Tibetan Royal Year of 2152 | Year of the Wood Snake

བཙན་བྱོལ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་དུ་ཚོགས་འདུག

དེང་སྐབས་བཙན་བྱོལ་བོད་མི་མང་དག་ཅིག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱོད་བཞིན་པ་མ་ཟད་བཙན་བྱོལ་དུ་འབྱོར་བའི་བོད་མི་ཆབ་སྲིད་བཙོན་པ་མང་དག་ཅིག་རིམ་བཞིན་ Australia ནང་དུ་གཞིས་སྤོས་གནང་ཡོད་པ་དང་བསྟུན། འདི་ལོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༨ པ་དེ་ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡ བར་ཉིན་གྲངས་ ༢ ཀྱི་རིང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sidney ནང་དུ་ཚོགས་འདུག ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་པའི་རྒྱུན་ལས་གསར་འདེམས་དང། མ་འོངས་ལས་གཞི་སྤེལ་ཕྱོགས། དེ་བཞིན་ཚོགས་པ་རྒྱུན་གནས་ཐུབ་ཐབས་བཅས་ཀྱི་སྐོར་ལ་བགྲོ་གླེང་བཅས་གནང་བའི་ཐོག་ནས་སྐབས་ ༨ པའི་རྒྱུན་ལས་གསར་པའི་ནང་དུ་རྒྱ་བལ་འབྲུག་གསུམ་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་བྱང་ཨ་རི་དང་ཡུ་རོབ་བཅས་ཁྱོན་རྒྱུན་ལས་མི་གྲངས་ ༡༥ བདམས་གནང་བ་དང། བཞུགས་སྒར་དྷ་རྨ་ས་ལར་བཅའ་བཞུགས་གནང་མཁན་སྐུ་ཞབས་ངག་དབང་ཁྲི་རལ་ལགས་ཚོགས་གཙོར་བདམས་ཐོན་བྱུང་འདུག རྩ་བའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དེ་ནི། རྒྱ་ནག་གུང་ཁྲན་ཏང་གི་བཙོན་ཁང་དུ་བཞུགས་དགོས་བྱུང་བའི་བཙོན་ཟུར་བ་གཙོ་བོར་གྱུར་པའི་ཆབ་སྲིད་ཉེན་གཡོལ་ལ་ཕེབས་པའི་རྒྱལ་གཅེས་པ་དག་གིས་ཆབ་སྲིད་ཀྱི་ལྟ་བ་དང་། དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་དེ་ཉིད་མངོན་འགྱུར་ཡོང་ཆེད་ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་དྷརྨ་ས་ལར་དངོས་སུ་དབུ་བརྙེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་ཚོགས་པ་འདིར་གནས་ཡུལ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཁྱོན་ཚོགས་མི་ ༦༣༢ ལྷག་ཡོད་པ་རྣམས་རྒྱ་གར་དང་ཨོ་གླིང་གཙོ་གྱུར་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡུ་རོབ་རྒྱལ་ཁབ་བཅས་སུ་ཡོད་པ་རེད་འདུག

༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་བདག་དབང་ཆ་ཚང་༸གོང་ས་མཆོག་ལ་ཡོད་པའི་བསྒྲགས་གཏམ།

ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་རྒྱ་རིགས་ཚོགས་སྡེ་ཁག་ ༡༠ ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་ཐད་བདག་དབང་ཆ་ཚང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡོད་པའི་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག Canada ནང་གི་གྲོང་ཁྱེར་ཆེ་གྲས་ Toronto བོད་རིག་ཚོགས་པའི་ཚོགས་ཁང་དུ་ Canada Sino Tibet Dialogue ཞེས་ཁེ་ན་ཌ་རྒྱ་རིགས་དང་ཐུག་འཕྲད་ཀྱིས་བོད་རྒྱའི་འབྲེལ་ལམ་གྱི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག་པ་དང། དེའི་ཐོག་ཁེ་ན་ཌར་གནས་སྡོད་རྒྱ་རིགས་ཚོགས་པ་ཁག་བཅུའི་ཚོགས་མི་ཁྱོན་ ༦༠ ཙམ་དང་ཨ་རིའི་སྐུ་ཚབ་དོན་གཅོད་ དངོས་གྲུབ་ཚེ་རིང་ལགས་དང་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལྷན་ཚོགས་འདི་བཞིན་ Thanks Giving ཞེས་བྱང་ཨ་རིའི་ཁུལ་དུ་བཀའ་དྲིན་རྗེས་དྲན་གྱི་དུས་ཚིགས་ཁེལ་གྱི་ཡོད་པ་ལྟར་དུས་ཚིགས་དེ་དང་བསྟུན་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་གྲོགས་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སྐོར་དང་འབྲེལ། གཞིས་བཞུགས་བོད་མི་རྣམས་རྒྱ་ནག་དམར་པོའི་དབང་སྒྱུར་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་དང་། ལྷག་པར་ཉེ་ལམ་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་བོད་མི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་སྐོར་ངོ་སྤྲོད་གནང་འདུག བོད་མིའི་ངོས་ནས་བོད་རྒྱའི་གནད་དོན་གསལ་ཆེད་དུ་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་རྒྱུན་སྐྱོང་གནང་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་གསལ་བའི་ཐབས་ལམ་མཆོག་ཡིན་ཡང་རྒྱ་ནག་གཞུང་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མ་བྱས་སྟབས་ཁེ་ན་ཌའི་རྒྱ་རིགས་ཚོས་རང་གི་གཉེན་ཉེ་རྒྱ་རིགས་གཞན་རྣམས་ལའང་བརྒྱུད་སྐུལ་གནང་སྟེ་བོད་རྒྱའི་དཀའ་ངལ་སྐོར་དངོས་ཡོད་གནས་སྟངས་འགྲེལ་བརྗོད་གནང་དགོས་པའི་རེ་སྐུལ་ཤུགས་ཆེ་གནང་ཡོད་པ་རེད། སྐབས་དེར་ཁེ་ན་ཌ་དང་ཧོང་ཀོང་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ལྕམ་ Gloria Fung ལགས་དང་ Anti Communist League of Canada ཞེས་དམར་ཤོག་ཚོགས་པར་ཁ་གཏད་གནང་མཁན་གྱི་ཚོགས་པའི་ཚོགས་གཞོན་ ShengXue ལགས། ཧོང་ཀོང་གསར་པའི་རིག་གཞུང་ཚོགས་པ་གསར་འཛུགས་གནང་མཁན་ Jane Lee ལགས། དེ་བཞིན་རྒྱ་རིགས་མང་གཙོ་ཚོགས་པའི་ཚོགས་གཙོ་སོགས་རྒྱ་རིགས་ཚོགས་པ་ཁག་འདྲ་མིན་གྱི་གོ་ཁྲིད་རྣམས་ནས་གཏམ་བཤད་སྤེལ་བའི་ནང་དུ་སྐུ་ཚབ་དོན་ཁང་གི་ཕན་ཚུན་གྲོས་མོལ་གྱི་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་བར་ལེགས་གསོའི་བསྔགས་བརྗོད་ཞུས་པ་དང་འབྲེལ། བོད་མི་གཙོས་ཧོང་ཀོང་སོགས་རྒྱ་རིག་མང་དག་ཅིག་དང། རྒྱ་ནག་དམར་ཤོགས་ཚོགས་པའི་དྲག་གནོན་འོག་ཧན་རྒྱ་རིགས་རྣམས་ཀྱང་གདུག་རྩུབ་ཀྱི་བྱ་སྤྱོད་མྱོང་བཞིན་ཡོད་སྐོར་དང་འབྲེལ། ཕན་ཚུན་གདུང་སེམས་མཉམ་བསྐྱེད་དང་ནུས་པ་མཉམ་སྤུངས་ཀྱིས་རྒྱ་ནག་ལ་གདོང་ལེན་གནང་དགོས་གལ་ཡིན་སྐོར་སོགས་གསུངས་འདུག རྒྱ་རིགས་དེ་དག་ནས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བའི་ཁྲོད་དུ་མགོན་པོ་༸གང་ཉིད་མཆོག་གི་འགྲོ་བ་མིའི་གཅིག་གྱུར་གྱི་བཀའ་སློབ་བསྩལ་ཁག་དོན་འཁྱོལ་ཕྱག་བསྟར་གནང་དགོས་པ་སོགས་གསུངས་འདུག ལྷག་པར་དུ་ཉེ་ལ་རྒྱ་ནག་དམར་ཤོག་ཚོགས་པས་༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་གནད་དོན་ཐད་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་དེ་རྒྱ་ནག་དམར་ཤོག་ཚོགས་པས་ཐག་གཅོད་ཞུ་རྒྱུ་ཡིན་སྐོར་བཤད་པ་སོགས་ཆབ་སྲིད་ཀྱི་དགོས་མཁོ་དང་འབྲེལ་ནས་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པ་དང་བསྟུན་བོད་རྒྱའི་འབྲེལ་ལམ་ཐོག་བགྲོ་གླེང་ལྷན་ཚོགས་ཀྱི་གོ་སྐབས་འདི་བཟུང་ནས་ཁེ་ན་ཌའི་རྒྱ་རིགས་མཐུན་ཚོགས་ཀྱིས་ཕྱི་སྡོད་རྒྱ་རིགས་ཡོངས་ལ་འབོད་སྐུལ་ཞུ་རྒྱུའི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བ་བརྒྱུད་དེ་༸སྐུའི་ཡང་སྲིིད་ཀྱི་གནད་དོན་དེ་ནི་བོད་མིའི་ཆོས་ཕྱོགས་ཀྱི་ཐོབ་ཐང་ཞིག་ཡིན་པ་དང། ༸གོང་ས་མཆོག་༸སྐུ་སྒེར་གྱི་བདག་དབང་ཡོད་པ་ཞིག་ཡིན་སྟབས་རྒྱ་ནག་གཞུང་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་བདག་དབང་རྩ་བ་ནས་མེད་པ་གསུངས་འདུག ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་མེད་སྨྲ་བ་ཡིན་ཞིང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་བཟུང་བྱས་རྗེས་བོད་མི་ཚོར་གདུག་རྩུབ་མནར་གཅོད་བཏང་བ་དང་། བོད་ཀྱི་ལོ་རྒྱུས་དང་ཆོས་དད་རང་དབང་། སྐད་ཡིག ཁོར་ཡུག་སོགས་ཡོངས་རྫོགས་རྩ་མེད་བཏང་ཐབས་ཀྱི་བྱ་སྤྱོད་སྣ་མང་ཅིག་སྤེལ་དང་སྤེལ་མུས་ཡིན་པ་དེ་དག་འཕྲལ་མར་མཚམས་འཇོག་བྱེད་དགོས། ཁོང་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་མི་རིགས་དབར་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་དགོངས་པ་རྒྱ་ཆེ་བཞེད་བཞིན་པར་ཡི་རང་བསྔགས་བརྗོད་དང་རྒྱབ་སྐྱོར་ཞུ་ཡི་ཡོད་པ་མ་ཟད་༸གོང་ས་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུལ་ལ་ཡང་རྒྱབ་སྐྱོར་ཞུ་ཡི་ཡོད་པ་སོགས་གསུངས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་དང་བོད་མཐོ་སྒང་གི་ཁོར་ཡུག་གི་གནད་དོན།

འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ COP ཞེས་པའི་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་ཐེངས་ཉེར་ལྔ་བ་དེ་སཱི་པན་རྒྱལ་ཁབ་ཀྱི་རྒྱལ་ས་ Madrid དུ་དེ་རིང་ནས་དབུ་འཛུགས་གནང་གི་ཡོད་པ་རེད། ཚོགས་ཆེན་དེའི་ཐོིག་སཱི་པཱན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཉིས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ ༢༠༠ ལྷག་གི་སྐུ་ཚབ་དབུ་བཞུགས་ཀྱི་ཐོག   ཁོར་ཡུག་གི་ཆེད་མཁས་བ་དང་ལུས་འགུལ་བ་སོགས་ཁྱོན་ཚོགས་བཅར་བ་ ༢༥༠༠༠ ལྷག་མཉམ་བཞུགས་གནང་གི་ཡོད་པ་དང་། ཚེས་བཅུ་གསུམ་བར་དུ་ཚོགས་རྒྱུའི་ཚོགས་ཆེན་ཐོག་ན་ནིང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཐོག་གྲོས་མཐུན་བྱུང་བའི་དུག་རླངས་གཙོག་བསྒྱུར་གྱི་ཚད་གཞི་དམའ་རུ་གཏོང་དགོས་བའི་གྲོས་ཆོད་དེ་ལག་བསྟར་ཅི་ཙམ་ཞིག་བྱུང་ཡོད་མེད་ཀྱི་ཐད་ནས་རྒྱལ་ཁབ་རིམ་པའི་སྙན་ཐོ་འབུལ་དགོས་བ་དང་། ལྷག་པར་ Paris  ཆིང་ཡིག་གི་འབྲུ་དོན་གཞིར་བཟུང་འཛམ་གླིང་གི་གནམ་གཤིས་འགྱུར་ཟློག་ལ་ཕྱོགས་ཡོངས་ནས་གདོང་ལེན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་སྐོར་ལ་བགྲོ་གླེང་བྱེད་གཏན་འཁེལ་ཡོད་པ་རེད། རྩ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛིན་སྐྱོང་གི་དབང་ཆ་ཆེ་ཤོས་ཁྲོད་ཀྱི་རྒྱལ་ཁབ་གཅིག་ནི་རྒྱ་ནག་ཡིན་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དེ་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་གི་མེད་པར་བརྟེན།   བོད་མི་རྣམས་ཀྱིས་ཐད་གར་ཚོགས་ཆེན་གྱི་ཐོག་ཏུ་བོད་མཐོ་སྒང་གི་ཁོར་ཡུག་གི་གནད་དོན་དང་འབྲེལ་བའི་བརྗོད་གཞིའི་སྒང་ལ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་རག་གི་མེད་ནའང་། བོད་མིའི་སྐུ་ཚབ་པ་རྣམས་ནས་འདས་བའི་ལོ་བརྒྱད་ཙམ་གྱི་རིང་དུ་ཟུར་ཉན་གྱི་མིང་ཐོག་ནས་ཚོགས་ཆེན་དུ་ཞུགས་རྒྱུའི་གོ་སྐབས་བཟུང་སྟེ་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་རྒྱལ་སྤྱིའི་གར་སྟེགས་སུ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད་པ་མ་ཟད། ཚོགས་ཆེན་གྱི་དུས་བབ་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་མཉམ་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་ངོས་ནས་ཚོགས་ཆེན་གྱི་ཉེ་འཁྲེས་སུ་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་དང་ཛ་དྲག་རང་བཞིན་གྱི་གནས་བབ་སྒང་ལ་ཟུར་ཚོགས་ཤིག་ཀྱང་གོ་སྒྲིག་བྱས་ཏེ།   རྒྱལ་སྤྱིའི་གནད་ཡོད་མི་སྣ་དང་ཁོར་ཡུག་གི་ཉམས་ཞིབ་པ་དང་ལས་འགུལ་བ་སོགས་སྐོང་འགུག་བྱེད་ཀྱི་ཡོད་པ་རེད། འདི་ལོ་ཡང་། སྲིད་བྱུས་ཉམས་ཞིབ་ཁང་དང་སཱི་པཱན་ནང་གི་བོད་ཁང་གཉིས་མཉམ་འབྲེལ་གྱི་ཐོག་ནས་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཉེ་འཁྲེས་ཀྱི་ཚོགས་ཁང་ཆེན་མོ། Atenee De Madrid ཞེས་པའི་ནང་དུ་ཟླ་འདིའི་ཚེས་བདུན་ཉིན་ཚོགས་ཆེན་གྱི་ཚོགས་བཅར་བ་མང་པོ་སྐོང་འགུག་གིས་ཉིན་གཅིག་གི་རིང་ལ་བོད་མཐོ་སྒང་གི་ཁོར་ཡུག་གི་གནད་དོན་གྱི་སྒང་ལ་ཟུར་ཚོགས་ཤིག་འཚོགས་གཏན་འཁེལ་ཡོད་པ་ལྟར། འདི་གའི་གསར་འགོད་པའི་ཐེངས་འདིའི་ཚོགས་ཆེན་ཐོག་གཏམ་བཤད་གནང་པར་ཕེབས་མཁན་གྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་འདི་ལོའི་ཟུར་ཚོགས་དེའི་ཐོག་ས་གནས་མ་འདྲ་བ་ཁག་ལྔ་ནས་གཏམ་བཤད་པ་ལྔ་གདན་འདྲེན་ཞུས་ཏེ།  བོད་མཐོ་སྒང་གི་གཏན་འཇགས་ཀྱི་འཁྱགས་རོམ་ཞུ་བཞིན་པའི་ཤུགས་རྐྱེན་དང་། དེ་བཞིན།  བོད་མཐོ་སྒང་གི་གནམ་གཤིས་ཚ་འགྱུར་དང་ཨེ་ཤ་ཡའི་མ་འོངས་པ། གཞན་ཡང་རྒྱུ་རྐྱེན་སྣ་མང་གི་ཁྲོད་དུ་བོད་མཐོ་སྒང་དུ་རང་བྱུང་གི་གོད་ཆག་མང་དུ་ཡོང་སྲིད་པའི་གནས་བབ་སོགས་ཀྱི་སྒང་ལ་གཏམ་བཤད་བྱེད་རྒྱུ་ཡིན་པ་ངོ་སྤྲོད་གནང་སོང་། རྩ་བའི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཐེངས་འདིའི་ཚོགས་ཆེན་ལ་དམིགས་པའི་འབོད་སྐུལ་དོན་ཚན་ལྔ་ཅན་གྱི་ཞུ་ཡིག་ཅིག་སྐད་ཡིག་ལྔ་ཡི་ནང་དུ་བྲིས་ནས་ཚོགས་བཅར་བ་རྣམས་ལ་འདོན་སྤེལ་བྱ་རྒྱུ་ཡིན་པ་དེའི་ནང་གི་དོན་ཚན་ལྔ་ལས་དང་པོ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས། (UNFCCC) ཞེས་པར་ཕུལ་ནས་བོད་མཐོ་སྒང་དེ་བོད་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ཆུ་མཛོད་ལྟ་བུར་ཆགས་ཡོད་པའི་གལ་གནད་ངོས་འཛིན་བྱས་ཏེ་ཚོགས་ཆེན་གྱི་བརྗོད་གཞིར་འཇོག་དགོས་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ཟློག་ཇི་ལྟར་འཕེལ་བཞིན་པར་རྟོག་ཞིབ་པ་གཏོང་རྒྱུའི་ཞུ་སྐུལ་ཡིན་པ་དང་། དོན་ཚན་ཕྱི་མ་གཉིས་ནི་རྒྱ་ནག་གི་བཟོ་ལས་འཛུགས་སྐྲུན་གྱིས་བོད་མཐོ་སྒང་གི་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པ་གསལ་འདོན་གྱིས། རྒྱ་ནག་གིས་བོད་མཐོ་སྒང་གི་བཟོ་ལས་འཛུགས་སྐྲུན་དང་ཡུལ་སྐོར་སྤྲོ་འཆམ་པ་ཚད་ལས་བརྒལ་བ་གཏོང་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་བའི་འབོད་བརྡ་བཏང་ཡོད་པ་དང་། དོན་ཚན་མཐའ་མ་དེ་ནི་རྒྱལ་སྤྱི་མང་ཚོགས་ལ་རེ་སྐུལ་བྱས་ཏེ། བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པའམ།    ལྷོ་ཨེ་ཤ་ཡིའི་མི་འབོར་ཐེར་འབུམ་གཅིག་དང་ཕྱེད་ཀའི་ཚེ་སྲོག་གི་གཞི་རྟེན་ཡིན་པར་བརྟེན།    རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁོར་ཡུག་ལས་འགུལ་ཆེན་པོ་ཞིག་སྤེལ་དེ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་གཅེས་བྱེད་རྒྱུའི་འབོད་སྐུལ་བཅས་ཡིན་པ་རེད། གཞིི་རྩའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་སྲུང་སྐྱོབ་ཀྱི་ཚོགས་ཆེན་ཐེངས་དང་པོ་དེ་ནི་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་སྦེར་ལཱན་དུ་སྤྱི་ལོ་ ༡༩༩༥ ལོར་ཐོག་དང་པོ་སྐོང་འཚོགས་བྱས་ཏེ།  འཛམ་གླིང་གི་ཁོར་ཡུག་དང་གནམ་གཤིས་ཀྱི་འགྱུར་ཟློག་གི་གནད་དོན་སྐོར་ལ་གྲོས་བསྡུར་བྱས་ནས་བཟུང་། ལོ་བསྟུད་མར་འཛམ་གླིང་གི་རྒྱ་ཁབ་འདྲ་མིན་གྱི་ནང་དུ་ལོ་རེར་ཐེངས་རེ་འཚོགས་གནང་གི་ཡོད་པ་རེད།   ཉེ་ལམ་རྒྱལ་སྤྱིའི་གནམ་གཤིས་དཔྱད་རིག་ཚོགས་པས་དེ་གའི་སྙན་ཐོའི་ནང་། གོ་ལའི་མཁའ་རླུང་ཁྲོད་ཀྱི་དུག་རླངས་གཙོག་བསྒྱུར་གྱི་ཚད་གཞི་དེ་ཕྱི་ལོ་ ༢༠༡༨ ལོའི་ནང་དེ་སྔ་བྱུང་མྱོང་མེད་པར་ཚད་མཐོ་ཤོས་སུ་སླེབས་ཡོད་པའི་ཉེན་བརྡ་བཏང་བའི་ཁྲོད ཐེངས་འདིའི་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་དེ་ཧ་ཅང་གནས་འགག་ཆེན་པོར་གྱུར་ཡོད་པ་རེད།  

