Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

COP21 ཞེས་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་དང་བསྟུན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ Paris ནང་ཆེད་ཕེབས་གནང་འདུག

ཡུ་རོབ་རྒྱལ་ཁབ་ France ཀྱི་རྒྱལ་ས་ Paris ནང་དུ་ཟླ་བ་སྔོན་མའི་ཚེས་ ༣༠ ནས་ཟླ་བ་འདིའི་ཚེས་ ༡༣ བར་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐོག་ཚོགས་ཆེན་ཚོགས་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཁུལ་དེར་ཆེད་ཕེབས་གནང་ཡོད་པརེད།   དེ་ཡང་བཀའ་བློན་མཆོག་གིས་ད་ལན་གྱི་ཁོར་ཡུག་ཚོགས་ཆེན་ཐོག་ལ་ཆེད་ཕེབས་གནང་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཁོར་ཡུག་ལས་བྱེད་པ་རྣམས་ལ་བོད་མཐོ་སྒང་ལ་ཁོར་ཡུག་སྦག་བཙོག་ཤུགས་ཆེ་འགྲོ་བཞིན་པའི་རྐྱེན་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་སྐོར་གོ་རྟོགས་སྤེལ་ཕྱིར་ཡིན་འདུག་པ་མ་ཟད།  ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་ཞུས་པའི་ཟུར་ཚོགས་ཤིག་གི་ཐོག་ཆེད་ཕེབས་གནང་འདུག ཟུར་ཚོགས་དེའང་དེ་རིང་ཉིན་རྒྱབ་ཏུ་ Paris ནང་གི་ཚོད་ ༣ ནས་ ༥ བར་ཚོགས་གནང་གི་ཡོད་པ་རེད་འདུག    བཀའ་བློན་མཆོག་ད་ལན་ཁུལ་དེར་ཕེབས་པ་དང་ཆབས་ཅིག ཁུལ་དེའི་གསར་འགོད་པ་ཁག་གི་ལྷན་དུ་མཇལ་འཕྲད་དང་ཕ་རན་སིའི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་གི་ཡོད་པ་རེད་འདུག རྩ་བའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཚོགས་ལྷན་ཐེངས་ ༢༡ པ་དེ་ཚོགས་བཞིན་པའི་ཐོག་ལ། བོད་མིའི་ཁྲོད་ནས་དངོས་སུ་མཉམ་ཞུགས་གནང་ཐུབ་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་ཚན་ལགས་མ་གཏོགས་བྱུང་མེད་ཀྱང། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་བེུད་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་།  Tibet Justice སོགས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་ནས། COP21 ཚོགས་འདུའི་ཉེ་འགྲམ་དུ་ Civil Society ཚོགས་ཁང་ནང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཁོར་ཡུག་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པའི་བོད་པའི་ཁོར་ཡུག་ལས་འགུལ་བ་ཁག་ཅིག་ནས་ཀྱང་། བོད་ཀྱི་ཁོར་ཡུག་གནད་དོན་འབྲེལ་བའི་ཕྱག་དེབ་ཞིག་ཕ་རན་སིའི་སྲིད་འཛིན་ Francoise Hollande མཆོག་གི་ཕྱག་ལ་དངོས་སུ་ཕུལ་ཡོད་པ་རེད།  དེ་དང་ཕྱོགས་མཚུངས་སུ་བོད་ཀྱི་ཁོར་ཡུག་ལས་འགུལ་བ་རྣམས་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་མུས་ཡིན་པ་རེད་འདུག

