Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱ་གར་ལྷོ་ཕྱོགས་སུ་སྔགས་ཀྱི་རྩོད་པའི་འཇང་དགུན་ཆོས་ཆེན་མོ་ཚོགས་གཏན་འཁེལ་འདུག

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་རྒྱུད་སྨད་གྲྭ་ཚང་དུ་མདོ་སྔགས་གཉིས་ལས་སྔགས་ཀྱི་རྩོད་པའི་འཇང་དགུན་ཆོས་ཆེན་མོ་ཚོགས་གཏན་འཁེལ་ཡོད་པ་རེད། དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའོ་གཞིས་སྒར་ནང་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་གཙོས་པའི་སྔགས་ཀྱི་ཐོག་སློབ་གཉེར་གནང་མཁན་གྱི་ཡོངས་ནས་མཉམ་མེད་བདག་ཉིད་ཆེན་པོ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རིམ་ལྔ་གསལ་སྒྲོན་གཞིར་བཟུང་གསང་ཆེན་སྔགས་ཀྱི་འཇང་དགུན་ཆོས་ཆེན་མོའི་རྩོད་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་གཏན་འཁེལ་འདུག དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༧ བར་དུས་ཡུན་ཉིན་གྲངས་༡༣ རིང་ཚོགས་གནང་རྒྱུ་ཡིན་པ་གསུངས་སོང་། གཞི་རྩའི་དེ་སྔོན་བོད་དུ་དུས་འགྱུར་མ་བྱུང་སྔོན་རྒྱུད་གྲྭ་སྟོད་སྨད་སོ་སོར་སྔགས་ཀྱི་ཆོས་ཐོག་ཚུགས་སྲོལ་ཡོད་ཀྱང་། ཚུགས་སྟངས་དེ་འདོན་པ་འདོན་རྒྱུ་དང་དཀྱིལ་འཁོར་བཞེངས་རྒྱུ་ཙམ་ཡིན་པ་ལས་རྒྱུད་གྲྭ་སྟོད་སྨད་མཉམ་དུ་རྩོད་པའི་ཐོག་ནས་སྔགས་ཀྱི་བགྲོ་གླེང་ཚོགས་པའི་ལམ་སྲོལ་མེད་པ་རེད་འདུག འོན་ཀྱང་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གི་བབཀའ་སློབ་ལམ་སྟོན་གཞིར་བཟུང་ཐེངས་འདིའི་རྒྱུད་གྲྭ་སྟོད་སྨད་གཉིས་མཉམ་དུ་ཉིན་གྲངས་མང་པོའི་རིང་རྩོད་པའི་ལམ་ནས་བགྲོ་གླེང་ཚོགས་རྒྱུ་བྱུང་བ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག རྩ་བའི་་ཐེངས་འདིའི་སྔགས་ཀྱི་རྩོད་པའི་འཇང་དགུན་ཆོས་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་ད་ལོ་དགུང་གྲངས་༨༠ ཕེབས་པར་དགེ་ལུགས་ཡོངས་ཀྱིས་ལོ་འཁོར་གཅིག་རིང་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བྱེད་སྒོ་འདྲ་མིན་སྤེལ་རྒྱུའི་ལས་རིམ་ཁྲོད་ད་ལན་སྔགས་ཀྱི་ཐོག་དོན་གཉེར་བ་ཁྱད་མེད་ཡོངས་ནས་འཇང་དགུན་ཆོས་ཀྱི་རྩོད་པའི་བགྲོ་གླེང་འདི་བཞིན་གསར་གཏོན་གནང་པ་ཞིག་ཡིན་འདུག

བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་ཐེངས་ལྔ་པ་དབུ་འཛུགས་གནང་པ།

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་ཐེངས་ལྔ་པ་བཞུགས་སྒར་དུ་དབུ་འཛུགས་གནང་ཡོད་པ་རེད། དེ་རིང་ཟླ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གི་གཙོས། ཚོགས་ཆེན་དེའི་ཐོག་མཉམ་ཞུགས་གནང་མཁན་ལྷོ་ཨ་ཕི་རི་ཀ་དང། Malaysia, hilippines དེ་བཞིན་རྒྱ་གར་བཅས་རྒྱལ་ཁབ་བཞི་ནས་ཚོགས་བཅར་བ་ ༤༦ ལྷག་ཕེབས་ཡོད་པ་རེད། རྩ་བའི་ད་ལན་གྱི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་ཞུས་པའི་ཨེ་ཤི་ཡའི་མངའ་ཁུལ་གྱི་ཚོགས་ཆེན་ཐེངས་ལྔ་པ་དེ་སྐོང་ཚོགས་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཚོགས་བཅར་བ་ཚོར་བོད་དོན་འཐབ་རྩོད་ཁ་ཕྱོགས་དང་ནུས་པ་ཇི་ཙམ་སླེབས་ཡོད་མེད་སོགས་ཀྱི་ངོ་སྤྲོད་གནང་པའི་བརྒྱུད་མ་འོངས་པར་འཐབ་རྩོད་ཀྱི་ལས་འཆར་ཆེད་ནུས་པ་ཇི་ཆེར་གཏོང་ཐབས་སླད་སྐོང་ཚོགས་གནང་པ་ཞིག་ཡིན་འདུག