སྐུ་ལུས་ཞུགས་འབུལ་གནང་མཁན་ཡོན་ཏན་ལགས་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ།

ཟླ་ ༡༡ ཚེས་ ༢༦ ཉིན་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་ཡིན་པ་རང་ལོ་ ༢༤ ལ་སོན་པ་རྒྱལ་གཅེས་པ་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་བར་བརྟེན་དེ་རིང་ཟླ་ ༡༢ ཚེས་ ༢ ཉིན་རྒྱབ་ཕྱག་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམ་པ་དེ་ཉིད་ཀྱི་ཆེད་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་མཆོད་འབུལ་སྨོན་ལམ་གནང་སོང་། མཆོད་འབུལ་སྨོན་ལམ་གྱིས་ཚོགས་མགོན་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ། དེ་བཞིན་ས་གནས་བོད་མི་བཅས་འདུ་འཛོམས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་བར་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་མཁན་བོད་མི་ ༡༥༤ བྱུང་བའི་ཁྲོད་བོད་མི་ ༥༤ དེ་བོད་མདོ་སྨད་རྔ་བ་ཁུལ་ནས་ཆགས་ཀྱི་ཡོད་སྟབས། རྔ་བ་མི་མང་སྙིང་སྟོབས་ཅན་ཚོས་བོད་ཀྱི་རྩ་དོན་ཆེད་དུ་བློས་བཏང་ཆེན་པོ་གནང་བ་དང་། ད་ལྟའི་ཆར་ས་གནས་དེར་དམ་བསྒྲགས་ཧ་ཅང་ཆེ་བའི་རྐྱེན་གྱིས་བོད་མི་ཕན་ཚུན་དབར་ཁ་པར་བརྒྱུད་ནས་འབྲེལ་བ་གནང་རྒྱུ་ཁག་པོ་ཆགས་ཡོད་སྐོར་གསུངས་སོང་། དེ་བཞིན་རྒྱལ་གཅེས་པ་ཡོན་ཏན་ལགས་ཀྱིས་གཙོས་པའི་ད་བར་བོད་ཀྱི་རྩ་དོན་སླད་དུ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཕྱིར་ཐུགས་སྨོན་གནང་རྒྱུ་དང་། ཡོན་ཏན་ལགས་ཀྱི་སྐུ་ལུས་ཞུགས་འབུལ་གནང་བ་དེས་བོད་ནང་དུ་དུས་ད་ལྟའང་རྩ་དོན་གནས་ཡོད་པ་གསུངས་སོང་བ་མ་ཟད། ཧོང་ཀོང་མི་མང་གིས་ཡུལ་དེའི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་སྐབས་ངོ་རྒོལ་དེའི་ཁྲོད་མང་ཚོགས་ཀྱིས་ཧོང་ཀོང་དེ་བོད་བཞིན་ཆགས་འདོད་མེད་ཅེས་འཕྲེད་དར་ནང་འཁོད་ཡོད་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་དེ་ལྟར་སྤེལ་ཡོད་སྟབས་དེས་བོད་ཀྱི་ཆེས་ཛ་དྲག་གི་གནས་སྟངས་མངོན་གྱི་ཡོད་པས་བོད་མི་ཚོའི་ངོས་ནས་རྒྱལ་གཅེས་པ་རྣམ་པས་སྐུ་ལུས་ཞུགས་འབུལ་གནང་ཁག་དུས་ནམ་ཡང་བརྗེད་ཐབས་མེད་པར་ཁོང་རྣམས་ཀྱི་མངོན་འདོད་ལྟར་བསྒྲུབ་པར་འབད་གནད་ཡིན་པ་གསུངས་ཡོད། སྲིད་སྐྱོང་མཆོག་གིས་ཡོན་ཏན་ལགས་ཀྱིས་གཙོས་པའི་ཉེ་ལམ་སྐུ་འདས་གྲོངས་སུ་གྱུར་བའི་བོད་ལུགས་༸སྐུའི་བླ་སྨན་པ་ཟུར་པ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་ Padma Shri བཞེས་མྱོང་མཁན་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ཀྱི་མཛད་རྗེས་དྲན་གསོ་དང་སྦྲགས་ཏེ་ཚང་མས་ཐུགས་སྨོན་གནང་དགོས་གལ་ཡིན་པའང་གསུངས་སོང་། ཁ་ཉིན་ཟླ་བ་ ༡༡ ཚེས་ ༢༩ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་ དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཚོགས་པ་ལྔ་པོའི་ཚོགས་གཙོ་དང་སྐུ་ཚབ། དེ་བཞིན་ས་གནས་བོད་མི་དང་ཕྱི་རྒྱལ་བ་བཅས་འདུ་འཛོམས་ཀྱིས་ཕྱི་དྲོ་ཕྱག་ཚོད་ ༥ ཐོག་མེག་གྷན་གྱི་བཞི་མདོ་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་བྱང་ཆུབ་སེམས་མཆོག་བསྔོ་སྨོན་གསུང་འདོན་གནང་སྟེ་རྒྱལ་གཅེས་པ་ཁོང་ལ་ གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་རྒྱ་ནག་དམར་པོས་བོད་བཙན་བཟུང་བྱས་ནས་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་གཙོས་པའི་མི་མང་གིས་ལས་འགུལ་རྒྱུན་མི་ཆད་པར་སྤེལ་བ་དག་ལུང་འདྲེན་དང་སྦྲགས། ད་ཆ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་་སྐུ་ལུས་མེར་བསྲེགས་ཕུལ་བ་དེ་རྒྱལ་སྤྱིའི་ལོ་རྒྱུས་ཐོག་ནས་བལྟས་ཚེ་གྲངས་འབོར་གྱི་ཆ་ནས་མང་ཤོས་དང་དུས་ཚོད་ཀྱི་ཆ་ནས་ཀྱང་དུས་ཡུན་རིང་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་དང་། ད་རེས་ཀྱི་ལས་འགུལ་དེས་བོད་ནང་རྒྱ་ནག་གི་དྲག་གནོན་འོག་མྱོང་བཞིན་པའི་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུ་གྱི་ཡོད་ཅེས་སོགས་གསུངས་སོང་། ད་དུང་ཁོང་གིས་བྱེས་བཞུགས་བོད་མི་རྣམས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་དྲིལ་བསྒྲགས་དང་རང་དབང་གི་གོ་སྐབས་སྤྱད་ནས་མུ་མཐུད་ལས་འགུལ་དེ་ལྟར་སྤེལ་རྒྱུའི་འགན་ཡོད་པ་གསུངས་ཡོད། གཞན་ཡང་ཁ་སང་ཟླ་ ༡༡ ཚེས་ ༣༠ ཉིན་ཡོ་རོབ་རྒྱལ་ཁབ་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་བོད་མཛའ་འབྲེལ་ཚོགས་པ་དང་། སུད་སི་ས་གནས་བུད་མེད་ཚོགས་པ། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ་རྣམས་པ་གཙོས་མི་མང་ཉིས་བརྒྱ་ལྷག་མཉམ་ཞུགས་ཀྱིས་བོད་ཀྱི་རྒྱལ་དར་དང་རྒྱལ་གཅེས་པ་ཡོན་ཏན་ལགས་ཀྱི་སྐུ་པར་བསྣམས་ཐོག་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་ཉེ་ལམ་བོད་རྫ་དཔོན་པོར་དགེ་འདུན་པ་ཁག་ཅིག་དང་མི་སྐྱ་གཞོན་སྐྱེས་གཉིས་ནས་བོད་རང་བཙན་སྐད་འབོད་གནང་བར་རྒྱ་གཞུང་གིས་འཛིན་བཟུང་བྱས་པར་སུད་སི་གྲོང་ཁྱེར་ཛུ་རིག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་དུ་རྒྱ་ནག་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མ་གཏང་བར་དུ་བོད་མི་ནས་མུ་མཐུད་བོད་དོན་བློས་བཏང་གནང་མི་སྲིད་ཅེས་སོགས་གཏམ་བཤད་གནང་བ་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། རྒྱ་ནག་ནས་བོད་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་སྐོར་སོགས་འབོད་ཚིག་ཆེད་འདོན་ཐོག་སྐད་འབོད་གནང་འདུག  དེ་མཚུངས་སུ་ཨོ་གླིང་ནང་གནས་བཞུགས་བོད་མི་རྣམས་ནས་ཀྱང་རྒྱལ་གཅེས་པ་ཡོན་ཏན་ལགས་ཀྱི་ཆེད་དུ་བསྔོ་སྨོན་གསུང་འདོན་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག

བཞུགས་སྒར་ནས་མོན་གྷོ་བར་དུ་བོད་དོན་གོ་རྟོགས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས།

འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་ལ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེན་་མཁན་སྐུ་ཞབས་ Sandesh Meshram ལགས་ཀྱིས་ཁ་སང་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་Janjagaran Cycle Yatra "Free Tibet, Save India” འམ་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་ཞེས་པའི་བརྗོད་ཚིག་འོག་རྒྱ་གར་མི་མང་ལ་བོད་དོན་གོ་རྟོགས་སྤེལ་བའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐེངས་བཞི་པ་དབུ་འཛུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་གཞོན་དང་ཧི་མཱ་ཅལ་དབུས་གཞུང་གི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Dr Kuldeep Chand Agnihoti མཆོག་དང་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Ajay Singh ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་རྣམ་པ་གསུམ་གྱིས་དབུས་པའི་ས་གནས་བོད་མི་དང་རྒྱ་གར་བ། དེ་བཞིན་ཕྱི་རྒྱལ་བ་སོགས་མང་ཚོགས་ཁག་གཅིག་འདུ་འཛོམས་གནང་འདུག བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་མཁན་སྐུ་ཞབས་ Sandesh Meshram འམ་བོད་མིང་ལ་བསམ་གཏན་ཡེ་ཤེས་ལགས་ནས་ཐོག་མར་ཕྱི་ལོ་ ༡༩༩༦ ལོར་བཞུགས་སྒར་དྷ་རྨ་ས་ལ་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག་པ་མ་ཟད། ད་བར་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་རྐང་འཁོར་སྐོར་བསྐྱོད་ཐེངས་གསུམ་གནང་མྱོང་ཡོད་པ་རེད། ད་རེས་རྐང་འཁོར་སྐོར་སྐྱོད་ཐེངས་བཞི་པ་འདི་ཁ་སང་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ ༡༢ ནང་ཕྱི་ལེ་ ༧༥༠༠ ལྷག་བརྒྱུད་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྟེ་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད། ཁ་སང་རྐང་འཁོར་སྐོར་སྐྱོད་ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་ཐོག་ལ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱི་སྐུ་ཞབས་ Sandesh Meshram ལགས་ཀྱིས་ད་རེས་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ཐེངས་བཞི་པ་འདི་སྤེལ་བའི་དགོས་དམིགས་དང་ལས་འགུལ་གྱི་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་གཞོན་དང་ཧི་མཱ་ཅལ་དབུས་གཞུང་གི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Dr Kuldeep Chand Agnihoti མཆོག་དང་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Ajay Singh ལགས་རྣམ་གཉིས་ཀྱིས་ཁོང་གི་ལས་འགུལ་འདི་ལེགས་གྲུབ་ཡོང་བར་རེ་སྨོན་ཤུགས་དྲག་ཞུ་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧི་མཱ་ཅལ་གྱི་ལྷ་དང་ལྷ་མོ་ཚོའི་བྱིན་མཐུ་ལ་བརྟེན་ནས་རྒྱ་གར་གྱི་མང་ཚོགས་ཁྲོད་དུ་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་པ་སོགས་གསུངས་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་གཙོས་པའི་མི་མང་ཡོངས་ལ་རང་ཉིད་སྒེར་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། དེ་སྔ་སྐུ་ཞབས་ཁོང་དང་ལྷན་དུ་བོད་དོན་གྱི་ལས་འགུལ་ཁག་གཅིག་སྤེལ་མྱོང་ཡོད་པའི་གནས་ཚུལ་བསྐྱར་དྲན་གནང་བ་མ་ཟད། སྐུ་ཞབས་མིཤ་རཱམ་ལགས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་རྒྱ་གར་མང་ཚོགས་ལ་གོ་རྟོགས་སྤེལ་བའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་འདི་འགེགས་མེད་ལེགས་གྲུབ་དང་བོད་མིའི་གཞིས་སྒར་མོན་གྷོར་བདེ་ལེགས་ངང་ཕེབས་འབྱོར་ཐུབ་པའི་རེ་སྨོན་ཞུས་ཡོད་པ་རེད། བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེན་་མཁན་སྐུ་ཞབས་ Sandesh Meshram ལགས་ཀྱིས་འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་ཕྱག་སྔོན་བཏང་བ་དང་སྦྲགས། ཐེངས་འདིའི་བོད་དོན་གོ་རྟོགས་སྤེལ་བའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་འདི་བཞིན་དེ་རིང་ནས་འགོ་འཛུགས་ཞུས་ཏེ་ཕྱི་ལེ་ ༧༥༠༠ ལྷག་ཡོད་པའི་མངའ་སྡེ་ཆེ་ཁག་དང་གྲོང་གསེབ་བཅས་པ་བརྒྱུད་ནས་ཟླ་བ་གསུམ་དང་ཉིན་བཅུའི་འགྲུལ་བཞུད་གནང་དགོས་སྐོར་ངོ་སྤྲོད་གནང་བ་མ་ཟད། ཁྱེད་རྣམ་པས་གུས་པར་བྱིན་གྱིས་རླབས་པའི་མཐུ་ལ་བརྟེན་ནས་ལེགས་གྲུབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་སོགས་གསུངས་སོང་། གཞི་རྩའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Sandesh ལགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་བོད་སྐྱོབ་ཅེས་པའི་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་སྐོར་སྐྱོད་ཅིག་རྒྱ་གར་གྱི་མངའ་སྡེ་ལྔའི་ནང་དུ་སྤྱི་ལེ་ ༤༠༠༠ ལྷག་ལ་སྤེལ་ཡོད་པ་དང་། མདྱ་མངའ་སྡེ་དང་ཆ་ཏིས་གྷར་མངའ་སྡེ། ཨོ་ཌི་ཤ་མངའ་སྡེ། ཨན་ཌ་ར་མངའ་སྡེ། ཏེ་ལཎ་གྷ་ན་མངའ་སྡེ་བཅས་ཡིན་པ་རེད། ཕྱི་ལོ་ ༢༠༡༦ ལོར་རྐང་འཁོར་སྐོར་སྐྱོད་ཐེངས་པའི་ལས་འགུལ་དེ་མངའ་སྡེ་མདྱ་མངའ་སྡེའི་གྲོང་ཁྱེར་ནག་པུར་ནས་ཨུ་ཊར་མངའ་སྡེའི་གྲོང་ཁྱེར་རྡོ་རྗེ་གདན་ལ་སྤྱི་ལེ་ ༡༢༠༠ ཡི་ས་ཐག་བརྒྱུད་ནས་བོད་སྐྱོབ་ཅེས་པའི་འབོད་ཚིག་འོག་ལས་འགུལ་སྤེལ་ཡོད་པ་རེད། དེ་རྗེས་ཁོང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༠ ཉིན་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཐེངས་གསུམ་པ་དེ་བྷི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་ནས་འབྲས་ལྗོངས་དང་བོད་ཀྱི་ས་མཚམས་རྣ་ཐོས་ལ་བར་དུ་རྒྱ་དཀར་ནག་གཉིས་དབར་ཕྱི་ལོ་ ༡༩༦༢ ལོ་དམག་འཁྲུག་ཤོར་བའི་དྲན་གསོ་ཆེད་དུ་ལས་འགུལ་སྤེལ་བ་ཞིག་ཡིན་པ་རེད།