སྲིད་སྐྱོང་མཆོག་གིས་གཞན་བརྟེན་གྱི་བསམ་བློ་དེ་དོར་དགོས་གལ་ཡིན་པ་གསུངས་འདུག

བཞུགས་སྒར་ཉེ་འདབས་དབུས་སྣེ་ལེན་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ལག་བསྟར་ཞུ་བདེའི་སྐོར་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པ་དང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་བོད་མི་རྣམས་ནས་ཀྱང་རིམ་བཞིན་གཞན་བརྟེན་གྱི་བསམ་བློ་དེ་ངེས་པར་དུ་དོར་དགོས་པ་དང། ལྷ་དོན་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའང་རིམ་པས་རང་ཁ་རང་གསོ་ཆགས་དགོས་གལ་ཡིན་པ་གསུངས་འདུག དེ་རིང་ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་བཞུགས་སྒར་ཉེ་འདབས་དབུས་སྣེ་ལེན་འབྲེལ་མཐུད་ཚོགས་ཁང་ནང་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག འཕྲོད་བསྟེན་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད་རྣམ་པ། ཟབ་ཁྲིད་པ་རྒྱ་གར་གྱི་ཆེད་ལས་མི་སྣ་དང་། དེ་བཞིན་བོད་མིའི་གཞིས་ཁག་ས་གནས་ ༣༣ ཙམ་གྱི་ས་གནས་འགོ་འཛིན་དང་། ས་གནས་སྨན་ཁང་འགན་འཛིན། སྨན་ཞབས་པ། ས་གནས་འབྲེལ་ཡོད་ལས་བྱེད་མི་གྲངས་ ༤༤ ལྷག་ཆེད་བཅར་གྱིས་མཉམ་ཞུགས་ཐོག་ཉིན་གསུམ་རིང་གི་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལས་གཞིས་དེར་རོགས་དངུལ་ཐོབ་སྟངས་སོགས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་པ་དང་སྦྲགས། འཛམ་གླིང་ནང་གི་སྐྱབས་བཅོལ་སྤྱི་ཚོགས་གཞན་དང་མི་འདྲ་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ནི་ཤེས་ཡོན་དང་འཚོ་བ་སོགས་གང་གི་ཆ་ནས་ཡར་རྒྱས་གང་ཙམ་ཕྱིན་ཡོད་སྟབས། བཀའ་ཤག་གི་ལྟ་གྲུབ་གསུམ་ལས་རང་ཁ་རང་གསོའི་ལྟ་གྲུབ་ལག་བསྟར་ཞུ་རྒྱུ་དང་སྦྲགས་ཏེ། འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའང་རིམ་བཞིན་རང་ཁ་རང་གསོའི་ལམ་དུ་འགྲོ་ཐུབ་པར་འབད་བརྩོན་གནང་མུས་ཁར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་ཀྱང་རིམ་བཞིན་གཞན་བརྟེན་གྱི་བསམ་བློ་དེ་ངེས་པར་དུ་དོར་དགོས་གལ་ཡིན་པ་དང་། ལྷ་དོན་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའང་རིམ་པས་རང་ཁ་རང་གསོ་ཆགས་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ནང་འདི་ལོར་རྒྱ་གར་གཅིག་པོ་ནས་འཛུལ་ཞུགས་བྱེད་མཁན་ལ་ཆ་མཚོན་ན་ཁྱོན་མི་གྲངས་ ༡༩༦༥༠ ལྷག་ཙམ་བྱུང་འདུག་པ་མ་ཟད། ཟླ་བ་བདུན་གྱི་ནང་མི་གྲངས་ ༧༠༠ ཙམ་གྱིས་སྨན་དོད་གུན་གསབ་དེ་ཞུ་ཟིན་འདུག ལས་གཞི་འདི་ཐོག་མ་འགོ་བཙུགས་པ་ནས་བཟུང་ལོ་རེ་བཞིན་མང་ཚོགས་འཛུལ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསུངས་དོན་ལ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱི་འཕྲོད་བསྟེན་ཐད་ལ་རྟོག་ཞིབ་གནང་རྒྱུ་དེ་ཆགས་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ལ་ཕན་པའི་ལས་གཞི་མང་དག་ལས་གཞི་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད།  འཕྲོད་བསྟེན་ལས་ཁུངས་ཀྱི་ཞུ་སྒོ་ཁག་ལས་ལས་གཞི་གལ་ཆེ་ཤོས་ལྔ་ཡོད་པ་ནི། འཕྲོད་བསྟེན་གྲངས་ཐོའི་ལས་གཞི་དང་། སྔོན་འགྲོའི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི། སྨན་བཅོས་ལྟ་སྐྱོང་གི་ལས་གཞི། འཕྲོད་བསྟེན་དང་འབྲེལ་བའི་ལས་བྱེད་རྣམ་པའི་ནུས་པ་གོང་སྤེལ་གཏོང་རྒྱུ། ས་གནས་ཁུག་ཀྱོག་ཁག་ལ་འཕྲོད་བསྟེན་ཆེད་མཐུན་རྐྱེན་སྐྱོ་བོ་ཡོད་པ་དེ་དག་བཟང་དུ་གཏོང་རྒྱུ་བཅས་ཡིན་པ་གསུངས་འདུག ད་དུང་ཁོང་གིས་ལས་གཞི་དེའི་ནང་བོད་མིའི་གཞིས་ླག་ནས་མཉམ་ཞུགས་བྱེད་མཁན་བརྒྱ་ཆ་ལ་གཞིས་ཏེ་བྱ་དགའ་གསོལ་སྩལ་གནང་རྒྱུ་ཡོན་སྐོར་སོགས་གསུངས་འདུག རྩ་བའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ཁྲོད་ནས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལག་བསྟར་གནང་ཕྱོགས་དང་། བོད་མི་མང་ཚོགས་ནང་ལས་གཞིའི་ཁེ་ཕན་སོགས་གསལ་བཤད་གང་ལེགས་ཡོང་ཐབས་སུ་ལམ་སྟོན་གནང་རྒྱུ་བཅས་ཀྱི་དགོས་དམིགས་འོག་ཚོགས་པ་ཞིག་རེད་འདུག

ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོས་༸གོང་ས་མཆོག་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱང་རྒྱུར་རེ་བ་གཟིགས་ཀྱི་ཡོད་པ་གསུངས་སོང།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་རིང་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གཞུང་གི་བློན་ཆེན་རྣམ་པར་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་ནས། མངའ་སྡེ་གཞུང་མང་གཉིས་ལ་བཀྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང།  དེ་ཡང་འདས་པའི་ཉིན་གྲངས་བཞི་ནས་འདི་ག་རྡ་རམ་ས་ལར་མངའ་སྡེའི་གྲོས་ཚོགས་ཚོགས་འགོ་བཙུགས་ཡོད་པ་ལྟར། དེ་རིང་ལས་ཉིན་མཐའ་མའི་དུས་ཚིགས་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མངའ་སྡེའི་གྲོས་ཚོགས་སུ་ཚོགས་གཙོ་སྐུ་ཞབས་སྐུ་ཞབས་ Brij Behari lal Butail མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་༦༨ དང། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Vir Badra Singh  མཆོག་གིས་དབུས་པའི་གཞུང་གི་བློན་ཆེན་རྣམ་པར་བོད་གཞུང་མང་ནས་བཀྲིན་ཆེ་ཞུ་དང་ཐུགས་རྗེ་ཆེ་ཞུ་ཕྱིར་ཆེས་མཐོའི་དཔོན་རིགས་རྣམས་ལ་ཉིན་དགུང་གསོལ་ཚིགས་ཤིག་བཤམས་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གསོལ་ཚིགས་གོ་སྒྲིག་གནང་པ་འདིའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྲིད་སྐྱོང་བློ་བཟང་སེང་མཆོག་རྣམ་གཉིས་ནས་མངའ་སྡེའི་སྤྱིའི་ཁྱབ་བློན་ཆེན་སྐུ་ཞབས་ Vir Badra Singh  མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Brij Behari lal Butail མཆོག་དང་འཚམས་འདྲིའི་མཇལ་མོལ་གནང་སོང་བ་དང། ལྷག་པར་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་རྣམ་པ་དགུང་ཚིགས་བཞེས་སྐབས་དེ་རིང་གི་མཛད་རིམ་དེ་བཞིན་གཙོ་བོ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་ ཆེད་ཡིན་སྐོར་གསུངས་གནང་སོང། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Brij Behari lal Butail མཆོག་གིས་སྐབས་དེར་འཕགས་བོད་གཉིས་ཀྱི་འབྲེལ་བ་དེ་བཞིན། གནའ་སྔ་མོ་ཞིག་ནས་ཡོད་པ་དང་ལྷག་པར་དུ་རིག་གཞུང་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ནི་ཧ་ཅང་གི་དམ་ཟབ་ཆགས་ཡོད་པའི་བོད་དང་རྒྱ་གར་དབར་གྱི་འབྲེལ་བའི་གལ་གནད་སྐོར་ལ་གསུང་བཤད་གནང་སྟེ།  དེ་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གཞུང་གི་ཆེས་མཐོའི་ལས་བྱེད་རྣམ་པར་དགུང་ཚིགས་གོ་སྒྲིག་གནང་པར་བོད་གཞུང་དམངས་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང། ལྷག་པར་དུ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Brij Behari lal Butail མཆོག་གིས་འདི་ག་རླུང་འཕྲིན་ནས་བཅར་འདྲི་ཞུས་པར་བཀའ་ལན་དང་སྦྲགས། ཚོགས་གཙོས་མངའ་སྡེ་གཞུང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོར་བཀའ་འདྲི་དགོངས་བསྐོར་ཞུས་རྗེས། ལོ་རྗེས་མའི་གྲོས་ཚོགས་སྐབས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱང་རྒྱུར་རེ་བ་གཟིགས་ཀྱི་ཡོད་པ་གསུངས་གནང་སོང།  སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་པར་ཆབ་སྲིད་ཀྱི་མི་སྣ་དང་འབྲེལ་བ་བཞག་དགོས་ཡག་དེ་གལ་ཆེ་ཡིན་སྟབས། དེ་རིང་གི་མཛད་རིམ་འདི་གནད་ཆེ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང། དེ་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་བློན་ཆེན་རྣམ་པར་དགུང་ཚིགས་འདེགས་འབུལ་ཞུས་པའི་མཛད་རིམ་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཡང་ཆེད་ཕེབས་ཐོག་ཆེས་མཐོའི་དཔོན་རིགས་རྣམས་དང་མཇལ་མོལ་དང་གསོལ་ཚིགས་ལྷན་དུ་བཞེས་གནང་ཡོད་པ་རེད།  