དེ་བཞིན་དེ་རིང་ནས་གནངས་ཉིན་བར་ཉིན་གསུམ་རིང་ཚོགས་ཆེན་དེའི་ཐོག་གཞུང་གི་དབུ་ཁྲིད་དང། ལས་འགུལ་བ། ཉམས་ཞིབ་པ། དེ་བཞིན་བོད་ཀྱི་ཆབ་སྲིད་གནས་བབ་དང། ཁོར་ཡུག་སོགས་ཀྱི་ཐད་ལ་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་གཏམ་བཤད་དང་བགྲོ་གླེང་གནང་གི་ཡོད་འདུག

ཨ་རིས་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་ལ་བློ་འཚབ་ཡོད་པ་བརྗོད་འདུག

ཨ་རི་གཞུང་གིས་རྒྱལ་ཚོགས་སུ་འདོན་སྤེལ་བྱས་པའི་བལ་ཡུལ་ནང་གི་དུས་བཀག་བསྐྱར་ཞིབ་ (Universal Periodic Review of Nepal ) ཞེས་པའི་སྙན་ཐོ་དང་འབྲེལ། བལ་ཡུལ་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཐོག་གནས་ཡོད་པའི་བོད་རིགས་རྣམས་ཀྱི་གནས་སྟངས་ལ་བློ་འཚབ་ཡོད་པ་བརྗོད་འདུག  དེ་ཡང་ Swiss གྱི་གྲོང་ཁྱེར་ Geneva ནང་ཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚན་པའི་འོག་ རྒྱལ་ཚོགས་ཀྱི་མངའ་ཁོངས་སུ་ཡོད་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཅིག་གི་ནང་ལ། འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་དང་ཁྲིམས་ལུགས་སོགས་ཀྱི་འགྱུར་བའི་ ཐད་ལ་དུས་བཀག་བསྐྱར་ཞིབ་ཞེས་ཉན་ཞིབ་ཀྱི་ལེ་ཚན་ཞིག་གནང་མུས་དང་བསྟུན།  ཁ་ཉིན་ཕྱི་ཚེས་ ༤ ཉིན་ཨ་རི་གཞུང་གིས་བལ་ཡུལ་གྱི་དུས་བཀག་བསྐྱར་ཞིབ་ཐོག་བལ་ཡུལ་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སྟངས་འཛིན་ཐོག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཕྱིན་པར་བསྔགས་བརྗོད་གནང་པ་དང་འབྲེལ། བལ་ཡུལ་ནང་དེ་སྔ་ལོ་ངོ་ཉི་ཤུ་ལྷག་གྱི་གོང་ནས་སྐྱབས་བཅོལ་གྱི་གནས་བབ་ཐོག་གནས་བཞིན་པའི་བོད་རིགས་ཁག་ཅིག་ལ་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་མེད་པར་གནས་མུས་ཡིན་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག  དེ་བཞིན་སྐབས་དེར་ཨ་རི་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་ཁྲིམས་མཐུན་གྱི་ཡིག་མེད་པར་ལུས་པ་དེས་བོད་རིགས་རྣམས་ལ་ལས་གནས་ཀྱི་གོ་སྐབས་དང་། འགྲིམ་འགྲུལ་བྱེད་རྒྱུ་སོགས་ཀྱི་ཐད་ལ་དཀའ་ངལ་མུ་མཐུད་འཕྲད་བཞིན་པའི་གནད་དོན་ཁག་ཅིག་གསལ་བཏོན་གནང་པ་མ་ཟད།  ལྷག་དོན་འདི་ལོ་ནང་བལ་ཡུལ་དུ་ས་ཡོམ་གྱི་གོད་ཆག་འོག་གནོད་འཚེ་བྱུང་བའི་མི་སེར་དཀྱུས་མ་རྣམས་ལ་རྒྱལ་ཚོགས་དང་རྒྱལ་སྤྱའི་རོགས་རམ་ཚན་པ་ཁག་ནས་གནང་པའི་སྐྱོབ་གསོ་དང་མ་དངུལ་དེ་དག་ཇི་ལྟར་ཐོབ་ཡོད་མེད་ཀྱི་ཐད་ལ་བློ་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ།  བལ་ཡུལ་གཞུང་ནས་རང་གི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བསྐྱར་བཅོས་གནང་སྟེ་ཆོས་ལུགས་ཀྱི་རང་དབང་དང་། བུད་མེད་དང་བྱིས་པ་ཚོར་མི་སེར་གྱི་ཐོབ་ཐང་རྣམས་གཅིག་མཚུངས་བཟོ་དགོས་པའི་རེ་སྐུལ་ཡང་ནན་པོ་གནང་འདུག  