Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་གིས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ།

ཁ་སང་ཟླ་ ༨ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལལ་འཚམས་གཟིགས་གནང་ཡོད་པ་དང་། གཞིས་ཆགས་མང་ཚོགས་ཚོགས་ཁང་དུ་ནང་མང་ཚོགས་རྣམས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་ཏུ་ཀོ་ལི་གྷལ་དོན་ལྡན་གླིང་དུ་རྒྱ་གར་གཞུང་གི་ས་ཐོ་ལག་འཛིན་གྱི་སྲིད་བྱུས་དེ་ད་བར་ལག་བསྟར་ཐུབ་མེད་ཀྱང་ཉེ་དུས་ཀ་ན་ཊ་ཀ་གཞུང་བློན་ཆེན་ལས་ཁུངས་ནས་ས་ཐོ་ལག་འཛིན་གྱི་སྲིད་བྱུས་ལག་བསྟར་བཀའ་ཁྲོལ་ཐོབ་ཡོད་སྐོར་མང་ཚོགས་ལ་གསལ་བཤད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གཞུང་ནས་རྩིས་ལེན་བྱས་ཏེ་ཟླ་བ་གསུམ་ཙམ་ཕྱིན་པའི་སམ་བྷོ་ཌ་ཉིན་སློབ་ལ་གཟིགས་སྐོར་གནང་སྟེ་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་ལ་མ་འོངས་སློབ་གྲྭའི་འཛིན་སྐྱོང་གནང་ཕྱོགས་དང་འབྲེལ་བའི་གསུང་བཤད་གནང་བ་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། དགེ་རྒན་ཚོས་སྙན་གསེང་ཞུས་དོན་བཞིན་སློབ་གྲྭའི་གནས་སྟངས་བཟང་དུ་གཏང་བར་མཐུན་གྱུར་གང་མགྱོགས་གནང་རྒྱུའི་ཞལ་བཞེས་གནང་འདུག གཞན་ཡང་ཀོ་ལི་གྷལ་དོན་ལྡན་གླིང་གི་རྩེད་ཐང་དུ་གསར་སྐྲུན་ཞུས་པའི་ལུས་སྦྱོང་ར་བ་དབུ་འབྱེད་གནང་ཡོད་པ་རེད།

ཡུ་རོབ་གྲོས་ཚོགས་སུ་ལམ་ལྷོང་ལྡན་པའི་བཙན་བྱོལ་བོད་མིའི་གནས་སྟངས་མཚོན་པའི་པར་རིས་འགྲེམས་སྟོན་དབུ་འཛུགས།