ཡང་སྤྲུལ་རྩད་གཅོད་ཁོ་ནར་དམིགས་པའི་ཚོགས་ཆུང་ཟུར་དུ་འཛུགས་དགོས།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ལྷན་ཚོགས་འདིའི་ཐོག་༸དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་༸སྐུ་དངོས་ཆིབས་བསྒྱུར་བསྐྱང་ཐུབ་མེད་སྟབས། ཁ་ཉིན་ཕྱི་ཚེས་ ༢༧ ༸སྐུའི་བླ་གཟའ་དང་བསྟུན་རིན་པོ་ཆེ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ལ་འཕྲོས་པའི་དགོངས་འཆར་ཤོག་ལྷེ་བདུན་ཅན་གྱི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད། རིན་པོ་ཆེ་མཆོག་གིས་བསྩལ་བའི་གསུང་འཕྲིན་དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཙམ་དུ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་དང་། སོག་པོ་གཙོས་བོད་བརྒྱུད་ནང་བསྟན་འཛིན་པའི་རྒྱལ་ཁབ། དེ་བཞིན་འཛམ་བུ་གླིང་འདིའི་ཐོག་མགོན་པོ་མཆོག་ལ་དད་གུས་དང་དགའ་ཞེན་ཅན་གྱི་མི་ས་ཡ་བྱེ་བ་དུ་མའི་རེ་འདུན་དང་ཡིད་ཆེས་ཤིག་ཡིན་སྟབས། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་སྲིད་གཞུང་དང་ཚོགས་པ། མི་སྒེར་སོགས་ཀྱི་སྲིད་ཀྱི་ཁེ་ཕན་གྲུབ་ཆེད་དུ་མི་འགྲོ་བར་དམ་པའི་ལྷ་ཆོས་དང་མཐུན་ཞིང་བསྟན་འགྲོ་སྤྱི་དཔལ་དུ་འགྱུར་བ་ཞིག་དགོས་པ་ནི་གནད་འགག་གཙོ་བོ་ཡིན་ཞེས་དགོངས་འཆར་ཕུལ་བ་དང་སྦྲགས། མགོན་པོ་མཆོག་ནི་བླ་བྲང་གཅིག་ཙམ་དང་། ཆོས་བརྒྱུད་གཅིག ལུང་པ་གཅིག་གྱི་བླ་མ་མ་ཡིན་པར་བོད་བརྒྱུད་ནང་བསྟན་འཛིན་པ་ཀུན་གྱིས་གཙོས་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་ཤིག་ཡིན་སྟབས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམས་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་བཅས་ཀྱི་རྒྱབ་བརྟེན་དང་མཐུན་འགྱུར་ནི་མེད་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་ཏེ་ཡང་སྤྲུལ་རྩད་གཅོད་ཀྱི་བརྒྱུད་རིམ་ཁྲོད་དེ་དག་ཕན་ཚུན་ཞོགས་འདེགས་དང་། ལས་འཁུར་ཇི་ལྟར་བཞེས་དགོས་མིན་སོགས་ཀྱི་བཀའ་ལུང་ཞལ་གསལ་མེད་ཚེ་རྙོག་འཛིངས་ཆེན་པོ་ཡོང་ངེས་ལ་གཟིགས་ཏེ་ཡང་སྤྲུལ་རྩད་གཅོད་ཁོ་ནར་དམིགས་པའི་ཚོགས་ཆུང་ཟུར་དུ་འཛུགས་དགོས་མིན་སོགས་ཀྱི་ཐུགས་དགོངས་ཆེན་པོར་བཞེས་གནང་ཡོང་བའི་གསོལ་འདེབས་ཕུལ་འདུག གཞན་ཡང་རིན་པོ་ཆེ་མཆོག་གིས་དུས་ཀྱི་འགྱུར་ཤུགས་དྲག་པས་འབྱུང་འགྱུར་གནས་སྟངས་ཇི་ཡོང་གསུང་ཚོད་མི་ཐིག་ཞེས་གསུངས་ཏེ་གལ་ཏེ་ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་ཀྱང་དེ་ལ་ཞབས་ཞུ་སྒྲུབ་མཁན་བསམ་རྒྱ་ཆེ་བ། སྤྱི་སེམས་ཆེ་བ། ཤེས་རྒྱ་ཆེ་བའི་གང་ཟག་ཁྱད་པར་ཅན་ཞིག་དགོས་ཀྱི་ཡོད་ཀྱང་། ༸སྐུའི་ཡོངས་འཛིན་ཀྱང་གདན་ས་ཆེན་པོ་གསུམ་སོགས་ནས་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་༸གོང་ས་མཆོག་༸སྐུ་ཉིད་ཀྱིས་ད་ལྟ་ནས་འཚོ་སྐྱོང་ཡོང་བའི་གསོལ་འདེབས་དང་འབྲེལ། ༸རྒྱ་བའི་ཡང་སྲིད་རིན་པོ་ཆེའང་ཆོས་ལུགས་རིས་མེད་ཀྱི་ཐོག་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་བླ་མ་ཚད་ལྡན་གྱི་མདུན་ནས་བཀའ་ལུང་དབང་གསུམ་ཞུ་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་འདུག རིན་པོ་ཆེ་མཆོག་གིས་ད་དུང་བོད་ལྷ་ལྡན་ཞིང་དུ་བླ་སྤྲུལ་ཡང་སྲིད་ཀྱི་བྱུང་བ་དང་ཡང་སྲིད་ཕེབས་ཕྱོགས་ཀྱི་ལམ་བུ་སོགས་ཞིབ་ཕྲང་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་ཐད་ལ་འཛིན་པའི་སྲིད་བྱུས་ཇི་ཡིན་དང་དེའི་དབང་གིས་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ལ་བརྟག་གལ་ཆེ་བ་དང་། དེ་ལས་གལ་འགངས་ཆེ་བ་ནི་ངོ་རྒོལ་བྱ་རྒྱུ་ཙམ་མིན་པར་ཡིད་ཆེས་བློ་གདེངས་འཁེལ་བའི་ཁ་ཕྱོགས་དང་ཐབས་ལམ་འདི་དང་འདི་ཡོད་ཟེར་བའི་ལངས་ཕྱོགས་བརྟན་པོ་ཞིག་བྱུང་ན་གཞན་ཟིལ་གྱིས་ནོན་ཞིང་རང་བློ་བདེ་བར་ཡོང་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ཀྱི་ཁྲོད་དུ་མ་འདས་སྤྲུལ་སྐུའི་བྱེད་ཐབས་དེ་འོས་ཤིང་འཚམས་པ་རེད་ཟེར་མཁན་མང་ནའང་། ཐབས་ལམ་འདི་ནི་ཡོངས་སུ་གྲགས་པ་ཞིག་མིན་ཅིང་། གཞན་གྱི་ཡིད་ཆེས་ཇི་ཙམ་རྙེད་མིན་གསུང་ཚོད་དཀའ་བ་རེད་ཅེས་གསུངས་འདུག རྩ་བའི་༸དཔལ་རྒྱལ་དབང་ཀརྨ་པ་རིན་པ་ཆེ་མཆོག་ད་རེས་ཀྱི་ཆོས་ཚོགས་ཐེངས་ ༡༤ པ་འདིའི་ཐོག་དངོས་སུ་ཆེད་ཕེབས་གནང་ཐུབ་མེད་པར་བརྟེན། རིན་པོ་ཆེ་མཆོག་གི་སྐུ་ཚབ་ཏུ་ཚུར་ཕུ་རྒྱལ་ཚབ་གཽ་ཤྲི་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ཡོད་པ་ལྟར་རིན་པོ་ཆེ་མཆོག་གིས་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་དམིགས་བསལ་མཇལ་ཁ་ཞུས་ཡོད་པ་རེད། དེ་བཞིན་ཁ་སང་ཕྱི་ཚེས་ ༢༨ ཉིན་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ལྷན་ཚོགས་ཐོག་བཅར་བའི་སྔ་འགྱུར་རྙིང་མའི་བླ་ཆེན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་གིས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་ནས་བླ་མ་སྐྱེས་ཆེན་དག་གི་ཡང་སྲིད་ངོས་འཛིན་མཛད་ཚུལ་སྤྱིའི་འགྲོ་ལུགས་ལྟར་གནང་ཡང་མི་འཐད་པ་ཆ་གང་ཡང་མེད་ཀྱང་། རབ་དང་ཕུལ་དུ་བྱུང་ན་མགོན་པོ་མཆོག་༸སྐུ་དངོས་འཚོ་བཞེས་སུ་བཞུགས་པའི་སྐབས་ཡེ་ཤེས་ཀྱི་དབྱིངས་ནས་དགོངས་པ་བལྟས་ཏེ་༸སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཕོ་བའི་མ་འདས་སྤྲུལ་སྐུ་ཞིག་འཇོག་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དང་། མགོན་པོ་མཆོག་གིས་དེ་ལྟར་གནང་ཐུབ་ཚེ་གྲངས་ཆ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ་སྐུ་དངོས་ཀྱི་དྲུང་ནས་དབང་ཁྲིད་མན་ངག་མཐའ་དག་གསན་བསམ་གནང་ནས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཅིག་འདྲེས་སུ་འགྱུར་ངེས་ཡིན་པར་གསོལ་འདེབས་ཞུས་ཡོད་པ་རེད། དེ་བཞིན་འཁོན་རིགས་བསྟན་པའི་གཙུག་རྒྱན་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸སྐུའི་ཡང་སྲིད་ཕེབས་དགོས་གལ་ཡིན་ཀྱང་ཡང་སྲིད་དེ་ཆོས་ལུགས་གང་གི་ཁོངས་སུ་འཁྲུངས་མིན་ལ་བལྟོས་མེད་དེར་ཡིད་ཆེས་དང་ངོས་འཛིན་ཞུ་དགོས་པ་མ་ཟད། ང་ཚོས་ཀྱང་ཡང་སྲིད་རིན་པོ་ཆེས་བཀའ་ཆོས་བསྩལ་ཁག་ཨིན་སྐད་ལྟ་བུའི་སྐད་ཡིག་གཞན་གྱི་ནང་དུ་བཀའ་ཆོས་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུ་མི་དགོས་པར་བོད་ཀྱི་སྐད་ཡིག་ཐོག་ནས་གོ་ཐུབ་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་བསྩལ་ཡོད་པ་མ་ཟད། འདི་ག་རླུང་འཕྲིན་ཁང་ལའང་རིན་པོ་ཆེ་མཆོག་གིས་དེ་ལྟར་བཀའ་བསྩལ་དོན་གཙོ་བོ་ནི་༸སྐུའི་ཡང་སྲིད་ཕེབས་ཟིན་པའི་རྗེས་སུ་ང་ཚོ་ཚང་མས་མ་འགྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་ངོས་ལེན་དང་དད་པ་ཡིད་ཆེས་ཞུ་དགོས་པའི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ད་ལྟ་ནས་དྲན་སྐུལ་གྱི་ཚུལ་དུ་ཞུས་པ་ཡིན་ན་སླད་མར་དངོས་སུ་གནས་སྟངས་དེ་འདྲ་ཞིག་ཤར་བའི་སྐབས་སུ་རྙོག་འཛིང་མི་ཡོང་བའི་ཕྱིར་བཀའ་བསྩལ་བ་ཞིག་ཡིན་སྐོར་གསུངས་ཡོད།  