ཨོ་སི་ཊི་ལི་ཡའི་གྲོས་ཚོགས་མདུན་དུ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག

ཨོ་སི་ཊི་ལི་ཡའི་གྲོས་ཚོགས་ཀྱི་མདུན་དུ་ཡོད་པའི་སྤང་ལྗོངས་སྟེང་དུ་བོད་ཀྱི་རྒྱལ་དར་དང་རླུང་རྟའི་དར་ལྕོག་སོགས་བསྒྲེངས་འཛུགས་གནང་སྟེ། བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་རྣམས་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད། དེ་ཡང་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། ཨོ་སི་ཊི་ལི་ཡའི་ནང་རྟེན་གཞི་བྱས་པའི་ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་དོན་ལས་འགུལ་ཁང་དང་།  བོད་རིགས་སྤྱི་མཐུན་ཚོགས་པ་ཁག་མཉམ་འབྲེལ་གྱིས་གོ་སྒྲིག་འོག ཁུལ་དེའི་རྒྱལ་ས་ Canberra ནང་རྟེན་གཞི་བྱས་པའི་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་གྱི་སྤང་ལྗོངས་སྟེང་དུ་རླུང་རྟ་ ༢༠༡༠ བསྒྲེངས་འཛུགས་བྱས་ཏེ་བོད་ནང་གི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་རྣམས་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཞུས་འདུག   སྐབས་དེའི་ལས་འགུལ་ཐོག་ས་གནས་བོད་རིགས་གཙོས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michael Danby ལགས་དང་གྲོས་ཚོགས་འཐུས་མི་ལྕམ་ Melissa Parke ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་ས་གནས་མི་མང་བཅས་མཉམ་ཞུགས་གནང་འདུག གཞི་རྩའི་ད་ལན་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་མདུན་དུ་སྤེལ་བའི་ལས་འགུལ་དེ་བརྒྱུད་ནས་ཁུལ་དེར་ཚོགས་བཞིན་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གིས་མུ་མཐུད་ནས་དྲག་གནོན་བྱེད་བཞིན་པའི་བོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་རང་དབང་ལ་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ལས་འགུལ་ཞིག་ཀྱང་ཡིན་འདུག