གཞི་རྩའི་རྒྱ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཞེས་པ་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྡེ་ཚན་འོག་ཕྱི་ལོ་༢༠༠༦ལོར་ཆེད་དུ་གསར་འཛུགས་གནང་པ་ཞིག་ཡིན་པ་དང་། ཚན་པ་དེས་རྒྱལ་ཚོགས་ཀྱི་ཁྱབས་ཁོངས་སུ་ཡོད་པའི་རྒྱལ་སྤྱའི་རྒྱལ་ཁབ་༡༩༣ནང་གི་འགྲོ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་སྟེ། མ་འོངས་པར་བཟང་ཕྱོགས་ཀྱི་འགྱུར་བ་དགོས་ངེས་ཁག་ལ་ལམ་བསྟོན་གསལ་བཤད་གནང་གི་ཡོད་པ་རེད། ཡང་དེའི་བར་ན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་མི་ཁག་ཅིག་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་གནང་འདུག  དེ་ཡང་ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi  ལགས་དང་། Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim McGovern ལགས་གཉིས་གཙོས་པའི་ཨ་རིའི་གནད་ཡོད་མི་སྣ་ཁག་ཅིག་ཡུལ་གཉིས་ཀྱི་དཔལ་འབྱོར་དང་ཆབ་སྲིད།  དེ་བཞིན་དྲ་རྒྱའི་འཐབ་རྩོད་སོགས་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་ཡོད་མ་ཟད། ལྕམ་སྐུ་ Nancy Pelosi ལགས་ནས་ཐེངས་འདིའི་ཕྱོགས་བསྐྱོད་ཁྲོད་ཡུལ་གཉིས་ཀྱི་ཚོང་དང་དཔལ་འབྱོར་གཅིག་པོ་མ་ཡིན་པར་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་གཙོས་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐད་ལ་གླེང་སློང་ནན་པོ་གནང་རྒྱུ་ཡིན་པ་གསུངས་ཡོད་འདུག  

བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཡུལ་རྒྱ་གར་གྱི་ཡུལ་མི་དང་ལྷན་ལྷིང་འཇགས་དགོས་པའི་གཞེན་སྐུལ་གནང་པ།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་དྷ་ས་མེག་གྷན་གཞུང་ལམ་དུ་བོད་མི་ན་གཞོན་ཚུལ་ཁྲིམས་མཆོག་ལྡན་ལགས་རྒྱ་གར་བས་བསད་པའི་ཡིད་སྐྱོ་གནས་ཚུལ་ཐོན་པར་གསུང་སེམས་མཉམ་སྐྱེད་དང་འབྲེལ། གནད་དོན་དེ་འབྲེལ་གྱིས་བོད་མི་མང་ཚོགས་དང་གནས་ཡུལ་རྒྱ་གར་གྱི་ཡུལ་མིའི་དབར་མཐུན་ལམ་ལ་དོ་ཕོག་འགྲོ་བའི་གནད་དོན་རིགས་ཡིད་གཟབ་གནང་དགོས་པའི་གཞེན་སྐུལ་ཞིག་གནང་འདུག   ཁ་སང་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་སྤེལ་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་། ཉེ་ཆར་ཕྱི་ཟླ་ ༡༠ ཕྱི་ཚེས་ ༣༠ ཉིན་བཞུགས་སྒར་དུ་གནས་སྡོད་བོད་པའི་གཞོན་སྐྱེས་ཚུལ་ཁྲིམས་མཆོག་ལྡན་ལགས་ལ་རྒྱ་གར་བ་གསུམ་གྱིས་མེག་གྷན་གཞུང་ལམ་དུ་གྲི་བརྒྱབ་ནས་བཀྲོངས་པ་དེ་ནི་ཆེས་ཐབས་སྡུག་དང་བློ་ཕམ་དགོས་པའི་ཡིད་སྐྱོའི་གནས་ཚུལ་ཞིག་ཐོན་ཡོད་ཀྱང་། ས་གནས་རྒྱ་གར་ཉེན་རྟོག་པས་ལག་དམར་ཉེས་ཅན་པ་གསུམ་འཕྲལ་མར་འཛིན་བཟུང་བཀག་བསྐྱིལ་ཐུབ་པ་བྱུང་ཡོད། དེ་ནི་ཆེས་བསྔགས་འོས་ཀྱི་གནས་ཡིན་པ་མ་ཟད། ཉེས་ཅན་པ་གསུམ་པར་རྒྱ་གར་ཁྲིམས་ཐོག་ནས་དྲང་བདེན་གྱི་ཐག་གཅོད་གནང་རྒྱུ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ཡིད་ཆེས་བརྟན་པོ་ཡོད་སྐོར་གསུངས་འདུག