བཞུགས་སྒར་གྱི་ཚོགས་སྐྱིད་བཅུ་ཡིས་བོད་མཐོ་སྒང་གི་ཁོར་ཡུག་ཛ་དྲག་གི་གོ་རྟོགས་ལས་འགུལ།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག  རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་འཚོགས་ལ་ཉེ་བ་དང་སྟབས་བསྟུན་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པ་དང་། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་སོགས་ཀྱི་གཙོ་བྱས་པའི་ཚོགས་སྐྱིད་བཅུ་ཡིས་མཱེག་གྷན་ཁྲོམ་གཞུང་ནས་རྡ་རམ་ཀོ་ཊི་བར་དུ་གོམ་བགྲོད་ཀྱིས།  བོད་ནང་གི་ཁོར་ཡུག་གི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་པའི་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་། དེ་རིང་གི་གོ་རྟོགས་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་དུ་ཚོགས་སྐྱིད་ཁག་གི་འཐུས་ཚབ་པ་དང་གཞན་ཡང་བཞུགས་སྒར་ཁུལ་གྱི་ཕྱི་གླིང་བ་སོགས་ཁྱོན་མི་བརྒྱ་སྐོར་ཞིག་གིས་མཉམ་ཞུགས་བྱས་ཡོད་པ་དང་། ཁོང་ཚོའི་དྲིལ་བསྒྲགས་ཀྱི་གླེང་བརྗོད་ཀྱི་ནང་དུ།  འདས་བའི་ཟླ་ངོ་ཁ་ཤས་ཀྱི་ནང་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་དུ་ཁོར་ཡུག་ཉམས་རྒུད་ཀྱི་གནས་བབ་དེ་ཛ་དྲག་རང་བཞིན་ཞིག་ཡིན་པར་ངེས་ཤོས་རྙེད་བཞིན་ཡོད་པ་དང་།  ད་ཆ་བོད་ནང་དུ། གནམ་གཤིས་ཚ་འགྱུར་གྱི་དྲོད་ཚད་དེ་རྒྱལ་སྤྱིའི་གོ་ལའི་ཚ་དྲོད་ལས་ལྡབ་གསུམ་གྱིས་འཕར་གྱི་ཡོད་པར་འཁོད་ཡོད་པ་མ་ཟད།  བོད་དང་ཧི་མ་ཡའི་རི་རྒྱུད་ཀྱི་ཁུལ་དུ། ལོ་རེར་འཁྱགས་རོམ་ཏོན་ཐེར་འབུམ་བརྒྱད་རེ་ཞུ་བཞིན་པར་མངོན་གསལ་གྱིས།  བོད་མཐོ་སྒང་གི་ཁོར་ཡུག་གིི་གནས་བབ་ཛ་དྲག་ཆགས་བཞིན་པ་ཡོངས་གྲགས་གནང་འདུག དེ་བཞིན་གོམ་བགྲོད་པ་རྣམས་ཀྱིས་ཕྱག་ཏུ་སྦྱར་ཡིག་སྣ་མང་བསྣམས་ཏེ་འཛམ་གླིང་འདི་མེ་ལྕེ་ཁྲོད་ན་ཡོད། བོད་མཐོ་སྒང་གི་འཁྱགས་རོམ་ཞུ་བཞིན་ཡོད་ཅེས་པ་དང་། བོད་ནང་དུ་ཁོར་ཡུག་གི་དྲང་བདེན་དགོས་ཞེས་པ། གཞནང་ཡང་།  བོད། འཛམ་གླིང་གི་སྣེ་གསུམ་པ་ཞུ་བཞིན་ཡོད་ཅེས་པ་སོགས་ཀྱི་དྲིལ་བསྒྲགས་ཀྱི་འབོད་བརྡ་སྣ་མང་དང་མཉམ་དུ།  ས་ཚུགས་འདྲ་མིན་ནས་ཚོགས་སྐྱིད་ཁག་གི་འཐུས་ཚབ་པའི་བོད་ནང་ཁོར་ཡུག་གཏོར་བཅོམ་སྤྱི་དང་། སྒོས་སུ་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་མཛོད་གསར་རྒྱག་དང་འབྲོག་པ་གནས་སྤོར་སོགས་ཀྱི་ཐད་ནས་གཏམ་བཤད་གནང་སྟེ། རྒྱལ་སྤྱའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཁོར་ཡུག་གི་གནས་བབ་ལ་རྟོག་ཞིབ་བྱེད་དགོས་པའི་ཞུ་སྐུལ་གནང་སོང་། འདི་གའི་གསར་འགོད་པས་དེ་རིང་གི་ཚོགས་སྐྱིད་ཁག་བཅུ་ཡི་སྣ་འདྲེན་གྱི་འབྲེལ་མཐུད་པ།  རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་ཉམས་ཞིབ་པ། འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ལ་བཀའ་འདྲི་ཞུས་པར་ཁོང་གིས།  ཕྱི་ཟླ་བཅུ་གཉིས་བའི་ཚེས་གཉིས་ནས་བཅུ་གསུམ་བར་གྱི་ཉིན་གྲངས་བཅུའི་རིང་གི་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་འདུ་འཚོགས་ལ་ཉེ་བ་དང་བསྟུན།  བཞུགས་སྒར་གྱི་ཚོགས་སྐྱིད་ཁག་བཅུ་ཡིས་གཅིག་གྱུར་གྱིས་བོད་ནང་གི་ཁོར་ཡུག་གི་གནས་བབ་དེ་ཛ་དྲག་ཏུ་འགྱུར་བཞིན་པའི་ཞུ་སྐུལ་ཡོང་ཆེད་དང་། དེ་བཞིན་བོད་ནང་གི་ཁོར་ཡུག་གི་ཉམས་རྒུད་དེས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཡང་དོ་ཕོག་འགྲོ་ངེས་ཡིན་པ་སོགས་ཀྱི་གོ་རྟོགས་སྤེལ་ཆེད་གོམ་བགྲོད་ཀྱི་ལས་འགུལ་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་ཚུལ་ངོ་སྤྲོད་གནང་སོང་། གཞན་ཡང་། དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ། མགོན་པོ་དོན་འགྲུབ་ལགས་ཀྱིས་གསར་འགོད་པར། རྩ་བའི་བོད་མཐོ་སྒང་དེ་རྒྱལ་སྤྱིའི་སྒང་གི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་།  ད་ཆ་རྒྱ་ནག་གི་གནོད་ཤུགས་དང་རྒྱལ་ཁབ་གཞན་རྣམས་ཀྱི་རང་རྒྱལ་གཙོར་འཛིན་གྱི་ཁེ་ཕན་སོགས་ཀྱི་ཚོང་ལས་ཀྱི་ཁྲོད་ནས། བོད་མཐོ་སྒང་གི་ཁོར་ཡུག་གནས་བབ་དེ་ཛ་དྲག་གི་གནས་བབ་ཏུ་འགྱུར་བཞིན་པར་ངོས་འཛིན་གསལ་བོ་ཞིག་ཡོང་གི་མེད་དུས།  དེ་རིང་གི་གོ་རྟོགས་གོམ་བགྲོད་ཀྱི་ལས་འགུལ་དེ་བརྒྱུད་ནས་གནས་ཚུལ་དེ་གསལ་འདོན་བྱེད་ཐབས་བྱེད་ཀྱི་ཡོད་པར་གསུངས་སོང་།

༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།

དེ་རིང་ཟླ་ ༡༡ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༦ ཡོལ་ཙམ་ལ་བཞུགས་སྒར་གྱི་དུར་ཁྲོད་དུ་ས་གནས་ཀྱི་རྒྱ་གར་གནད་ཡོད་མི་སྣ་གཙོ་གྱུར་རྒྱ་གར་གྱི་ས་གནས་གཞན་ནས་ཕེབས་པའི་ཡུལ་མི། དེ་བཞིན་བོད་མི་སོགས་ཆེད་བཅར་གྱིས་༸རྒྱལ་བའི་བོད་ལུགས་བླ་སྨན་པ་ཟུར་པ་དང་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་ Padma Shri བཞེས་མྱོང་མཁན་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་། སྐུ་ཕུང་ཞུགས་འབུལ་དེའི་ཐོག་ཀངྒ་ར་རྫོང་དཔོན་གྱི་དྲུང་འཕར་སྐུ་ཞབས་ Raghav Sharma ལགས་དང་དྷ་ས་ས་གནས་གྲོང་སྡེའི་འགོ་འཛིན་ Dr Harish Gajju ལགས། དེ་བཞིན་དྷ་ས་ས་གནས་སྐོར་སྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་དང་། དྷ་སའི་སྲིད་སྐྱོང་གཞོན་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་ལས་སློབ་རྣམ་པ། དྷ་སའི་ས་གནས་ཡུལ་མི་དང་བོད་མི་བཅས་ཁྱོན་མི་འབོར་བརྒྱ་ཕྲག་ཁ་ཤས་ཆེད་ཕེབས་ཀྱིས་དམ་པ་ཁོང་གི་སྐུ་ཕུང་རང་ཤག་ནས་གདན་འདྲེན་ཞུས་ཏེ་ཆོས་དབྱངས་ཀྱི་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་གིས་ད་བར་མི་རིགས་ཁྱད་མེད་ཀྱི་ནད་པར་བྱམས་བརྩེའི་སྒོ་ནས་གཟིགས་སྐྱོང་གནང་བར་གུས་འདུད་མཚོན་པའི་གདུང་སེམས་མཉམ་བསྐྱེད་དང་སྐུ་ཕུང་ཞུགས་འབུལ་གནང་སོང་། སྐབས་དེར་སྐུ་ཞབས་ Raghav Sharma ལགས་ཀྱིས་༸སྐུའི་བླ་སྨན་པ་ཟུར་པ་དམ་པ་ཁོང་ནི་བོད་པའི་སྤྱི་ཚོགས་ནང་རླབས་ཆེན་གྱི་བྱས་རྗེས་འཇོག་མཁན་ཞིག་ཡིན་སྟབས། ཀངྒ་ར་རྫོང་དང་ཧི་མཱ་ཅལ་གྱི་ཚབ་ཞུས་ཏེ་དམ་པ་ཁོང་སྐུ་ཚེ་མ་ཟིན་པར་བློ་ཕམ་ཡོད་ཅེས་དང་ང་ཚོ་ད་རེས་བོད་མིར་གདུང་སེམས་མཉམ་བསྐྱེད་དང་། དམ་པ་ཁོང་གིས་བོད་པའི་སྤྱི་ཚོགས་དང་ཧི་མཱ་ཅལ་ལ་ཞབས་འདེགས་བླ་མེད་བསྒྲུབས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་སོང་། དེ་བཞིན་དྷ་ས་ས་གནས་གྲོང་སྡེའི་འགོ་འཛིན་ Dr Harish Gajju ལགས་ཀྱིས་དམ་པ་ཁོང་གི་སྐུ་འཚོ་བཞུགས་རིང་ལ་ནད་པ་མང་དག་ཅིག་ལ་གཟིགས་སྐྱོང་གནང་ཡོད་པ་དང་སྒོས་རང་ཉིད་སོ་སོ་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སུ་ཡིན་རུང་ཁོང་གི་སར་བཅར་སྐབས་དུས་ཚོད་ཡོད་མེད་བལྟོས་མེད་ ནད་པར་གཟིགས་སྐྱོང་གནང་གི་ཡོད་སྟབས་ས་གནས་ཀྱི་འཛིན་སྐྱོང་ལས་ཁུངས་ནས་ཁོང་གི་སྤྱི་ཚོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཁག་དྲན་པའི་ཡུལ་ནས་བརྗེད་ཐབས་མེད་པ་དང་། ད་རེས་དམ་པ་ཁོང་གློ་བུར་དུ་དགོངས་པ་རྫོགས་པར་བློ་ཕམ་ཡོད་པ་སོགས་གསུངས་ཡོད། ད་རེས་སྐུ་ཕུང་ཞུགས་འབུལ་ཐོག་ཕེབས་པའི་དམ་པ་ཁོང་ལས་སྨན་བཅོས་གནང་འོག་དྲག་སྐྱེད་བྱུང་བའི་རྒྱ་གར་ Maharashtra མངའ་སྡེའི་གྲོང་ཁྱེར་ Mumbai ནས་ཆེད་མངགས་ཕེབས་པའི་ Khushbu Mariwala ལགས་ཀྱིས་རང་ཉིད་ནས་དམ་པ་ཁོང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པ་ཐག་ཏུ་མུམ་བའེ་ནས་མཁའ་ལམ་བརྒྱུད་གུས་འདུད་མཚོན་ཕྱིར་དེ་རིང་སྐུ་ཕུང་ཞུགས་འབུལ་ཐོག་བཅར་བ་དང་།  རང་ཉིད་ལ་མཚོན་ན་དེ་སྔ་ཟེའུ་འབྲུའི་མངལ་ཁང་གི་འབྲས་སྐྲན་ Ovarian Cancer རིམ་པ་གསུམ་པ་ན་བ་དང་།  སྐབས་དེར་ཕྱི་ལུགས་སྨན་པས་སྨན་བཅོས་ཞུ་སླད་ Chemotherapy བྱེད་དགོས་པ་བརྗོད་ཡོད་ཀྱང་རང་ཉིད་ནས་སྨན་བཅོས་དེའི་ཚབ་ཏུ་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ད་བར་དམ་པ་ཁོང་གིས་གནང་བའི་གསོལ་སྨན་བཞེས་པར་བརྟེན་ད་ཆ་ལུས་པོ་བདེ་ཐག་ཆོད་ཡིན་པ་སོགས་གསུངས་སོང་། ད་དུང་རྒྱ་གར་ཅན་དི་གྷར་ནས་ཡིན་པ་ Harsh Handal ལགས་ཀྱིས་རང་ཉིད་ལོ་ ༤༥ ནས་ད་བར་དམ་པ་ཁོང་དང་ལྷན་དུ་རང་ཉིད་ཆེད་དང་སྐབས་རེ་གཞན་གྱི་ཆེད་དུ་འབྲེལ་བ་ཡོང་གི་ཡོད་པ་དང་། དམ་པ་ཁོང་གིས་བརྩེ་བ་ཆེན་པོ་གནང་མྱོང་ཡོད་སྟབས་ད་རེས་ཁོང་སྐུ་ཚེ་མ་ཟིན་པའི་གནད་ཚུལ་ཐོས་འཕྲལ་བློ་ཕམ་ཆེན་པོ་བྱུང་སྐོར་གསུངས་ཡོད།   གཞན་ཡང་དམ་པ་ཁོང་གི་སྨན་བཅོས་གནང་འོག་དྲག་སྐྱེད་བྱུང་བའི་མི་སྣ་དང་ཁོང་གི་དགེ་ཕྲུག་ནས་ཁོང་གི་མཛད་རྗེས་ལ་ཡི་རངས་དང་ནད་པའི་སྲོག་སྐྱོབ་ཚུལ་སོགས་གསུངས་སོང་། གཞི་རྩའི་དམ་པ་ཁོང་ཁ་ཉིན་ཕྱི་ཚེས་ ༢༦ ཉིན་གྱི་ནམ་ཕྱེད་ཡོལ་ཙམ་ལ་སྐུ་གཟུགས་བདེ་པོ་མ་བྱུང་བའི་ཐོག་གློ་བུར་དུ་དགོངས་པ་རྫོགས་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་འཕྲོད་བསྟེན་བཀའ་བློན་མཆོག་ནས་ཐུགས་གསོ་གནང་བ་དང་། དེ་བཞིན་སྤྱི་ཚོགས་དྲྭ་རྒྱའི་ཐོག་བོད་མི་རྣམས་ནས་བློ་ཕམ་གྱི་རྣམ་པ་མཚོན་པའི་མཆན་བཀོད་གནང་ཡོད་པ་མ་ཟད། ལྷག་དོན་དབུས་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་བཅས་པས་བསྔོ་སྨོན་གསུང་འདོན་གནང་ཡོད་པ་རེད།