བཞུགས་སྒར་དུ་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡ སྟེ་འཛམ་གླིང་ཕྱོགས་ཡོངས་ལ་སྲོག་ཉེན་ཅན་གྱི་ནད་གཞི་ Aids འམ་གཉན་ནད་རེག་དུག་ལ་ཐབས་རྒོལ་གྱི་ World Aids Day འམ་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར་སྲུང་རྩིས་གནང་བཞིན་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་རྙིང་ཞེན་ཅན་གྱི་རིག་གཞུང་ལྡན་པའི་ཚོགས་སྡེ་ཀུན་དང་མཚུངས་པར་བོད་མིའི་ཚོགས་སྡེ་ཁག་གི་ནང་དུའང་རིག་གཞུང་ལ་ཚོར་སྐྱེན་དང་ལྟ་སྟངས། དེ་བཞིན་ནད་གཞི་དེའི་ཐད་ལ་ཕྱོགས་ཡོངས་ཀྱི་ཤེས་ཡོན་གྱི་གོ་རྟོགས་ཧ་ཅང་ཞན་པས་བོད་པའི་སྤྱི་ཚོགས་ཁྲོད་དུ་ཕྱི་གསལ་ནང་གསལ་གྱི་བགྲོ་གླེང་ཡོང་རྒྱུར་ངལ་བ་འཕྲད་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ནད་གཞི་དེའི་དཀའ་རྙོག་དང་ཁྱབ་འཕེལ་འགོག་ཐབས་སུ་ཐབས་ལམ་ལེགས་ཤོས་གཅིག་པོ་ནི་ཤེས་ཡོན་གྱི་སློབ་གསོ་རྒྱ་གང་ཆེ་སྤེལ་རྒྱུ་དེ་རེད་ཅེས་གསུངས་འདུག  དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་བཀའ་བློན་མཆོག་གིས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་འདོན་སྤེལ་གནང་འདུག་པ་དང། དེའི་ནང་ཁོང་གིས་ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ཀྱི་མཁྱེན་རྟོགས་འོག་གཉན་ནད་རེག་དུག་ཕོག་པའི་བོད་མི་དེབ་སྐྱེལ་ཞུས་པ་ ༦༠  ཙམ་ཆགས་ཡོད་པ་དང། དེའི་ཁོངས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་གཉན་ནད་རེག་དུག་གི་ལས་གཞིའི་བརྒྱུད་རྒྱབ་སྐྱོར་ཐོབ་བཞིན་པ་ནད་པ་གྲངས་ ༣༠ ལྷག་ཙམ་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་གསུངས་པར་ཟླ་བ་འདི་ཧྲིལ་པོའི་ནང་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ཕྱོགས་མཐའ་ཁག་ཏུ་ཡོདཔའི་བོད་མིའི་གཞིས་ཆགས་དང་སློབ་གྲྭ དེ་བཞིན་བོད་མི་སུད་ཚོང་བའི་ས་ཁུལ་ཁག་ཡོངས་ལ་དམིགས་ཏེ་གཉན་ནད་རེག་དུག་གི་ནད་གཞི་གོ་རྟོགས་སློབ་གསོ་སྤེལ་རྒྱུའི་ལས་འགུལ་ཆེད་འབད་འབུངས་ཞུ་རྒྱུ་ཡིན་སྐོར་གསུང་པ་མ་ཟད། ནད་གཞི་དེས་མནར་བའི་ནད་པ་གང་མང་མདུན་དུ་ཐོན་ཏེ། རང་ཉིད་ཡུན་རིང་འཚོ་གནས་ཐུབ་ཆེད་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་ལ་ལོངས་སུ་སྤྱོད་དགོས་པའི་འབོད་སྐུལ་ནན་བརྗོད་གནང་འདུག རྩ་བའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོད་རྩིས་ལྟར་བྱས་ན། ད་ལྟའི་ཆར་འཛམ་གླིང་དེའི་ནང་ནད་གཞི་དེས་མནར་བའི་མང་ཚོགས་ཀྱི་གྲངས་འབོར་དེ་ས་ཡ་ ༣༦. ༩ ཙམ་ཆགས་ཡོད་པ་དང། དེའི་ཁོངས་ནས་ཕྱི་ལོ་ ༢༠༡༤ ལོ་གཅིག་པོར་མི་གྲངས་ས་ཡ་ ༢ ཙམ་ལ་གཉན་ནད་རེག་དུག་གི་ནད་གཞི་གསར་དུ་ཕོག་པ་དང་། ནད་གཞི་དེས་རྐྱེན་པས་མི་གྲངས་ས་ཡ་ ༡་༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད། དེ་བས་ཀྱང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ Aids སྔོན་འགོག་གི་ལས་གཞི་དང་འབྲེལ། ཨ་རིའི་ Stand ford གཙུག་ལག་སློབ་གཉེར་ཁང་གི་དབུ་འཛུགས་གནང་བའི་ Teach Aids ལས་གཞིའི་ལྷན་དུ་མཉམ་ལས་གནང་རྒྱུ་དང་སྦྲགས། བོད་པའི་རིག་གཞུང་གི་ཆ་ནས་ཚོར་སྐྱེན་ཟབ་ཅིང་སྨན་བཅོས་ཆ་ནས་ཁ་གསལ་བའི་གློག་བརྙན་གྱི་སྙན་ཆེད་འདོན་སྤེལ་གནང་རྒྱུ་ཡིན་པ་ཡོང་གྲགས་གནང་འདུག    རྩ་བའི་དེ་རིང་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་དང་བསྟུན། བཞུགས་སྒར་མེག་གྷན་དུ་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་དགེ་རྩ་ཚོགས་པ། བོད་ཀྱི་བེུད་ཚོགས་པ་བཅས་རུ་ཁག་ཅིག་དང། དེ་བཞིན་བདེ་ལེགས་སྨན་ཁང་དང་ས་གནས་རྒྱ་གར་གྱི་ Rotaryཚོགས་པ་བཅས་རུ་ཁག་གཉིས་པོ་སོ་སོ་ནས་རིན་མེད་ཀྱི་ཁྲག་བརྟག་དཔྱད་དང་། གོ་རྟོགས་ཀྱི་གཏམ་བརྗོད་འཁྲབ་སྟོན། དེ་བཞིན་མང་ཚོགས་ཚོར་ཡིག་ཆ་དང་འགྱིག་ཤུབས་བགོད་འགྲེམས་གནང་པ་སོགས་བརྒྱུད་ནད་གཞི་དེ་སྔོན་འགོག་བྱ་ཐབས་ཀྱི་གོ་རྟོགས་རྒྱ་ཆེ་སྤེལ་བ་དང་སྦྲགས་ཏེ་རེག་དུག་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