དེ་བཞིན་དོན་རྐྱེན་དེ་བྱུང་རྗེས་རང་རིགས་བོད་མི་འགས་བོད་མི་སྐྱབས་བཅོལ་བ་དང་གནས་ཡུལ་རྒྱ་གར་གྱི་ཡུལ་མིའི་དབར་མཐུན་ལམ་ལ་དོ་ཕོག་འགྲོ་བའི་འཆལ་གཏམ་འདྲ་མིན་སྤྱི་ཚོགས་ཀྱི་བརྒྱུད་ལམ་དྲ་རྒྱ་སོགས་ནང་སྤེལ་བཞིན་འདུག་ན། བོད་རིགས་མང་ཚོགས་རྣམ་པས་དེ་དོན་ངེས་པར་དུ་ཡིད་གཟབ་གནང་གལ་དང་ལྷིང་འཇགས་ཐོག་གནས་དགོས་པའི་གཞེན་སྐུལ་གནང་འདུག རྩ་བའི་དྷ་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཀྱང་བོད་རིགས་མང་ཚོགས་ལ་དེ་སྔོན་གནས་ཚུལ་དེའི་བྱུང་རིམ་དང་ད་ལྟའི་གནས་སྟངས་ཇི་ཆགས་སོགས་ངོ་སྤྲོད་གནང་པ་དང་ཆབས་ཅིག གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག སྐྱབས་བཅོལ་བོད་མི་ཚོས་གནད་དོན་དེ་འབྲེལ་ཟང་ཟིང་མི་གནང་བ་གནང་གལ་ཡིན་པ་དང་། ལྷག་དོན་རྒྱ་གར་གྱི་ཡུལ་མི་རྣམས་ལ་ཚིག་ངན་དང་མི་ལེགས་པའི་རྣམ་འགྱུར་མི་བསྟན་པའི་ནན་སྐུལ་གནང་པ་མ་ཟད། བོད་པའི་བོུ་དེར་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་རྒྱ་གར་གྱི་ཉེན་རྟོག་པ་ཙམ་མ་ཡིན་པར་བོད་མི་ཚོར་ཡང་དེ་མཚུངས་ཡོད་པས་ཚང་མས་ཧུར་ཐག་གནང་དགོས་སྐོར་ནན་བརྗོད་གནང་འདུག

སྲིད་སྐྱོང་མཆོག་གིས་བོད་དེ་བོད་མི་གཅིག་པོའི་མ་ཡིན་པར་ཛམ་གླིང་ཁྱོན་ལ་གལ་ཆེན་རེད་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དེ་བོད་མི་ས་ཡ་དྲུག་གཅིག་པོའི་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་གལ་ཆེན་ཡིན་པ་རེད་ཅེས་གསུངས་ཡོད་པ་རེད།  དེ་ཡང་ཁ་ཉིན་ཚེས་ ༣ ཉིན་རྒྱ་གར་བྱང་ཤར་གོ་ཧ་ཊི་གྲོང་ཁྱེར་ནང་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་ཚོགས་པའི་ཁྲོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ Anadolu Agency ཞེས་པའི་ Turkey གཞུང་འབྲེལ་གསར་བསྒྱུར་བརྒྱུད་ལམ་གྱིས་བཅར་འདྲི་ཞུས་པར་ཁོང་གིས་བོད་རྒྱལ་ཁབ་ཀྱི་གནད་དོན་དེ་ཆོས་ཕྱོགས་དང་ཁོར་ཡུག དེ་བཞིན་ཆབ་སྲིད་བཅས་ཁྱོན་ཡོངས་ཀྱི་ཆ་ནས་བོད་མི་ས་ཡ་དྲུག་ཁོ་ནར་གལ་ཆེན་ཞིག་མ་ཡིན་པར། དེ་ནི་འཛམ་གླིང་ཁྱོན་ཡོངས་ལ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གསུངས་པ་མ་ཟད། བོད་དོན་རྒྱབ་སྐྱོར་གནང་པ་དེས་རྒྱལ་ཁབ་དེའི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་རིག་གཞུང་དང་དཔལ་ཡོན་ཕྱུུག་པོ་དང།  དེ་བཞིན་མང་གཙོའི་རིན་ཐང་ལ་རྒྱབ་སྐྱོར་གནང་པ་ཞིག་རེད་གསུངས་འདུག   ད་དུང་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་པར་བོད་མཐོ་སྒང་དེ་བཞིན་ཨེ་ཤི་་ཡའི་རྒྱུག་ཆུ་ཆེ་ཁག་འབྱུང་གནས་དང་དེའི་གཤམ་འོག་མི་སེར་ཐེར་འབུམ་མང་པོའི་འཚོ་གནས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། ཁོར་ཡུག་གྱི་གནད་དོན་ཆ་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག  དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཐོག་ཆུ་རགས་བརྒྱབ་པ་དང། བོད་ཀྱི་ས་ཁུལ་ནང་དུ་ནགས་ཚལ་གཅོད་འབྲེགབྱས་པ་སོགས་ཀྱི་བྱ་སྤྱོད་སྤེལ་བར་བརྟེན། བོད་མཐོ་སྒང་གི་འཁྱགས་རུམ་ཞུར་ཚད་ཆེ་རུ་ཕྱིན་པ་དང། འདས་པའི་ལོ་ཤས་ནང་ཡར་ལུང་གཙང་པོའི་རྒྱུག་ཆུ་དེ་སྔ་ལས་ཆུང་རུ་ཕྱིན་ནས་རྒྱ་གར་དང་བྷང་ལ་དེཤ་བཅས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་འགྲེལ་བརྗོད་གནང་པ་དང་སྦྲགས། རྒྱ་གར་གཞུང་གིས་གནད་དོན་དེའི་ཐོག་མངོན་གསལ་དོད་པོས་ཤུགས་གནོན་བརྒྱབ་དགོས་གལ་ཡིན་པ་གསུངས་འདུག   སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཐའ་དོན་དུ་རྒྱལ་སྤྱིའི་དབུ་ཁྲིད་ཁག་གིས་མང་གཙོ་དང་རྒྱལ་སྤྱིའི་ཁོར་ཡུག་གཉིས་ཀའི་ཆ་ནས་བོད་མིའི་རང་དབང་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག   གཞི་རྩའི་ཟླ་སྔོན་མའི་ནང་བོད་མིའི་སྒྲིག་འཛུགས་ཀྱིས་རིང་མིན་ཕ་རན་སི་རྒྱལ་ས་ Paris ནང་དུ་ COP21 ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་མདོག་ལྷན་ཚོགས་དང་བསྟུན། Tibet Climate Action for Roof of the world འམ་བོད་འདི་འཛམ་གླིང་གི་མཐོ་སྒང་ཡིན། དེར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་གནང་རོགས་ཞེས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་དེ་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པའི་རྒྱལ་སྤྱིའི་ཁྲོད་ལ་ཞི་རྒྱ་ཆེ་བའི་ཞུ་འབོད་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་མ་ཟད། ལྷག་དོན་གཟའ་འཁོར་འདིའི་ནང་རེས་གཟའ་ཟླ་བ་དང་མིག་དམར་བཅས་ཉིན་གཉིས་རིང་གོ་ཧ་ཊི་གྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ལ་དེ་མཚུངས་རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་གཉིས་ཀྱི་ཐོག་ལ་ཐུགས་འཁུར་བཞེས་གནང་ཡོང་བ་དང་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་དགོས་པའི་གྲོས་ཆོད་ཁག་ཅིག་ཀྱང་འཇོག་ཡོད་པ་རེད།

རྒྱ་གར་སྲིད་བློན་གྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པར་བོད་ཀྱི་གནད་དོན་ཐད་འདྲི་བརྩད་བྱེད་དགོས་ཀྱི་རེད་གསུངས་འདུག

རྒྱ་ནག་གི་སྲིད་འཛིན་གཞོན་པ་ Li Yuanchao རྒྱ་གར་དུ་གཞུང་འབྲེལ་ལྟ་སྐོར་ལ་འབྱོར་བ་དང་བསྟུན། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ལ་རང་དབང་མ་ཐོབ་བར་དུ་རྒྱ་གར་ནང་ཕུགས་རྒྱང་རིང་པོའི་ཞི་བདེ་དང་བདེ་འཇས་བསྐྲུབ་ཐུབ་ཐབས་མེད་པའི་འགྲེལ་བརྗོད་དང་འབྲེལ། རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གིས་ཐེངས་འདིའི་གོ་སྐབས་ཆེ་བཞེས་ཐོག རྒྱ་ནག་གི་སྲིད་འཛིན་གཞོན་པར་བོད་ཀྱི་གནད་དོན་ཐོག་འདྲི་བརྩད་གནང་དགོས་ཀྱི་རེད་ཅེས་གསུངས་གསུངས་འདུག  རྒྱ་ནག་གི་སྲིད་འཛིན་གཞོན་པ་ Li Yuanchao རེས་གཟའ་མིག་མར་ཚེས་ ༣ ཉིན་རྒྱ་གར་དུ་ཉིན་ལྔའི་རིང་གི་རྒྱལ་དོན་སྐོར་བསྐྱོད་ལ་འབྱོར་ཡོད་པ་དང། ཁོང་ནས་སང་ཉིན་རྒྱ་གར་གྱི་སྲིད་འཛིན་བགྲེས་གཞོན་རྣམ་གཉིས་གཙོས་པའི་སྲིད་བློན་མོ་དཱི་མཆོག་དང་ལྷན་ཟུར་དུ་མཇལ་འཕྲད་ཞུ་གྱི་ཡོད་པ་རེད།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དེ་རིང་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་པའི་ནང། སྤྱིར་རྒྱ་དཀར་ནག་གཉིས་དབར་ཕན་ཚུན་འབྲེལ་ལམ་གོང་འཐོར་གཏོང་རྒྱུ་ཧ་ཅང་གལ་ཆེན་ཞིག་ཡིན་རུང། ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དེའི་ཁྲོད་བོད་ཀྱི་གནད་དོན་དེའང་གནད་ཆེར་འཇོག་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་ཀྱང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཁྲོད། བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུ་ལས་ལྡོག་སྟེ་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་སྤེལ་བཞིན་ཡོད་སྟབས། རྒྱ་གར་དབུས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ནང་རྒྱ་ནག་གི་དབང་བསྒྱུར་མཚམས་འཇོག་བྱེད་རྒྱུའི་སླད་ངེས་པར་དུ་མཉམ་ལས་གནང་དགོས་ཀྱི་རེད་ཅེས་གསུང་འདུག  དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཐོག་ས་མཚམས་དང་འབྲེལ་བའི་གསུང་བཤད་གནང་དོན་ལ། ང་ཚོའི་ངོས་ནས་བོད་ལ་རང་དབང་མ་བྱུང་བར་དུ་རྒྱ་གར་ནང་ཕུགས་རྒྱང་རིང་པོའི་སྒོ་ནས་ཞི་བདེ་དང་བདེ་འཇགས་ཞེས་པ་བསྐྲུན་ཐུབ་ཐབས་མེད་པའི་ངོས་འཛིན་ཞུ་ཡི་ཡོད། ལྷག་དོན་བོད་དེ་རྒྱ་ནག་གི་དབང་བསྒྱུར་འོག་མེད་པ་ཞིག་ཡིན་ཚེ།  རྒྱ་ནག་གིས་བཙན་བཤད་ཐོག་ས་མཚམས་བརྒལ་ནས་རྒྱ་གར་ནང་སིམ་འཛུལ་བྱེད་རྒྱུ་དེའི་རིགས་རྩ་བ་ནས་ཡོང་མི་སྲིད་པ་ཡིན་པ་མ་ཟད།  རྒྱ་གར་གྱི་ས་གནས་ཐོག་རྒྱ་གཞུང་གིས་བདག་དབང་ཡོད་པའི་ཧམ་བཤད་ཀྱང་བྱ་ཐབས་མེད་པ་ཞིག་རེད་ལ། དེས་ན་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་དང་མཉམ་དུ་བོད་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་རྒྱུ་དེ་ནི་ཆེས་འོས་ཞིང་འཚམས་པའི་གནད་དོན་རེད་ཅེས་གསུང་འདུག  

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་གྷོ་ཧ་ཊིར་དབུ་འཛུགས་གནང་པ།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་འདི་བཞིན་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་གྲོང་ཁྱེར་ གྷོ་ཧ་ཊི་ནང་དབུ་འཛུགས་གནང་ཡོད་པ་རེད།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཕེབས་པའི་༸སྐུའི་གྱ་སྟོན་དང་བསྟུན། དེ་རིང་ཟླ་ ༡༡ ཚེས་ ༢ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊི་ནང་ཚོགས་ཆེན་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། Gandhi Peace Foundation ཚོགས་གཙོ་ཟུར་པ་སྐུ་ཞབས་ Natwar Thakhar ལགས།  བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གཙོས། དེ་བཞིན་རྒྱ་གར་རྒྱལ་ཡོངས་མངའ་སྡེ་༡༥ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་མཁྱོན་མི་གྲངས་ ༡༥༠ ལྷག་འདུ་འཛོམས་གནང་པའི་ཐོག་ཚོགས་ཆེན་དབུ་འཛུགས་གནང་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་སྤྱི་དང་ལྷག་དོན་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཆུ་རགས་གསར་རྒྱག་གི་ལས་གཞི་སྤེལ་བཞིན་ཡོད་སྟབས། མ་འོངས་པར་རྒྱ་གར་གཙོས་པའི་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འཐུང་ཆུ་ལ་དཀའ་ངལ་འཕྲད་ཉེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།    