ཁ་ཉིན་ཡུ་རོབ་གྲོས་ཚོགས་སུ་ཡུལ་གྱར་བོད་མིའི་འཚོ་བ་དང་འཐབ་རྩོད་མཚོན་པའི་བཙན་བྱོལ་བོད་མིའི་གནས་སྟངས་ཞེས་པའི་པར་རིས་འགྲེམས་སྟོན་ཞིག་དབུ་འཛུགས་གནང་འདུག འགྲེམས་སྟོན་དེ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Mann ལགས་ཀྱིས་སྣེ་ཁྲིད་འོག་གོ་སྒྲིག་ཞུས་པ་ཞིག་པ་ཡིན་པ་དང་། དེའི་ནང་ཨི་ཊ་ལི་ནས་ཡིན་པའི་བེུད་པར་པ་སྒྱུ་རྩལ་བ་ལྕམ་ Albertino ལགས་ཀྱིས་བླངས་པའི་ཡུལ་གྱར་བོད་མིའི་གནས་བབ་མཚོན་པའི་འདྲ་པར་ཁག་ཅིག་ཕྱོགས་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག ཐེངས་འདིའི་འགྲེམས་སྟོན་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་དང་རྒྱ་གར་གྱི་པདྨ་ཤྲི་ཆེས་མཐོའི་གཟེངས་རྟགས་ཐོབ་མཁན་༸སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་དང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། དེ་བཞིན་ཁེ་ན་ཌ་ཨོ་ཊེ་རིཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ ཀྱིས་གཙོས་བཙན་བྱོལ་ནང་གཟེངས་སུ་ཐོན་པའི་བོད་མི་བཅུའི་མཚན་ཆེད་སྟོན་གནང་ཐོག་ལམ་ལྷོང་ལྡན་པའི་བཙན་བྱོལ་བོད་མིའི་གནས་སྟངས་མཚོན་ཐབས་གནང་འདུག རྩ་བའི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུལ་དེའི་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་གནས་སྟངས་མཚོན་པའི་པར་རིས་འགྲེམས་སྟོན་དེ་ཟླ་ ༨ ཚེས་ ༢༧ ཉིན་འགོ་འཛུགས་གནང་འདུག་པ་དང་དབུ་འབྱེད་དེ་རིང་ཉིན་རྒྱབ་ཡུལ་དེའི་ཕྱི་དྲོ་ཚོུད་ ༥ ཐོག་ཚོགས་པ་དེའི་ཚོགས་གཙོ་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thomas Mann ལགས་ཀྱིས་གནང་བ་མ་ཟད་པར་པ་སྒྱུ་རྩལ་བ་ལྕམ་ Albertino ལགས་ཀྱང་ཆེད་ཕེབས་གནང་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་སུ་འགོ་འཛུགས་གནང་བའི་པར་རིས་འགྲེམས་སྟོན་དེ་ནི་ཨི་ཊ་ལི་ནས་ཡིན་པའི་བེུད་པར་པ་སྒྱུ་རྩལ་བ་ལྕམ་ Albertino ལགས་ཀྱིས་འདས་པའི་ལོ་བཅུ་ལྷག་རིང་ལ་རྒྱ་གར་དང་ཡུ་རོབ་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་གང་སར་ཡུལ་གྱར་བོད་མིའི་འཚོ་བ་མཚོན་པའི་བརྙན་ལྡན་ལས་གཞི་ཞིག་ཆགས་ཀྱི་ཡོད་པ་རེད། ཁོ་མོས་དེ་སྔོན་བོད་མིའི་འཚོ་བ་དང་འཐབ་རྩོད་མཚོན་པའི་པར་རིས་དེ་དག་ཕྱོགས་སྒྲིག་གིས་ Out Of Tibet ཞེས་པའི་དཔེ་དེབ་ཞིག་ཀྱང་འགྲེམས་སྟོན་གནང་ཐོག་ད་བར་ཨི་ཊ་ལི་དང་ཕ་རན་སི། ཨ་རིའི་ནིའུ་ཡོག ཁེ་ན་ཌ། ཐེ་ཝན། དེ་བཞིན་བལ་ཡུལ་བཅས་རྒྱལ་ཁབ་མང་པོའི་ནང་གནས་སྡོད་བཙན་བྱོལ་བོད་མིའི་གནས་སྟངས་བརྗོད་ཐབས་གནང་ཡོད་པ་རེད། སྤྱིར་ཁོང་ནི་གཙོ་བོ་སྤྱི་ཚོགས་དང་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བའི་རོགས་སྐྱོར་ལས་གཞི་ཐད་གནས་ཚུལ་སྤེལ་མཁན་ཞིག་ཡིན་པ་དང་ཁོ་མོས་ད་བར་བླངས་པའི་འདྲ་པར་ཁག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ Canon པར་རིས་གཟེངས་རྟགས་དང་རྒྱལ་སྤྱིའི་པར་རིས་གཟེངས་རྟགས་སོགས་ཐོབ་མྱོང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་གནང་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༤ ཉིན་སྐུ་ཞབས་ Scott Morrison མཆོག་གིས་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པའི་ལས་ཁུར་དམ་འབུལ་གནང་བར་དགའ་བསུའི་འཚམས་འདྲི་གནང་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་གིས་འཚམས་འཕྲིན་དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཞུས་ནས་སྐུ་ཞབས་ Scott Morrison མཆོག་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པར་བསྐོ་བཞག་བྱུང་བར་དགའ་བསུའི་འཚམ་འདྲི་ཡོད་ཅེས་དང་། ལྷག་དོན་སྐུ་ཞབས་ Scott Morrison མཆོག་གི་སྲིད་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀོད་འདུག རྩ་བའི་སྐུ་ཞབས་ Scott John Morrisonམཆོག་ནི་དགུང་ལོ་ ༥༠ ལ་ཕེབས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ནང་ལོ་ངོ་ ༣༠ ཙམ་གྱི་རིང་ཕྱག་ལས་གནང་མྱོང་ཡོད་པ་རེད།  ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པར་བསྐོ་བཞག་བྱུང་བ་དང་གུ་ཡངས་མང་གཙོ་ཚོགས་པའི་དབུ་ཁྲིད་ཞིག་ཡིན་པ་རེད། སྐུ་ཞབས་ཁོང་སྲིད་བློན་དུ་བསྐོ་བཞག་མ་བྱུང་གོང་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལྷན་ཁང་གི་བློན་ཆེན་ལས་ཚབ་གནང་མྱོང་ཡོད་པ་རེད།