ལྡི་ལིར་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།

France ཡི་རྒྱལ་ས་ paris ནང་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་མ་འཚོགས་པའི་སྔ་རོལ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་མི་གྲངས་ ༣༠༠ སྐོར་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་གི་སྣེ་མོ་གསུམ་པ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་གཞི་རྒྱ་ཆེ་བའི་གོམ་བགྲོད་གནང་ཡོད་པ་རེད། ལས་འགུལ་དེ་ཡང་ samta sthal ནས་དབུ་འཛུགས་ཀྱིས་Jantar Mantar བར་སྤེལ་ཡོད་པ་དང། སྐབས་དེར་ལས་འགུལ་བ་རྣམ་པའི་ཕྱག་ཏུ་བོད་རྒྱལ་དར། བོད་ཀྱི་ཁོར་ཡུག་དེ་ནི་ཨེ་ཤི་ཡེའི་སྲོད་རྩ་རེད་ཅེས་པའི་ཕྲད་དར་དང། དེ་བཞིན་བོད་ཀྱི་རི་རྒྱུད་སྲུང་སྐྱོབ་དགོས་པ་དང་བོད་ཀྱི་ཆུ་རྒྱུན་སྐམ་ཚེ་ཨེ་ཤི་ཡེ་རང་བཞིན་འཆི་ངེས་ཡིན་པའི་འབོད་ཚིག་སོགས་འཁོད་པའི་ཕྲད་དར་བསྣམས་ཏེ་གོམ་བགྲོད་གནང་ཡོད་པ་རེད།  རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལམ་སྟོན་ཚོགས་ཆུང་གི་འགན་འཛིན་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་འཛམ་གླིང་ཐོག་ཁོར་ཡུག་དང་འབྲེལ་བའི་བཀའ་མོལ་དང་བགྲོ་གླེང་སོགས་གང་གནང་ཡང་བོད་དེ་འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་པས་དེ་ནི་གནད་ཆེ་ཞིག་ཡིན་པ་དང་། དེ་བཞིན་བོད་ནི་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བཅིུག་གི་འཚོ་བའི་བརྟེན་གཞི་བོད་ལ་ཐུག་ཡོད་སྟབས། རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ COP 21 ཐོག་ངེས་པར་དུ་བོད་ཀྱི་གནམ་གཤིས་སྐོར་གླེང་སློང་གནང་དགོས་པ་གསུངས་འདུག  དེ་དང་ཕྱོགས་མཚུངས་ལས་འགུལ་དེའི་ནང་རྒྱ་གར་བ་མང་དག་ཞིག་མཉམ་ཞུགས་གནང་ཡོད་པ་ལྟར་འདི་ག་རླུང་འཕྲིན་ཁང་གིས་རྒྱ་གར་ཡུལ་མི་ཞིག་ལ་དགོངས་ཚུལ་ཇི་ཡོད་ཐད་བཅར་འདྲི་ཞུས་པར། ཁོང་གིས་བོད་ཀྱི་ཁོར་ཡུག་གནད་དོན་དེ་ནི་ཆེས་གལ་འགངས་ཆེ་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་ཡང་གང་ལ་ཞེ་ན་བོད་ཀྱི་ཁ་འབབ་ཆེ་གྲས་སེང་གེ་གཙང་པོ་རྒྱ་གར་གི་ལ་དྭགས་ཁུལ་དུ་འབབ་ཀྱི་ཡོད་པ་རེད། ཅི་སྟེ་གཙང་པོ་དེའི་ནང་རྫས་ལུད་སོགས་སྙིགས་རྡུལ་འཕང་པ་བྱུང་ཚེ་ཆེས་ཐོག་མ་ལ་དྭགས་ཀྱི་མི་དང་སེམས་ཅན་རྣམས་ལ་གནོད་འཚེ་བྱུང་ངེས་ཡིན་པ་རེད། དེ་མཚུངས་ལ་དྭགས་ཁུལ་གྱི་ཞིང་ཁག་ལ་གནོད་འཚེ་ཕོག་པ་ན་དུས་ཐོག་ཏུ་ལོ་ཏོག་མ་སྨིན་པའི་དཀའ་ངལ་མང་དག་ཞིག་འཕྲད་ཀྱི་ཡོད་པར་བརྟེན་དེ་རིང་ལས་འགུལ་དེའི་ཐོག་མཉམ་ཞུགས་གནང་ཡིན་པ་གསུངས་པ་མ་ཟད། ད་དུང་ཁོང་གིས་མུ་མཐུན་གསུངས་པར་དེ་ལན་གྱི་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ལས་འགུལ་ནི་བོད་གཅིག་པུ་མིན་པར་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་གཟབ་མོ་ཞིག་ཆགས་ཀྱི་ཡོད་པས་གོ་ལའི་ཐོག་གནས་པའི་མི་མང་ཡོངས་ནས་མཉམ་ཞུགས་གནང་དགོས་གལ་ཡིན་པ་གསུངས་སོང། རྩ་བའི་ལས་འགུལ་དེའི་ཐོག་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་གྱི་ཡུལ་མི་གཙོས་པའི་ས་གནས་མི་མང་བཅས་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་ཀུན་ལ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ངོ་སྤྲོད་གནང་པ་མ་ཟད། བསང་གསོལ་བཏང་པ་དང་སྦྲགས་ཏེ་གངས་ཅན་བོད་ཀྱི་བསྟན་པ་ཞེས་པའི་སྒོར་གཞས་འཁྲབ་སྟོན་གྱིས་མཇུལ་སྒྲིལ་གནང་ཡོད་པ་རེད།  དེ་དང་ཕྱོགས་མཚུངས་ཁ་སང་ཚེས་ ༢༩ ཉིན་གྱི་སྔ་དྲོ་དྷ་བཞུགས་སྒར་ཁུལ་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་འཛམ་གླིང་གི་སྣེ་མོ་གསུམ་པ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐོག་ཁྲོམ་གཞུང་ཟློས་གར་གྱི་ལམ་ནས་གསལ་སྟོན་བྱས་ཡོད་པ་རེད།