ཚོགས་ཆེན་དེ་ཡང་དེ་རིང་ཕྱི་ཟླ་ ༡༡ པའི་ཚེས་ ༢ དང་སང་ཕྱི་ཚེས་ ༣ བཅས་སུ་ཚོགས་རྒྱུ་ཡིན་པ་རེད་འདུག་པ་དང། ད་ལན་གྱི་ཚོགས་ཆེན་དེའི་ནང་དུ་རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་མི་ ༡༨༠ ལྷག་འདུ་འཛོམས་བྱུང་གི་ཡོད་པ་རེད་འདུག ཚོགས་འདུ་དེའི་ཁྲོད་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་གཙོས། ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེག་དང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཛིན་བཞིན་པའི་སྲིད་བྱུས་བརྒྱུད་རྒྱ་གར་བདེ་འཇགས་ཐོག་ཤུགས་རྐྱེན་ཐེབས་དང་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཇི་ཆེ་གཏོང་ཐབས་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག   རྩ་བའི་ཚོགས་ཆེན་ཐེངས་ལྔ་པ་འདི་གྷོ་ཧ་ཊི་ (Guwahati)  གྲོང་ཁྱེར་ནང་ཚོགས་དོན་ནོ།  རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་བྱུས་གང་འདྲ་ཞིག་ལག་བསྟར་བྱས་པ་དེའི་ཤུགས་རྐྱེན་དང་པོ་དེ་རྒྱ་གར་བྱང་ཤར་ས་ཁུལ་ཁག་གི་ནང་བྱུང་གི་ཡོད་སྟབས། ས་གནས་དེའི་མང་ཚོགས་ཁྲོད་ལ་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་ལ་ཇི་ཙམ་གལ་གནད་ཆེ་བ་ཆགས་ཡོད་མེད་ཐད་གོ་རྟོགས་མངོན་གསལ་ཞིག་ཡོང་སླད་དང་འདི་བཞིན་ད་ལན་གྱི་ཚོགས་ཆེན་དེ་ཡང་དོན་སྨིན་ལྡན་པ་ཞིག་ཡོང་ཆེད་དམིགས་པ་ཞིག་ཡིན་འདུག

སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་མཆོག་ལ་འཚམས་འདྲི་གནང་པ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་གསར་དུ་བསྐོ་གཞག་བྱུང་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Paul Ryan མཆོག་ལ་དགའ་བསུའི་འཚམས་འདྲི་གནང་པ་དང་ཆབས་ཅིག གྲོས་ཚོགས་ནས་བོད་ཀྱི་གནད་དོན་སེལ་ཆེད་རྒྱབ་སྐྱོར་དེ་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་པ་གསུངས་འདུག དེ་རིང་ཟླ་ ༡༠ ཚེས་ ༣༠ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲིའི་ཕྱག་ཡིག་དེ་ཕུལ་འདུག་པ་དང། འཚམས་འཕྲིན་དེའི་ནང་གསར་དུ་བསྐོ་གཞག་བྱུང་བའི་ཚོགས་གཙོ་གསར་པ་སྐུ་ཞབས་ Paul Ryan མཆོག་ལ་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་དགའ་བསུ་དང་སྦྲགས།  ང་ཚོས་སྐུ་ཉིད་མཆོག་གི་ལས་དོན་གང་ཅིའི་ཐད་བྱ་བ་ལམ་ལྷོང་དང་བསམ་དོན་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་དང་། ཨ་རིའི་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་མུས་ལ་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། ཡུན་རིང་ལུས་པའི་བོད་ཀྱི་གནད་དོན་གསལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་མ་བརྙེད་བར་རྒྱབ་སྐྱོར་དེ་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་འདུག རྩ་བའི་སྐུ་ཞབས་ Paul Ryan མཆོག་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ ༥༤ དེ་ཆགས་ཡོད་ཅིང། ཁོང་ད་ལྟ་དགུང་ལོ་ ༤༥ སོན་ཡོད་པ་དང། ཁོང་ནི་ཕྱི་ལོ་ ༡༨༦༠ རྗེས་འབྲེལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འཁོད་མཁན་གཞོན་ཤོས་ཤིག་ཀྱང་ཆགས་ཀྱི་འདུག

