡུ་རོབ་རྒྱལ་ཁབ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་ཁུལ་ཚོགས་འདུ་ཐེངས་གསུམ་པ་སྐོང་འཚོགས།
ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༩ ནས་ ༡༡ བར་ནོར་ཝེར་རྟེན་གཞི་བྱས་པའི་ཀརྨ་བཤད་སྒྲུབ་གླིང་དགོན་དུ་ཨིན་ཇིའི་མཚོ་གླིང་དང་། པོ་ལེནྜ། བྱང་ཡུ་རོབ། སྦལ་ཊིག་རྒྱལ་ཁབ་ཁག་ཏུ་གནས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་རིགས་ཚོགས་པ་ཁག་བཅས་ཀྱི་ས་ཁུལ་ཚོགས་འདུ་ཐེངས་གསུམ་པ་དེ་སྐོང་འཚོགས་གནང་འདུག
དེ་ཡང་ནོར་ཝེ་བོད་རིགས་ལྷན་ཚོགས་དང་། ནོར་ཝེ་བོད་དོན་ྲརྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་མཐུན་འགྱུར་འོག་ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་བའི་ཚོགས་འདུ་དེའི་ཐོག ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། ཡུ་རོབ་བོད་རིགས་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་ལགས། ཌེན་མཱག་དང་། ནོར་ཝེ། སྭི་ཌན། ཕིན་ལེནྜ། ཨེསྟོ་ནི་ཡ། ལི་ཐུའེ་ནི་ཡ། ཨིན་ཡུལ་བཅས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བདུན་གྱི་སྐུ་ཚབ་ཉི་ཤུ་རྩ་ལྔ་དང་། པོ་ལེནྜ་དང་སྭི་ཌན་གཉིས་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་རྒྱལ་ཡོངས་འབྲེལ་མཐུད་པ་གཉིས། དེ་བཞིན་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་མཐུན་ཚོགས་དྲུག་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་འདུག
ཚོགས་འདུ་འདིའི་ཐོག་གཙོ་བོ་མཉམ་ཞུགས་པ་རྣམས་ལྷན་འཛོམས་ཀྱིས་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་ཁག་ལ་གྲོས་བསྡུར་སྤྱི་དང་། ལྷག་པར་རྒྱ་ནག་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པའི་ཤུགས་རྐྱེན་དེར་གདོང་ལེན་ཆེད་དུ་ནུས་པ་ལྡན་པའི་ལས་འགུལ་སྤེལ་རྒྱུའི་ཐད་གྲོས་བསྡུར་གནང་འདུག་པ་མ་ཟད། སྐབས་དེར་ཚང་མས་མཉམ་འབྲེལ་གྱི་ལས་གཞི་ཁག་གཅིག་བཏོན་པའི་ནང་། བོད་དོན་ཞུ་གཏུག་ཉིན་མོའམ་བདུན་ཕྲག་སྲུང་བརྩི་བརྒྱུད་རྒྱ་ནག་གི་དབང་བསྒྱུར་འོག་གི་མི་རིགས་རྣམས་ལ་ཁྲིམས་ཡིག་འདིའི་ཤུགས་རྐྱེན་གསལ་བའི་འགྲེམ་ཡིག་འགྲེམས་སྤེལ་བྱ་རྒྱུ། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཐབས་བྱུས་ལྡན་པའི་མཉམ་ལས་དང་། གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་རྣམས་དང་ལྷན་དུ་འབྲེལ་བ་རྒྱུན་མཐུད་བྱ་རྒྱུ་བཅས་ཡིན་པ་རེད་འདུག
སྐབས་དེར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས། རྒྱ་ནག་གིས་བོད་ནང་རྒྱ་ཡིག་གཙོ་བོ་བཟོ་རྒྱུའི་འབད་བརྩོན་ལ་གདོང་ལེན་ཆེད་དུ་བོད་མི་རྣམས་ལ་བོད་ཡིག་གང་མང་བཀོལ་སྤྱོད་གནང་རྒྱུའི་གལ་གནད་སྐོར་ནན་བརྗོད་གནང་བ་མ་ཟད། ཕ་མ་ཚོས་རང་གི་ཁྱིམ་ཚང་དུ་བོད་སྐད་ཐོག་གང་མང་བཀའ་མོལ་གནང་དགོས་པའི་སྐུལ་མ་གནང་འདུག་པ་དང་། ཕྱོགས་མཚུངས་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བཙན་བྱོལ་བོད་མི་རྣམས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་ཡིན་ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དྲན་སྐུལ་གནང་བ་དང་སྦྲགས། ཚང་མས་བོད་དོན་ཐོག་ནུས་པ་གང་ཡོད་སྤུང་དགོས་པ་དང་འབྲེལ། རྒྱ་ནག་གི་ཁྲིམས་ཡིག་གསར་པ་དེས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་བཅས་ལ་གནོད་འཚེ་ཚབས་ཆེན་ཕོག་སྲིད་པ་དེར་ངོ་རྒོལ་ཆེད་དུ་སོ་སོའི་རྒྱལ་ཁབ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བསྟི་གནས་ཁང་གསར་འཛུགས་གནང་རྒྱུ་ཐོག་འབད་བརྩོན་གནང་དགོས་པ་གསུངས་འདུག
དེ་བཞིན་ནོར་ཝེའི་ལོ་རྒྱུས་སྨྲ་བ་དང་། གསར་འགོད་པ། དངོས་བྱུང་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཊུར་སྦི་ཡན་ཕེ་རོ་ཝིག་ (Torbjørn Færøvik) ལགས་ཀྱིས་རྒྱ་ནག་གི་ཁྲིམས་ཡིག་དེས་རྒྱལ་ཁབ་ཀྱི་ཐུན་མོང་གི་ངོ་བོ་སྲ་བརྟན་བཟོ་རྒྱུ་དང་། རྒྱལ་ཁབ་ཀྱི་མཐུན་སྒྲིལ། ས་མཚམས་གཅིག་གྱུར་དེ་ཚང་མའི་འགན་འཁྲི་བཟོ་རྒྱུ། དེ་བཞིན་མི་མང་ཁྲོད་རྒྱ་ནག་དམར་གཞུང་ལ་ཆབ་སྲིད་ཀྱི་ཞེན་ཁོག་གོང་མཐོར་གཏོར་རྒྱུར་དམིགས་ཡོད་པས་ཚང་མས་ཁྲིམས་ཡིག་དེར་གདོང་ལེན་གནང་དགོས་གལ་ཡིན་པ་གསུངས་འདུག །ཁོང་གིས་ད་དུང་ཁྲིམས་ཡིག་དེ་ནི་སྲིད་གཞུང་གི་ཞན་ཆ་མཚོན་བྱེད་ཅིག་ཡིན་པ་ལས་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་མིན་ཞེས་དང་། ལྷག་པར་བོད་རང་སྐྱོང་ལྗོངས་ཟེར་བའི་ཚོགས་པའི་དྲུང་ཆེ་གསར་པ་དེ་ཡང་ཞི་ཅིན་ཕིང་གི་བློ་ཉེ་བའི་མི་ཞིག་ཡིན་སྟབས། ཁོ་ཚོའི་སྣེ་ཁྲིད་འོག་ཁྲིམས་ཡིག་དེ་དྲག་པོའི་སྒོ་ནས་ལག་བསྟར་བྱེད་རྒྱུ་ཡིན་སྐོར་གསུངས་འདུག
གཞི་རྩའི་ཚོགས་འདུ་དེ་བཞིན་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ནོར་ཝེ་བོད་རིགས་མཐུན་ཚོགས་གཉིས་ཀྱི་མཐུན་འགྱུར་འོག་ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༣ ལོར་སྭི་ཌན་དང་། ཐེངས་གཉིས་པ་ཕྱི་ལོ་ ༢༠༢༥ ལོར་ཌེན་མག་ཏུ་འཚོགས་ཡོད་པ་རེད།
སུད་སི་བོད་རིགས་མང་ཚོགས་ལ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སུད་སིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ། བོད་རིགས་མང་ཚོགས་ལ་བཀའ་ཤག་གི་ལངས་ཕྱོགས་ཐད་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་དཔེ་དེབ་སྐོར་ངོ་སྤྲོད་དང་དབུ་མའི་ལམ་གྱི་ནང་དོན་བཤད་པར་རྒྱལ་སྤྱིའི་ཆབ་སྲིད་ཐོག་ཤེས་རྟོགས་དགོས་པར་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་འདུག
https://youtu.be/tDauM3PZ2R0?si=3px2jvFkqVVutim0
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཟའ་འཁོར་སྔོན་མའི་ནང་། སུད་སི་དང་ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ་དང་འབྲེལ། འདི་ཚེས་ ༡༠ ཉིན་ཛུ་རིག་གི་ Marriott གསོལ་མགྲོན་ཁང་དུ་བོད་རིགས་མང་ཚགས་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༧ པའི་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་དང་སྦྲགས། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་ཞི་འགྲིག་ཡོང་ཐབས་གནང་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན་བཙན་བྱོལ་བོད་མིའི་བདེ་དོན་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་གོང་འཕེལ་གཏོང་རྒྱུ་བཅས་གཙོ་བོར་གྱུར་པའི་གནད་དོན་གལ་ཆེན་ཁག་གསལ་སྟོན་གནང་འདུག