ལྡི་ལིའི་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་གཏམ་བརྗོད་ཀྱི་ལམ་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་ཇི་ཆགས་གསལ་སྟོན་གནང་པ།

རིང་མིན་ France ཡི་རྒྱལ་ས་ paris ནང་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་འཆར་ཡོད་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་གྱིས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ཁྲོམ་གཞུང་ཟློས་གར་གྱི་ལམ་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་ཇི་ཆགས་གསལ་སྟོན་བྱས་འདུག སྐབས་དེར་ལས་འགུལ་བ་རྣམས་ནས་བོད་ཀྱི་རྒྱུག་ཆུ་ཁག་ནི་རྒྱ་གར་གྱི་འཚོ་རྟེན་ཡིན་ཞེས་པའི་ཕྲད་དར་ཕྱག་ཏུ་བསྣམས་ཤིང་། བོད་ཀྱི་འབྲོག་པ་དང་བོད་ཀྱི་མཐོུང་མ་ཡིན་པའི་སེམས་ཅན་གཡག་འཁྲབ་སྟོན་དང། གཞན་ཡང་བོད་ཀྱི་རྒྱུག་ཆུ་ཁག་ལ་རྟེན་མཁན་གཤམ་འོག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། དེ་བཞིན་བྷང་ལ་དེ་ཤ་བཅས་ཀྱི་སྐུ་ཚབ་ཚོས་རང་གི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་ཆས་གོས་སྤྲས་ཏེ། ཁྲོམ་གཞུང་ཟློས་གར་གྱི་ལམ་ནས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཇི་ཙམ་གནད་ཆེ་ཡིན་མིན་མཚོན་པ་གནང་པ་མ་ཟད། ལྷག་པར་དུ་ལས་འགུལ་དེ་བརྒྱུད་ནས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་དབུ་ཁྲིད་ཁག་ནས་ངེས་པར་བོད་ཀྱི་ཁོར་ཡུག་གི་གནས་སྟངས་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་འདུག