ཆོས་ཚོགས་ཚོགས་ཆེན་བཅུ་བཞི་བའི་ཉིན་གཉིས་པའི་ཐོག་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས།

ཆོས་ཚོགས་ཚོགས་ཆེན་བཅུ་བཞི་བའི་ཉིན་གཉིས་པའི་ཐོག་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས། ཁ་སང་རེས་གཟའ་ལྷག་པ་ནས་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བཙན་བྱོལ་བོད་མིའི་ཆོས་བརྒྱུད་ཁག་གི་་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམས་ཀྱི་དབུས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༡༡༧ ལྷག་ཙམ་དབུ་བཞུགས་ཐོག་བཙན་བྱོན་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚོགས་དུས་ཉིན་གཉིས་པའི་ཐོག་ཆོས་ཚོགས་འདིའི་གྲོས་གཞི་གཙོ་བོ་བཞི་དང་དོན་གནད་གཞན་བཅས་ཀྱི་ཐོག་ཁྱོན་གྲོས་ཆོད་ ༣༢ སྤྱི་མོས་ཐོག་ནས་གཏན་འབེབས་གནང་སོང་། དེ་ཡང་ཁ་སང་ཉིན་དང་པོའི་ཉིན་རྒྱབ་ཏུ་ཚོགས་བཅར་བ་རྣམས་སྡེ་ཚན་བཞི་རུ་འཆར་འགོད་ཐོག་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས། ཆོས་ལུགས་གཞན་དང་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས། དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་བཅས་གྲོས་གཞི་གཙོ་བོ་བཞི་དང་གནད་དོན་གཞན་བཅས་ཀྱི་ཐོག་བཀའ་བསྡུར་བགྲོ་གླེང་སོགས་གནང་ཡོད་པ་རེད། དེ་རིང་ཚོགས་དུས་ཉིན་གཉིས་པའི་ཉིན་རྒྱབ་ཆུ་ཚོད་གསུམ་དང་ཕྱིད་ཀའི་ཐོག་སྡེ་ཚན་ཁག་ཏུ་བཀའ་བསྡུར་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་མཉམ་སྤུངས་ཀྱིས་མཐའ་མིའི་བགྲོ་གླེང་སོགས་གནང་མཐར། བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཞེས་པའི་གྲོས་གཞིའི་འོག་དགོན་སྡེ་ཁག་ཏུ་ད་ལྟ་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་གཞོན་པ་རྣམས་མུ་མཐུད་རྒྱུན་གནས་ཀྱིས་བསླབ་པ་མཐར་སོན་ཡོང་ཐབས་ཆེད་དམིགས་བསལ་འཆར་གཞི་དང་ཐབས་ལམ་གྲ་སྒྲིག་དགོས་པ་དང་། དགོན་སྡེ་ཁག་གི་གོ་སྒྲིག་འོག་དམིགས་བསལ་མི་སྐྱ་ཚོར་ནང་ཆོས་གོ་རྟོག་སྤེལ་ཆེད་སློབ་གཉེར་གནང་ཡུལ་གོ་སྐབས་བསྐྲུན་རྒྱུ་དང་། རྒྱ་ཆེ་མང་ཚོགས་རྣམས་ལ་ཡང་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཐབས་དགོས་པ། རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཏུ་ཆོས་ལུགས་ཕན་ཚུན་གྱི་གཞུང་ལུགས་དང་ལྟ་གྲུབ། ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་ཐོག་ལ་བགྲོ་གླེང་གང་མང་གནང་དགོས་པ། དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭ་དང་གཞུང་ཆེན་སློབ་གཉེར་གནང་ཡུལ་རྣམས་གནས་ཡུལ་རྒྱལ་ཁབ་སོ་སོའི་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་ངམ་འབྲེལ་ཡོད་སྡེ་ཚན་ནས་གཞུང་འབྲེལ་ངོས་ལེན་ཡོད་པའི་ལག་འཁྱེར་ཐོབ་ཐབས་དང་དགོན་པ་སོ་སོའོ་གྲྭ་བཙུན་རྣམས་སྤུས་ཚད་དང་ལྡན་པ་ཡོང་ཐབས་སུ་ཕྱོགས་ཡོང་ནས་ལག་བསྟར་དགོས་རྒྱུ་སོགས་གྲོས་ཆོད་དོན་ཚན་༡༤ སྤྱི་མོས་ཐོག་གཏན་འབེབས་གནང་སོང་། དེ་བཞིན་གྲོས་གཞི་གཉིས་པ་ཆོས་ལུགས་གཞན་དང་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་ཞེས་པ་དང་འབྲེལ། ཆོས་རིག་ལས་ཁུངས་ནས་ཕྱི་ནང་གི་ཆོས་ལུགས་དང་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་ཡིད་འོ་ཆུ་གཅིག་ཏུ་འདྲེན་ཐབས་སུ་ཡི་ཤུ་དང་ཧིན་དུ། ཁ་ཆེ་སོགས་དང་ཆོས་ལུགས་སོ་སོའི་ལྟ་གྲུབ་ཕན་ཚུན་ངོ་སྤྲོད་ཀྱི་བགྲོ་གླེང་གོ་སྒྲིག་ཞུ་དགོས་པ་དང་དེང་རབས་དང་བསྟུན་ནང་ཆོས་དང་ཚན་རིག་གཉིས་ཀྱི་གནད་དོན་གཅིག་ཏུ་འབབ་པའི་མཐུན་ཕྱོགས་ཀྱི་བགྲོ་གླེང་། དེ་བཞིན་འབར་མ་སོགས་ནང་ཆོས་བརྒྱུད་འཛིན་པ་མང་པོ་ཞིག་ནས་རང་རེའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རབ་བྱུང་བ་རྣམས་ལ་མཐོང་སྣང་མ་བདེ་བ་ཡོད་ཚུལ་གོ་རྒྱུ་འདུག་པས་རང་རེའི་ངོས་ནས་དེ་ལུགས་གཟབ་དགོས་པ་སོགས་ཁྱོན་གྲོས་ཆོད་དོན་ཚན་བཞི་གཏན་འབེབས་གནང་ཡོད། མ་ཟད་གྲོས་གཞི་དོན་ཚན་གསུམ་པ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ཞེས་པ་དང་འབྲེལ། ད་ཕན་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་བྱེད་ཕྱོགས་ལ་ཞན་ཆ་མཐོང་བས། དེ་ལ་བསྐྱར་ཞིབ་དང་། མཁས་དབང་གདན་ཞུའི་ཐོག་དེང་རབས་དང་མཐུན་པའི་ཉམས་ཞིབ་བྱེད་སྟངས་ཐོག་སློབ་ཁྲིད་ལག་བསྟར་དགོས་པ། གཞུང་ཆེན་ཁག་གི་རིགས་གཅིག་རྐང་འཛིན་ཐོག་ཆོས་བརྒྱུད་སོ་སོའི་བཤད་གྲ་ཁག་ཏུ་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་ངོ་སྤྲོད་ཙམ་མ་ཟད། དེང་དུས་དང་མཐུན་པའི་ཐོག་ནས་གོམ་པ་རིམ་བརྒྱུད་དགོས་པ་སོགས་གྲོས་ཆོད་དོན་ཚན་ལྔ་བཞག་སོང་། དེ་བཞིན་གྲོས་གཞི་བཞི་པ་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་དང་འབྲེལ། དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་ཚོར་དམིགས་བསལ་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་དང་སྨན་ཁང་ཡོད་པ་ཁག་ལ་རོགས་རམ་མཐུན་འགྱུར་དགོས་པ་དང་། གཞུང་ལུགས་ཁག་ཏུ་གསལ་བའི་སྲོལ་རྒྱུན་གྱི་ལུས་སྦྱོང་དར་སྤེལ་དང་རྒྱུན་འཛིན་གནང་དགོས་པ་སོགས་གྲོས་ཆོད་དོན་ཚན་བདུན། དེ་བཞིན་གནད་དོན་གཞན་ཁོངས་སུ་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་སྐོར་དང་། ལྷག་པར་དུ་༸གོང་ས་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཡིག་ཆ་འགྲེམ་སྤེལ་དགོས་པ་སོགས་གྲོས་ཆོད་དོན་ཚན་གཉིས་བཅས་ཁྱོན་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས་གནང་སོང་། རྩ་བའི་བཙན་བྱོན་བོད་མིའི་ཆོས་ཚོགས་ཐོག་ཐེངས་ ༡༤ པའི་ཚོགས་དུས་ཉིན་དང་པའི་ཐོག་ལ་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན། དེ་བཞིན་རྒྱལ་བ་ཇོ་ནང་བ་བཅས་པའི་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པ་དབུས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་ཚོགས་བཅར་བ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་གྱི་གྲོས་ཆོད་ཅིག་སྤྱི་མོས་ཐོག་ནས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། སང་ཉིན་ཆོས་ཚོགས་ཉིན་མཐའ་མའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཀྱིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩོལ་རྒྱུ་ཡིན་པ་དང་། ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཀྱི་གནས་ཚུལ་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་ཡིན་པ་རེད།

Latest news