བསོད་ནམས་ཚེ་རིང་ཕར་སི་དབྱིན་ཡུལ་སྐུ་ཚབ་དང་འཆི་མེད་རིག་འཛིན་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག

བོད་མིའི་སྒྲིགས་འཛུགས་བཀའ་ཤག་ནས་ཡུ་རོབ་སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་ནང་སྲིད་དྲུང་ཆེ་ལས་ཐོག་འཆི་མེད་རིག་འཛིན་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུག དེའང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་དེ་རིང་ཕྱི་དྲོ་གསལ་བསྒྲགས་ཤིག་གནང་བར་གཞིགས་ན། སྐུ་ཞབས་བསོད་ནམས་ཚེ་རིང་ཕར་སི་ལགས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱི་ཚབ་ཏུ་བསྐོ་གཞག་གནང་བ་དང་། ཁོང་ནས་ཕྱི་ཟླ་ ༡༠ ཚེས་ ༡ ནས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་པ་རེད། དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱི་ཚབ་ཏུ་ནང་སྲིད་དྲུང་ཆེ་ལས་ཐོག་འཆི་མེད་རིག་འཛིན་ལགས་བསྐོ་བཞག་གནང་ཡོད་པ་དང་། ཁོང་གིས་འབྲེལ་ཡོད་ཡིག་ཆ་རྣམས་གྲ་གྲིག་གནང་གྲུབ་རྗེས་སུད་སི་དོན་གཅོད་ཀྱི་ཕྱག་ལས་དབུ་འཛུགས་གནང་རྒྱུ་རེད་འདུག རྩ་བའི་བསོད་ནམས་ཚེ་རིང་ཕར་སི་ལགས་ནི་སྐབས་ ༡༣ དང་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཡུ་རོབ་སྤྱི་འཐུས་གནང་མྱོང་ཡོད་པ་དང་དེ་བཞིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁོངས་སུའང་ཡོད་པ་རེད།

དབུ་མའི་ལམ་གྱི་ཟབ་ཁྲིད་པའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་བ།

བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་ཚོགས་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་གནས་སྟངས་དང་འབྲེལ་བའི་ཟབ་ཁྲིད་པའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཐོག་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཟིགས་སྐབས་བོད་དང་རྒྱ་ནག རྒྱ་གར། རྒྱལ་སྤྱི་བཅས་ཁག་བཞིའི་ཐོག་ནས་གཟིགས་དགོས་གལ་ཡིན་པ་གསུངས་སོང་། དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་དབུ་མའི་ལམ་གྱི་ཟབ་ཁྲིད་པའི་ཟབ་སྦྱོང་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད། བཞུགས་སྒར་གཙོ་གྱུར་མཚོ་པདྨ་དང་རྡེ་ར་རྡུན། སྦེལ་ཀོབ་སོགས་རྒྱ་གར་གྱི་ས་གནས་འདྲ་མིན་ནང་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་ཚོགས་མི་བཅས་ཁྱོན་ཚོགས་བཅར་བ་ ༣༠ ཙམ་ཆེད་བཅར་ཞུས་འདུག དབུ་མའི་ལམ་གྱི་ཟབ་ཁྲིད་པའི་ཟབ་སྦྱོང་འདི་དེ་རིང་ཟླ་ ༨ ཚེས་ ༢༧ ཉིན་འགོ་འཛུགས་ཀྱིས་ཚེས་ ༢༩ བར་ཚོགས་གནང་གི་ཡོད་པ་དང་། གཙོ་བོ་ཕྱི་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་མང་ཚོགས་ལ་ངོ་སྤྲོད་གནང་སྟངས་དང་རང་ངོས་ནས་སྲིད་བྱུས་དེར་ངེས་ཤེས་ཐུབ་པ་གནང་སྟངས་སོགས་ཀྱི་ཐད་ཟབ་ཁྲིད་གནང་གི་ཡོད་པ་མ་ཟད། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་དབུ་མའི་ལམ་དང་འབྲེལ་བའི་ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་གི་ཡོད་པ་རེད། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མི་རྣམས་ནས་རྒྱ་ནག་གི་རྩ་ཁྲིམས་དང་མ་འགལ་བར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཀྱི་གནས་བབ་རྩོད་བཞིན་པ་དེས་རྒྱ་གཞུང་ནས་བོད་མི་རྣམས་ཁ་བྲལ་བ་རེད་ཅེས་བརྗོད་བཞིན་པ་དེ་བདེན་པ་མིན་པ་ཞིག་ཏུ་བསྒྲུབ་ཐུབ་པ་མ་ཟད་སྲིད་བྱུས་དེའི་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་བྱུང་ཚེ་བོད་རྒྱ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་ཡོད། མང་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཟིགས་སྐབས་རྒྱ་ནག་དང་རྒྱ་གར། རྒྱལ་སྤྱི་དང་བོད་བཅས་ཁག་བཞིའི་ཐོག་ནས་གཟིགས་དགོས་གནད་ཡིན་པ་དང་། རྒྱ་ནག་དང་ལྷན་དུ་བཀའ་མོལ་གནང་རྒྱུ་དེ་ ༢༠༡༠ ལོར་ཆད་པ་ནས་བཟུང་གཞུང་འབྲེལ་ཐོག་དུས་ད་ལྟའང་རྒྱ་ནག་དང་འབྲེལ་བ་བྱུང་མེད་ཀྱང་། རྒྱ་རིགས་མཁས་པ་དང་ཚོང་པ་སོགས་བརྒྱུད་ནས་འབྲེལ་བ་ཞིག་མུ་མཐུད་གནང་མུས་ཡིན་ཞེས་གསུངས་ཡོད། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ཆབ་སྲིད་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་རྒྱ་གར་ལ་མཛད་དཀའ་བཟོ་ཡི་མེད་པ་དང་། ཨ་རིས་གཙོས་རྒྱལ་སྤྱིའི་གཞུང་དང་ཚོགས་སྐྱིད་ཁག་ནས་སྲིད་བྱུས་འདིའི་བརྒྱུད་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་བ་མ་ཟད་ལྷག་དོན་དབུ་མའི་ལམ་གྱི་སྲིད་བྱུས་འདི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་མེད་ཀྱི་སྲིད་བྱུས་ཤིག་ཡིན་སྟབས་བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་སྤེལ་སྐབས་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཚད་མཐོ་པོ་ཐོབ་རྒྱུ་སོགས་ཀྱི་ཁེ་ཕན་ཡོད་པ་གསུངས་ཡོད། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེའི་བྱུང་རིང་དང་ཕུགས་ཀྱི་དམིགས་ཡུལ་སོགས་འགྲེལ་བརྗོད་གནང་བ་འབྲེལ་སྲིད་བྱུའི་འདིའི་ཐོག་མང་ཚོགས་ནས་དོ་སྣང་གནང་སྟེ་གོ་རྟོགས་ལེགས་པོ་ཞིག་ཡོང་བར་འབད་དགོས་གལ་ཡིན་པ་གསུངས་ཡོད།

ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་སྐོར་གླེང་མོལ་ཞུས་པ།

བཞུགས་སྒར་དྷ་རྨ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཨིམ་པིརེལ་ Imperial གསོལ་མགྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༡༧ ནས་ ༢༠ བར་མ་འོངས་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཚོགས་ཡོད་པ་ལྟར། ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་བཅར་བ་བོད་རིགས་ན་གཞོན་ ༡༠༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གང་གནང་དགོས་པའི་ཐོག་དགོངས་འཆར་ཁྱོན་ ༣༥ དང་གཞོན་སྐྱེས་དོ་བདག་ནས་གནང་ཐུབ་རྒྱུའི་དགོངས་འཆར་ཁྱོན་ ༢༠ བཅས་ལྔ་དང་ལྔ་བཅུའི་ཐབས་བྱུས་ལྡན་པའི་ལག་བསྟར་ལས་འཆར་མི་འདྲ་བ་ ༥༥ ཙམ་ཕུལ་འདུག ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་སྤྱི་ཡོངས་ཐོག་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་ཡོད།

ན་གཞོན་ཉམས་ཞིབ་པ་རྣམས་ནས་རྒྱ་ནག་དང་རྒྱལ་སྤྱིའི་སྡིང་ཆ་ལ་ཁ་ལྟས་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་པ།

བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་དང་སྦྲགས། སྲིད་སྐྱོང་མཆོག་གིས་ན་གཞོན་ཉམས་ཞིབ་པ་རྣམས་ནང་ཁུལ་གྱི་གནད་དོན་ཁོ་ནར་དབུ་འཁོར་ནས་མ་ཞུགས་པར་རྒྱ་ནག་དང་རྒྱལ་སྤྱིའི་སྡིང་ཆ་ལ་ཁ་ལྟས་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་། དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་ཞུས་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།   དམིགས་བསལ་སྐུ་མགྲོན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་གཙོས། རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་དང་། སྡེ་ཚན་འདྲ་མིན་ནང་ཉམས་ཞིབ་དང་འབྲེལ་བའི་ཕྱག་ལས་གནང་མཁན་གྱི་བོད་རིགས་ན་གཞོན་ཉམས་ཞིབ་པ་དང་ཚོགས་བཅར་བ་ཁྱོན་བརྒྱ་སྐོར་ཙམ་ཆེད་བཅར་གནང་འདུགབོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་འདི་དེ་རིང་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་༢༤ བར་ཚོགས་ཀྱི་ཡོད་པ་དང་། ཚོགས་དུས་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་དང་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་བོད་རིགས་ན་གཞོན་ཉམས་ཞིབ་པ་སུམ་ཅུ་ལྷག་ནས་ཡིག་འབྲུ་ཁྲི་བདུན་ལ་བསྐྱར་ཞིབ་བལྟས་པ་དང་། བོད་ཀྱི་ས་ཁུལ་དབྱེ་བགོས་ཀྱི་བྱུང་རིམ། བོད་མིའི་དད་མོས་ཀྱི་འདུ་ཤེས་དང་རང་བྱུང་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ། གཞན་ཡང་བཀག་སྡོམ་འོག་བོད་ཀྱི་རྩོམ་རིག་གི་གནས་བབས་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ནང་བོད་ཀྱི་གནད་དོན་སོགས་བརྗོད་གཞི་འདྲ་མིན་ཐོག་ཉམས་ཞིབ་གནང་བས་སྐོར་གཏམ་བཤད་དང་གྲོས་བསྡུར་གནང་གི་ཡོད་པ་རེད། དེ་བཞིན་སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བར་སྐབས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྡིང་ཆའི་སྟེང་ཉམས་ཞིབ་དང་འབྲེལ་བའི་ལས་དོན་ཐོག་འགྲོ་གྲོན་མང་པོ་བཏང་བཞིན་པ་མ་ཟད། ལྷག་པར་དུ་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གི་གསར་ཤོག་དང་དུས་དེབ་ཀྱི་ཤོག་གྲངས་ཁ་ཤས་ཉོས་ཏེ། རྒྱ་ནག་གཞུང་གིས་བོད་ཡར་རྒྱས་བཏང་བའི་བཏང་རབ་དང་། རྒྱ་ནག་རང་ཉིད་ཀྱི་བསམ་བློ་དང་མཐུན་པའི་དཔྱད་རྩོམ་འདྲ་མིན་སྤེལ་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། བོད་རིགས་ན་གཞོན་ཉམས་ཞིབ་པ་རྣམས་ནས་སོ་སོ་ནང་ཁུལ་གྱི་གནད་དོན་ཁོ་ནར་དབུ་འཁོར་ནས་མ་ཞུགས་པར་རྒྱ་ནག་དང་རྒྱལ་སྤྱིའི་སྡིང་ཆ་ལ་ཁ་ལྟས་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་ནས་ན་གཞོན་ཉམས་ཞིབ་པ་རྣམས་ནས་གོ་སྐབས་ནམ་བྱུང་ཐོག་རྒྱལ་སྤྱིའི་ཉམས་ཞིབ་འདུ་འཛོམས་འདྲ་མིན་ཐོག་མཉམ་ཞུགས་གནང་སྟེ་རང་གི་ཉམས་ཞིབ་གནང་བ་རྣམས་ཁྱབ་སྤེལ་གནང་རྒྱུ་དང་། ལྷག་པར་དུ་ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས་རྒྱུན་དུ་དབྱིན་སྐད་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། དེའི་ཐོག་བོད་ཡིག་དང་རྒྱ་ཡིག་ལ་སོགས་པའི་སྐད་ཡིག་གཞན་ཤེས་པ་ཡིན་ན་མ་འོངས་པར་གོ་སྐབས་བཟང་པོ་ཐོབ་རྒྱུ་སོགས་ཀྱི་དགེ་མཚན་ཡོད་པའི་ལམ་སྟོན་གནང་བ་དང་ཆབས་ཅིག་ཏུ་གཙོ་བོ་ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས་རང་སོ་སོ་ལ་སྟངས་འཛིན་གནང་སྟེ་རྒྱུན་དུ་དཔྱད་གཏམ་རིགས་སྤེལ་དགོས་པ་དང།  དེ་ལྟར་གནང་ཚེ་རང་ཉིད་ཙམ་མ་ཟད་བོད་མིའི་སྒྲིག་འཛུགས་དང་བོད་དོན་ལ་ཡང་ཕན་ཐོག་ཆེན་པོ་བྱུང་ངེས་ཡིན་པ་གསུངས་ཡོད།