དེ་བཞིན་བཀའ་ཤག་གིས་བཅོས་མའི་རིག་རྩལ་དང་མཉམ་འབྲེལ་གྱིས་དེང་དུས་འཕྲུལ་རིག་གཞུང་འཛིན་ལམ་ལུགས་སུ་བསྒྱུར་བའི་ལས་གཞི་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གྱི་བརྒྱུད་རིམ་ཁག་སྟབས་བདེ་རུ་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་རྒྱུའི་སྐོར་གསུང་བཤད་གནང་བ་དང་། དམིགས་བསལ་བཙན་བྱོལ་བོད་མི་རྣམས་ནས་གཏམ་བརྗོད་རང་དབང་ལོངས་སྤྱོད་དང་སྦྲགས་སྤྱི་ཚོགས་དཀྲུག་གཞིའི་བྱ་འགུལ་རིགས་ནམ་ཡང་རྒྱུད་སྤེལ་གནང་རྒྱུ་མེད་པ་མ་ཟད། ༸གང་ཉིད་མཆོག་ཐུགས་ཕམ་མི་ཡོང་བ་དང་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་མི་ཡོང་བའི་སླད་འབད་བརྩོན་གནང་རྒྱུ་ནི་ཧ་ཅང་གི་གལ་གནད་ཆགས་ཡོད་པའི་གཞེན་སྐུལ་གནང་རྗེས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཐོག་བཅར་འདྲི་ཞུས་པ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
མ་ཟད་སྲིད་སྐྱོང་གིས་དེ་ཉིན་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་དང་འབྲེལ་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན་མ་འོངས་མཉམ་ལས་གནང་ཕྱོགས་སྐོར་བཀའ་བསྡུར་གནང་བ་དང་ཕྱི་ཚེས་ ༩ ཉིན་སུད་སིའི་ཁེ་ལས་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཁི་རི་ཤན་ལུ་ཛི་ལགས་ཀྱིས་སུད་སི་གྲོང་ཁྱེར་སྦར་སིལ་དུ་གསར་འཛུགས་གནང་བའི་སྒེར་གཉེར་བོད་ཀྱི་དངོས་རྫས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་ཡོད་འདུག
གཞན་ཡང་ཕྱི་ཚེས་ ༨ ཉིན་ཛུ་རིག་གི་ཧིལ་ཊོན་གསོལ་མགྲོན་ཁང་དུ་སྲིད་སྐྱོང་མཆོག་གིས་སུད་སི་དང་དེའི་ཉེ་འཁོར་དུ་གནས་སྡོད་བོད་པའི་གཞོན་སྐྱེས་དང་སློབ་ཕྲུག་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གསོན་གནས་ཆེད་ད་ལྟ་འགྲོ་བཞིན་པའི་སྤྱི་ཚོགས་བདེ་དོན་དང་། ཤེས་ཡོན། གྲངས་འཛིན་ལས་གཞི་ཁག་གི་སྐོར་གསལ་སྟོན་གནང་བ་མ་ཟད། ཁོང་གིས་རྒྱ་ནག་གི་དཔལ་འབྱོར་རྒྱ་སྐྱེད་དང་། དེས་རྒྱལ་སྤྱིའི་ཁྲོམ་རར་ཐབས་བྱུས་ཀྱི་ཤུགས་རྐྱེན་བཅས་མངོན་གསལ་གྱིས་གཞོན་སྐྱེས་ཚོར་རྒྱལ་སྤྱིའི་འགྱུར་འགྲོས་དེ་དག་གི་གནས་ཚུལ་རྒྱུས་མངའ་དང་། དོགས་ཟོན་དགོས་པའི་ནན་སྐུལ་གནང་འདུག
སུད་སིའི་མཛད་རིམ་གྲུབ་མཚམས་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ གླེང་སྟེགས་ ༢༠༠༠ གི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་ཕེབས་ཞུགས་གནང་རྒྱུ་དང་། དེ་རྗེས་འཇར་མ་ནིར་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད།
གཞི་རྩའི་ཐེངས་འདིའི་སྲིད་སྐྱོང་མཆོག་གི་ཡུ་རོབ་རྒྱལ་ཁབ་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་དབུ་ཁྲིད་དང་། སྲིད་བྱུས་གཏན་འབེབས་གནང་མཁན། སྤྱི་ཚོགས་ལས་འགུལ་ཚོགས་པ། ཡུ་རོབ་ཀྱི་འབྲེལ་ཆགས་མི་སྣ་བཅས་ལ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཆེད་ཡིན་འདུག
རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་རྣམས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ནན་པོ་གནང་འདུག
རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་རྣམས་ནས་ཚོགས་འདུ་བརྒྱུད་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལ་སྐྱོན་བརྗོད་ནན་པོ་གནང་འདུག
དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐའེ་ཝན་རྒྱལ་སྟོན་དུས་ཆེན་ཐེངས་ ༡༡༥ འཁོར་བའི་ཉིན་མོ་སྲུང་བརྩི་དང་སྦྲགས། ཟླ་འདིའི་ཕྱི་ཚེས་ ༦ ཉིན་Beijing Spring magazine པེ་ཅིང་དཔྱིད་ཀའི་དུས་དེབ་དང་ Chinese Alliance for Democracy ཞེས་རྒྱ་རིགས་མང་གཙོ་དོན་གཉེར་བའི་མཉམ་འབྲེལ་ཚོགས་པ། དེ་བཞིན་ Executive Committee of the China Democracy Party ཞེས་རྒྱ་ནག་མང་གཙོ་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ Flushing ས་གནས་སུ་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག་པ་དང་། སྐབས་དེར་ཚོགས་འདུའི་ཐོག་རྒྱ་རིགས་མཁས་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། དེ་བཞིན་རང་དབང་ཅན་གྱི་གསར་འགོད་པ་སོགས་ཆེད་ཕེབས་གནང་འདུག་པ་དང་། སྐབས་དེར་ཚོགས་འདུའི་ཐོག་ཚོགས་མི་རྣམས་ཚོགས་ཆུང་ལྔ་ལ་བགོས་ཏེ་གྲོས་བསྡུར་གནང་བའི་བརྒྱུད། ཚོགས་ཆུང་རྣམས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་བཞིན་ཕྱིར་འཐེན་དགོས་པ་གསུངས་འདུག
ཚོགས་འདུའི་ཐོག་པེ་ཅིང་དཔྱིད་ཀའི་དུས་དེབ་ཀྱི་འགན་འཛིན་ Dr, Yu Dahai ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་དབུ་འབྱེད་ཀྱི་གསུང་བཤད་གནང་རྗེས་སུ། དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ Hu Ping ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་མིང་ཁ་གསལ་བཀོད་མེད་ནའང་། ཁྲིམས་ཡིག་དེའི་བརྒྱུད་བོད་མིའི་ངོ་བོར་ཐད་ཀར་ཤུགས་རྐྱེན་དང་གནོད་སྐྱོན་ཐེབས་ཀྱི་ཡོད་པ་དང་འབྲེལ། དེ་ལྟ་བུའི་སྲིད་བྱུས་དེ་བཞིན་རྒྱ་ནག་གཞུང་གིས་དེ་སྔ་ནས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་བོད་མི་རྣམས་ལ་དེ་སྔ་རང་དབང་དང་ཐོབ་ཐང་ཅུང་ཙམ་ཡོད་པ་དེའང་འཕྲོག་ཡོད་པ་ནན་བརྗོད་དང་སྦྲགས། གཞན་ཡང་ལོ་ཤས་གོང་རྒྱ་ནག་དམར་ཤོག་གཞུང་གི་མི་རབས་གཉིས་པའི་འགོ་ཁྲིད་སྐོར་ཞིག་ནས་ཞི་ཅིན་ཕིང་ལ་ཞུ་ཡིག་ཅིག་ཕུལ་བ་ལུང་འདྲེན་གྱིས། དེའི་ནང་གྲངས་ཉུང་མི་རིགས་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པ་གསུངས་འདུག