བོད་མིའི་ཚོགས་པ་བཞི་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་བབ་དུས་ཆེན་ཉིན་བོད་མིའི་ཚོགས་ཁག་བཞིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག   དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དེ་སྔ་ནས་བར་ཁམས་སོག་ཤོད་གསུང་ཆོས་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་དང་བར་ཁམས་རོང་པོ་ཤོག་ཀ་ཕྱེད་བརྒྱད། དེ་བཞིན་བར་ཁམས་ཁྲིད་རྡོ་དང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་མདོ་སྟོད་ཆུ་སྒང་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོོབ་སྟེ། རིང་མིན་ཕྱི་ཟླ་༡༡པའི་ཚེས་༣ལྷ་བབ་དུས་ཆེན་ཉིན་མོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་ཚོགས་པ་བཞིའི་ཐུན་མོང་གིས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱི་འགྲུབ་པའི་སླད་བརྟན་བཞུགས་ཟབ་རྒྱས་ཞིག་བསྟར་འབུལ་ཞུ་རྒྱུ་མ་ཟད། སྐབས་དེར་བར་ཁམས་སོག་ཤོད་ གསུང་ཆོས་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ངོས་ནས་མགོན་པོ་མཆོག་ལ་བརྟན་བཞུགས་ཀྱི་འབུལ་མཚོན་གཙོ་བོར་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་རྒྱུ་ཡིན་པ་རེད་འདུག   ལྷག་པར་ཕྱི་ཟླ་༡༡པའི་ཚེས་༣རྒྱལ་བ་ལྷ་ལས་བབ་པའི་དུས་ཚིགས་ཁྱད་པར་དང་བསྟུན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸སྤྱིར་ནོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་ཐོག་ཆོས་ཕྱོགས་ཀྱི་དུས་ཆེན་དེ་སྲུང་བརྩི་ཞུ་རྒྱུ་དང་། སྐབས་དེར་མགོན་པོ་མཆོག་ནས་དད་མང་ཚོགས་ཚོར་སྐྱབས་འགྲོ་སེམས་བསྐྱེད་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཆོས་སྐལ་གནང་རྒྱུ་ཡིན་པ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཡོངས་ཀྱིས་གོ་སྐབས་དེའི་བརྒྱུད་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་བྱ་རྒྱུ་དང་ཁྱད་པར་དོལ་རྒྱལ་དང་འབྲེལ་བ་གཏན་ནས་བྱ་རྒྱུ་མིན་པའི་ཁས་ལེནདམ་འབུལ་ཞུ་རྒྱུ་ཡིན་པ་རེད།   དེ་མཚུངས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་རྒྱ་གར་ལྷོ་ཕྱོགས་སུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་བསྩལ་ཡུན་ལ་ འགྱུར་བ་ཕྲན་བུ་ཕྱིན་འདུག  དེ་ཡང་༸སྤྱི་ནོར་༸གོང་ས་མཆོག་ཕྱི་ཟླ་༡༢པའི་ཚེས་༡༩ ཉིན་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་ཆོས་སྡེ་བཀྲིས་ལྷུན་པོའི་དགོན་པར་གསར་རྒྱག་ཟིན་པའི་ཚོགས་ཁང་གསར་པ་དབུ་འབྱེད་དང་སྦྲགས། ཁུལ་དེར་ཚེས་༢༠ ནས་༢༢བར་ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་དང་དེ་བཞིན་ཚེས་ ༢༤ ནས་ཚེས་༣༡ བཅས་ཉིན་བརྒྱད་རིང་ཞྭ་དམར་ལམ་རིམ་དང་ལམ་རིམ་རྣམ་གྲོལ་ལག་བཅངས་གཉིས་འཕྲོ་སྐྱོང་མཛད་རྒྱུ་མ་ཟད། ཕྱི་ཟླ་དང་པོའི་ཚེས་༡ ནས་༢ བར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་གནང་གཏན་འཁེལ་འདུག

Latest news