བཙན་བྱོལ་བོད་མི་ཚོང་པ་གསར་པ་གསུམ་ལ་ཧིན་སྒོར་འབུམ་ ༡༥མ་དངུལ་རོགས་སྐྱོར་ཐོབ་པ།

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༨ ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པ་དང་བོད་མིའི་ཚོང་ལས་སྡེ་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་ ༤ པ་བསྐོང་ཚོགས་གནང་ནས་ཚོང་ལས་དང་འབྲེལ་བའི་གོ་རྟོགས་སྤེལ་ཕྱིར་ཟབ་སྦྱོང་གནང་བ་དང་། ལྷག་དོན་ཚོང་པ་གསར་པ་ཚོར་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཀྱི་འགྲན་བསྡུར་གནང་བའི་བརྒྱུད་ཚོང་པ་གསུམ་དྲག་འདེམས་བྱུང་བ་ལྟར་ཧིན་སྒོར་འབུམ་ ༡༥མཐུན་རྐྱེན་སྦྱར་ཡོད་པ་རེད། ཧིན་སྒོར་འབུམ་ ༡༥ འི་མ་དངུལ་གཟེངས་རྟགས་ཐོབ་པའི་ཁྲོད་ནས་ཨང་དང་པོ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་སྤེན་པ་ཚེ་རིང་ལགས་སུ་ཧིན་སྒོར་འབུམ་བདུན་གྱི་རོགས་སྐྱོར་ཐོབ་ཡོད་པ་རེད། དེའང་ཁོང་གི་ལས་གཞི་གཞིས་ཆགས་ནང་ཞིང་ལས་འཕྲུལ་ཆས་ལས་གཞིར་ཐོབ་ཡོད་རེད། ཁོང་ལ་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་ཞིང་ལས་ཀྱི་ཉམས་མྱོང་ཡོད་པ་དང་ལྷག་པར་དུ་ཞིང་ལས་འཕྲུལ་ཆས་ཆེད་ལས་སློབ་སྦྱོང་གནང་བ་དང་ལས་ཀའི་ཉམས་མྱོང་ཡོད་པ་མ་ཟད་འདས་པའི་ལོ་ངོ་ ༢༢ རིང་ཁོང་གིས་ཀོ་ལི་གྷལ་གཞིས་ཆགས་ཀྱི་མཉམ་འབྲེལ་ནང་འཕྲུལ་ལས་ཀྱི་ཕྱག་ལས་ཞབས་ཞུ་གནང་འདུག རོགས་སྐྱོར་ཨང་གཉིས་པ་དེ་འབུམ་སྡེ་ལ་བསྟན་འཛིན་སྒང་ནས་ཡིན་པ་བསྟན་འཛིན་གྲགས་པ་ལགས་སུ་ཧིན་སྒོར་འབུམ་ལྔ་དང་ལྔ་སྟོང་གི་རོགས་སྐྱོར་ཐོབ་ཡོད་པ་དང་། དེའང་ཁོང་གི་གཞིས་ཆགས་ནང་ཤིང་འབྲས་ Kiwi འདེབས་ལས་བྱེད་བཞིན་པའི་ལས་གཞི་རྒྱ་བསྐྱེད་ཆེད་ཐོབ་འདུག ཁོང་ལ་འདས་པའི་ལོ་བཅུ་ཙམ་རིང་ཞིང་ལས་དང་ཀི་བི་འདེབས་ལས་ཀྱི་ཉམས་མྱོང་ཡོད་པ་མ་ཟད་ད་ལྟའི་ཆར་ཁོང་གིས་ཤིང་འབྲས་ཀི་བི་སྡོང་པོ་ ༤༥༠ ཙམ་འདེབས་ལས་བྱེད་བཞིན་ཡོད་པ་ནས་སྡོང་པོ་ཆིག་སྟོང་བར་རྒྱ་བསྐྱེད་གནང་འཆར་འདུག ཨང་གསུམ་པ་ཧི་མཱ་ཅལ་མངའ་སྡེའི་ནང་གི་ཀམ་རོ་གཞིས་ཆགས་ནས་ཡིན་པ་ཀུན་དགའ་དཔལ་འབྱོར་ལགས་དང་ཁོང་གི་གཅེན་པོ་གཉིས་ཀྱིས་གཞིས་ཆགས་ནང་བ་ཕྱུགས་ཀྱི་འོ་མ་ཚོང་ལས་ཀྱི་ལས་གཞིར་ཧིན་སྒོར་འབུམ་གསུམ་མ་ཟིན་ཙམ་ཐོབ་འདུག ལས་གཞི་དེ་ཐོག་མར་བརྩམ་མཁན་དགེ་ལེགས་སྐལ་བཟང་ལགས་ནི་དེ་སྔ་ལོ་ལྔའི་རིང་དམག་ཁོངས་སུ་ཞུགས་པ་དང་དེ་རྗེས་ལོ་བཅུ་ཙམ་རིང་བལ་གོས་ཀྱི་ཚོང་ལས་གཉེར་འདུག ཐེངས་འདིའི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཚོང་པ་གསར་པ་ཞིག་ཡིན་ཕྱིན་དཀའ་ངལ་མང་དག་ལ་གདོང་ལེན་མ་གནང་བར་གྲུབ་འབྲས་བཟང་པོ་ཞིག་ཡོང་དཀའ་བ་ནི་ཆོས་ཉིད་ཡིན་སྟབས་འགྲན་བསྡུར་ནང་རྒྱལ་ཁ་མ་ཐོབ་མཁན་ཚོས་ཀྱང་སེམས་ཤུགས་མ་ཆག་པར་མུ་མཐུད་འབད་བརྩོན་གནང་ཚེ་འབྲས་བུ་བཟང་པོ་ཐོབ་ངེས་ཡིན་པར་ལམ་སྟོན་གནང་སོང་།

བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་ ༤ པ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་སྐོང་ཚོགས་གནང་བ།

དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཡར་ཐོན་ཚོང་ལས་རམས་འདེགས་ཚན་པ་དང་བོད་མིའི་ཚོང་ལས་སྡེ་ཚོགས་ཐོུང་ནས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་མཉམ་འབྲེལ་མི་མང་ཚོགས་ཁང་ཆེན་མོའི་ནང་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་བཞི་པ་དེ་དབུ་འཛུགས་གནང་སོང་། དེ་རིང་ཚོགས་ཆེན་དེའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔའ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དབུས་ལྷོ་ཕྱོགས་སྤྱི་ཁྱབ་དང་ས་གནས་གཞིས་འགོ་དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིིན་པའི་ཚོགས་པ་སྡེ་ཚན་ཁག་གི་གནད་ཡོད་མི་སྣ་དང་ཚོགས་བཅར་བ་བཅས་མི་གྲངས་ ༡༧༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད། ཚོགས་ཆེན་དེ་ནི་དེ་རིང་ཕྱི་ཚེས་༡༨ ནས་སང་ཉིན་ཕྱི་ཚེས་༡༩ བར་དུས་ཡུན་ཉིན་གྲངས་གཉིས་རིང་ཚོགས་གནང་གི་ཡོད་པ་དང་དེ་རིང་དབུ་འབྱེད་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་དང་འགྲོ་གྲོན་གྱི་སྐོར་ངོ་སྤྲོད་གནང་ཞིང་ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་གཙོ་བོ་ཕྱི་རྒྱལ་རོགས་ཚོགས་ཁག་ལ་བརྟེན་ཡོད་ན་ཡང་ང་ཚོས་མུ་མཐུད་གཞན་བརྟེན་གྱི་བསམ་བློ་འཁྱེར་བསྡད་ན་འགྲིག་ཐབས་མེད་སྐོར་གསུངས་སོང་། དེ་དང་ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་བཙན་བྱོལ་བོད་མི་རྣམས་རང་གི་རྐང་པའི་ཐོག་ལངས་ཐུབ་པའི་དམིགས་ཡུལ་ཆེན་པོ་ཞིག་བཟུང་ཏེ་འདས་པའི་ལོ་བཞི་སྔོན་ནས་བཙན་བྱོལ་བོད་མིའི་ཚོང་ལས་རམ་འདེགས་ལས་གཞི་དེ་དབུ་འཛུགས་གནང་ཡོད་པ་ལྟར་དམིགས་ཡུལ་དེ་དོན་ཁྱོལ་ཡོངས་ཐབས་སུ་དེ་རིང་ཚོགས་འདུར་བཅར་བའི་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་ཆེ་ཡིན་པའི་འབོད་སྐུལ་གནང་ཡོད། ཁོང་གིས་མུ་མཐུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་ཀྱང་གནང་སོང་ཡང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཡར་ཐོན་ཚོང་ལས་ཚན་པའི་འགན་འཛིན་བསྟན་འཛིན་དབང་རྒྱལ་ལགས་ཀྱི་ཐེངས་འདིའི་ཚོགས་ཆེན་དེ་བསྐོང་ཚོགས་གནང་དགོས་དོན་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཚོང་པ་གསར་པ་གང་མང་སྐྱེས་བསྲིངས་དང་ཚོང་པ་གསར་རྙིང་དབར་འབྲེལ་ལམ་དང་ཉམས་མྱོང་སྤེལ་རེས་ཆེད་ཡིན་པ་མ་ཟད་གཞིས་ཆགས་མང་ཚོགས་གང་མང་མཉམ་ཞུགས་དང་གོ་རྟོག་སྤེལ་ཆེད་ཡིན་པའི་འགྲེལ་བརྗོད་གནང་ཡོད། ཐེངས་འདིར་ཚོང་པ་གསར་པ་བཅུ་ཙམ་ཞིག་མཉམ་ཞུགས་ཡོད་པའི་ཁྲོད་ནས་སང་ཉིན་ཚོང་པ་ ༦ ལ་ཧིན་སྒོར་འབུམ་༡༥ མ་དངུལ་རོགས་སྐྱོར་གཟེངས་རྟགས་གནང་འཆར་ཡོད་པ་རེད་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་བོད་མིའི་ཚོང་ལས་སྡེ་ཚོགས་ཟུང་འབྲེལ་ཐོག་བོད་མི་ཚོང་ལས་སྡེ་ཚོགས་ཀྱི་ཉམས་མྱོང་ཅན་གྱི་ཚོང་པ་ཁག་ ༥༥ ཙམ་མཉམ་ཞུགས་གནང་བ་དེ་ནི་སྔར་དང་མི་འདྲ་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

Latest news