རྒྱ་གར་གྱི་སྐད་ཡིག་དུས་སྟོན་ཐེངས་ལྔ་པའི་ཐོག་བོད་མི་སྙན་ངག་མཁན་གསུམ་ལྷན་ཞུགས་གནང་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྐད་ཡིག་དུས་སྟོན་ཚོགས་པའི་ཐོག་བོད་མི་སྙན་ངག་མཁན་གསུམ་ལྷན་ཞུགས་གནང་ཡོད་པ་རེད།  ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་India Habitat Centre ཡིས་གོ་སྒྲིག་འོག་རྒྱ་གར་གྱི་སྐད་ཡིག་དུས་སྟོན་ཐེངས་ལྔ་པའི་ཐོག་བོད་མི་སྙན་ངག་མཁན་བསྟན་འཛིན་བརྩོན་འགྲུས་ལགས་དང་ཚེ་རིང་དབང་མོ་ལགས། དེ་བཞིན་བུ་ཆུང་བསོད་ནམས་ལགས་བཅས་ལྷན་ཞུགས་ཀྱིས་སྙན་ངག་གྱེར་སྟོན་གནང་པ་དང་སྦྲགས། བོད་མི་དང་བོད་དོན་སྐོར་ཡང་གླེང་སློང་གནང་ཡོད་པ་རེད། དེ་མཚུངས་ཁ་སང་རྒྱ་གར་གྱི་སྐད་ཡིག་དུས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་སྒྱུ་རྩལ་པ་བློ་བསྟན་རྣམ་གླིང་ལགས་དང་བསོད་ནམས་སྒྲོལ་མ་ལགས།  འཇམ་དབྱངས་བཀྲིས་ལགས་བཅས་རྣམ་པ་གསུམ་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་ཡོད་པ་རེད། རྩ་བའི་དུས་སྟོན་དེ་ཟླ་བ་འདིའི་ཕྱི་ཚེས་ ༢༦ ནས་ ༢༩ བར་བཅས་ཉིན་བཞིའི་རིང་ཚོགས་གནང་གི་ཡོད་པ་རེད་འདུག འདི་ག་རླུང་འཕླིན་ཁང་གིས་རྒྱ་གར་གྱི་སྐད་ཡིག་དུས་སྟོན་ཐེངས་ལྔ་པའི་ཐོག་ལ་བོད་མི་སྙན་ངག་པ་དང་སྒྱུ་སྩལ་བ་བཅས་ལྷན་ཞུགས་གནང་མཁན་ཁོངས་ལས་བུ་ཆུང་བསོད་ནམས་ལགས་སུ་མྱོང་ཚོར་ཇི་བྱུང་ཐད་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་གྱི་དུས་སྟོན་འདིའི་ནང་རྒྱ་གར་གྱི་མངའ་སྡེ་རེ་ནས་མི་རེ་མ་གཏོགས་ལྷན་ཞུགས་གནང་རྒྱུའི་གོ་སྐབས་མེད་ཀྱང། ཐེངས་ལྔ་པ་འདིའི་ཐོག་ལ་བོད་མི་དྲུག་ཙམ་ལྷན་ཞུགས་གནང་རྒྱུ་ཙམ་མ་ཟད། ལྷག་དོན་དབུ་འབྱེད་མཛད་སྒོར་རིག་གཞུང་འཁྲབ་སྟོན་སོགས་གནང་རྒྱུའི་གོ་སྐབས་རག་པར་སྤོབས་པ་དམིགས་བསལ་ཞིག་སྦྱིན་བྱུང་ཞེས་གསུང་སོང། རྒྱ་གར་གྱི་སྐད་ཡིག་དུས་སྟོན་འདིའི་ཐོག་བོད་མི་སྙན་ངག་མཁན་གསུམ་པོས་བོད་མིའི་འཐབ་རྩོད་དང་འབྲེལ་བའི་སྙན་ངག་གྱེར་སྟོན་གནང་ཡོད་པ་རེད།

COP21 རྒྱལ་སྤྱིའི་གླེང་སྟེགས་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་གླེང་སློང་ཡོང་ཐབས་གནང་འདུག

  རིང་མིན་ France ཡི་རྒྱལ་ས་ paris ནང་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་འཆར་ཡོད་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཀྱི་གླེང་སྟེགས་དེའི་ནང་བོད་ཀྱི་ཁོར་ཡུག་གནད་དོན་ཐད་གླེང་སློང་ཡོང་ཐབས་གནང་ཡོད་པ་རེད།  ལྷག་དོན་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་པོ་དེ་དག་ནས་རྒྱལ་ས་ལྡི་ལིར་རེས་གཟའ་སྤེན་པའི་ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མདུན་སར་ཆེད་བཅར་ཞུ་ནས་བོད་ཀྱི་ཁོར་ཡུག་གནད་དོན་དང་འབྲེལ་ཡོད་གློག་བརྙན་དང་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུ། དེ་བཞིན་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་ཞུ་རྒྱུའི་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

Latest news