ཕྱོགས་མཚུངས་རྒྱ་ནག་མང་གཙོ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཁྲིམས་ལིས་ཆུན་ལགས་ནས་ཁྲིམས་ཡིག་དེའི་བརྒྱུད་ནས་ཐད་ཀར་གནོད་སྐྱོན་ཕོག་པའི་བོད་མི་གཙོས་པའི་མི་རིགས་གཞན་རྣམས་ལ་དགོངས་སེལ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་གཞན་རྣམས་ལ་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་གནང་འདུག་པ་མ་ཟད། གསུང་བཤད་པ་རྣམས་ནས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེ་ནི་མི་རིགས་མཐུན་སྒྲིལ་གྱི་མིང་སྐམ་པོ་ཡིན་པ་ལས་དོན་དངོས་སུ་རྒྱ་རིགས་གཅིག་གི་ངོ་བོ་དང་རྒྱལ་ཁབ་གཅིག་གྱུར་ཞེས་པའི་གཞུང་ཕྱོགས་ཀྱི་ལྟ་གྲུབ་གོང་སྤེལ་གཏོང་ཆེད་ཡིན་པ་ལས། གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ངོ་བོ་སྲུང་སྐྱོབ་བཅས་ལ་ཚད་བཀག་སྔར་ལས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་རྒྱ་རིགས་མ་ཡིན་པ་རྣམས་ནས་ཀྱང་རང་མི་རིགས་ཀྱི་ངོ་བོའི་འདོད་འདུན་བཏོན་པ་ཙམ་གྱིས་ཁ་བྲལ་བ་དང་ཡང་ན་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་གཡོག་སྲིད་པའི་ཉེན་ཁ་ཡོད་པ་གསུངས་འདུག
དེ་བཞིན་ཚོགས་འདུའི་ཐོག་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཁྲིམས་ཡིག་འདིས་དོན་དངོས་སུ་མིང་དང་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྣམས་འཕྲོག་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་ཟེར་བའི་འབོད་སྒྲའི་འོག་རྒྱ་རིགས་གཙོ་བོར་འཛིན་པ་དང་། མི་རིགས་གཞན་གྱི་ངོ་བོ་མེད་པ་བཟོ་བའི་སྲིད་བྱུས་ཁྲིམས་སུ་བཀོད་པ་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་བོད་ནང་འདི་ལྟ་བུའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཕྱི་ལོ་ ༡༩༥༠ ལོར་རྒྱ་དམག་གིས་བཙན་འཛུལ་ནས་འགོ་འཛུགས་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོའི་ཡས་མས་ནས་རྒྱ་ནག་གི་མཁས་པ་ཡིན་ཟེར་མཁན་མཱ་རོང་ (Ma Rong) དང་། ཧྭ་ཨང་ཀང་། (Hu Angang) ཧུའུ་ལེན་ཧེ་ (Hu Lianhe) སོགས་ཀྱིས་བཏོན་པའི་མི་རབས་གཉིས་པའི་མི་རིགས་ཀྱི་སྲིད་བྱུས་ཟེར་བ་འུད་སྒྲོགས་བྱས་ནས་རིམ་པས་སྲིད་བྱུས་ལག་བསྟར་བྱས་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཁྲིམས་ཀྱི་ལག་ལེན་བྱེད་འགོ་བཙུགས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
མ་ཟད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ད་ལྟའི་ཆར་བོད་ནང་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རང་གི་ཕ་སྐད་དང་འབྲེལ་བ་ཆད་བཞིན་པའི་གནས་སྟངས་དང་ཟླ་ ༧ ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསལ་སྟོན་གནང་བའི་ཐོག ཁྲིམས་ཡིག་འདིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་གི་རྩ་འཛིན་དང་། རྒྱ་ནག་གི་རྩ་ཁྲིམས། དེ་བཞིན་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་བཅས་དང་འགལ་ཡོད་པ་གསལ་སྟོན་གྱིས། ཁྲིམས་འདིའི་དོན་ཚན་ ༥༦ ནང་མི་རིགས་མཐུན་སྒྲིལ་གྱི་ཁྱབ་བསྒྲགས་བདུན་ཕྲག་ཞེས་པ་དེར་གདོང་ལེན་གྱི་ཚུལ་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ནང་དོན་ལྟར་ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༣ ནས་འགོ་བཙུགས་ཏེ་ལོ་རེའི་ཟླ་ ༩ པའི་བདུན་ཕྲག་མཐའ་མ་དེ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་བདུན་ཕྲག་ཏུ་གཏན་འབེབས་གནང་ཡོད་པ་ངོ་སྤྲོད་གནང་འདུག




