Tibetan Royal Year of 2151 | Year of the Wood Dragon

བོད།

དོན་གྲུབ་དབང་ཆེན་ལགས་ཡོ་རོབ་ཁུལ་དུ་བོད་དོན་སྐོར་སྐྱོད་དབུ་འཛུགས།

འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་དོན་སྐོར་སྐྱོད་ཆེད་དེ་རིང་ཁོང་གི་པཱ་ལགས་དང་ལྷན་སུད་སི་གྲོང་ཁྱེར་ཛུ་རིག་ནང་བདེ་འབྱོར་བྱུང་འདུགཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་ལོ་དྲུག་ལྷག་གི་རིང་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་པའི་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ནང་བོད་ནས་བྲོས་བྱོལ་གྱིས་སུད་སི་བརྒྱུད་ནས་ཨ་རིའི་ California མངའ་སྡེའི་གྲོང་ཁྱེར་ San Fransico ནང་འབྱོར་ཡོད་པ་རེད། ད་རེས་ཡོ་རོབ་རྒྱལ་ཁབ་ནང་དུ་བོད་དོན་སྐོར་སྐྱོད་ཆེད་ཕེབས་གནང་བ་འདི་ནི་ཁོང་བོད་ནས་བྲོས་བྱོལ་དུ་ཕེབས་རྗེས་ཡོ་རོབ་ཁུལ་དུ་བོད་དོན་སྐོར་སྐྱོད་གནང་བ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།སྔ་དྲོ་གནམ་ཐང་དུ་ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་དང་ས་གནས་དོན་གཅོད་ཀྱི་ལས་བྱེད། སུད་སི་དང་ liechtenstein བོད་རིགས་ཚོགས་པའི་སྐུ་ཚབ་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་མང་ཚོགས་བཅས་ཕེབས་བསུར་བཅར་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།  རླུང་འཕྲིན་ཁང་གིས་ཁོང་ལ་བཅར་འདྲི་ཞུས་པར་སྤྱིར་ཁོང་ཨ་རི་ནས་ནས་ཨོ་སི་ཊོ་ལི་ཡ་ནང་རང་ཉིད་ཀྱི་ཨ་མ་ལགས་དམ་པ་རྡོ་རྗེ་མཚོ་ལགས་ཀྱི་འདས་མཆོད་ཆེད་དུ་ཕེབས་ཡོད་པ་དང། དེ་ནས་ཁུལ་དེའི་ནང་གནས་བཞུགས་དགུང་ལོ་ ༨༠ ལ་ཕེབས་པ་ཕ་རྡོ་རྗེ་ཚེ་རིང་ལགས་དང་ལྷན་དུ་སུད་སི་ནང་ཕེབས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ད་རེས་བོད་མི་ཚོས་ཁོང་ལ་ཕེབས་བསུ་དེ་ལྟར་ཞུས་པ་གཟིགས་སྐབས་བོད་ནང་གི་འཐབ་གྲོགས་རྣམས་དྲན་ཡིད་ལ་དྲན་བཞིན་ཡོད་པར་འགྲེལ་བརྗོད་གནང་ཡོད།ལས་རིམ་ལྟར་ན་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ནས་སུད་སི་ནང་ཇི་ནི་ཝའི་ལྷན་ཚོགས་ཐོག་བོད་དོན་གསུང་བཤད་གནང་རྒྱུ་དང། Brussels ཁུལ་དུ་བོད་མིའི་གསུམ་བཅུའི་དུས་དྲན་ཐོག་ལ་ལྷན་བཞུགས་གནང་རྒྱུ་དང་། ཇར་མ་ནི། ནི་ཐར་ལན་ཌི། ཅེཀ སུད་སི་སོགས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་དོན་སྐོར་སྐྱོད་གནང་རྒྱུ་ཡིན་པ་ལྟར་ཐེངས་འདིའི་བོད་དོན་སྐོར་སྐྱོད་དེ་བཞིན་སུད་སི་བོད་ཀྱི་དོན་ཁང་ནས་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག བརྙན་པར།  

བོད་རང་བཙན་གྱི་གོམ་བགྲོད་ལས་འགུལ་དབུ་འཛུགས།

ཁ་སང་ཨ་རིའི་མངའ་སྡེ་ Pennsylvania གྲོང་ཁྱེར་ Philadelphia ནང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་སྟབས་བསྟུན་བོད་རང་བཙན་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཁ་སང་སྔ་དྲོ་ཚོུད་ ༨༌༣༠ ཐོག་ཨ་རིའི་ནང་གནས་བཞུགས་རང་བཙན་དོན་གཉེར་བ་ཁག་གཅིག་གིས་མ་སྐུལ་དང་བླངས་ཀྱིས་གོ་སྒྲིག་འོག་ Philadelphia ནང་རྟེན་གཞི་བྱས་པའི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་རང་བཙན་ཚོགས་ཁང་ཆེན་མོའི་མདུན་ནས་དབུ་འཛུགས་གནང་འདུག་པ་དང་། ཉིན་དང་པོའི་ལས་འགུལ་ནང་ཁྱོན་བོད་མི་ ༥༥ ལྷག་ནས་མཉམ་ཞུགས་ཀྱིས་དང་ཐོག་ Philadelphia ནས་དབུ་འཛུགས་ཏེ་མི་ལེ་ ༡༥ ཙམ་གོམ་བགྲོད་གནང་འདུག གོམ་བགྲོད་པ་དེ་དག་གིས་ཨ་རིའི་ Pennsylvania ནས་དབུ་འཛུགས་གནང་སྟེ་རིམ་པས་ནིའུ་ཇར་སི་དང་ནིའུ་ཡོག་བཅས་མངའ་སྡེ་གསུམ་ནང་གོམ་བགྲོད་གནང་གི་འདུག་པ་མ་ཟད་ཕྱི་ཟླ་ ༣ ཚེས་ ༩ ཉིན་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་གོམ་བགྲོད་མཇུག་སྒྲིལ་གནང་གཏན་ཁེལ་ཡོད་པ་རེད།  རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལས་འགུལ་གྱི་འབོད་སྒྲ་དང་དགོས་འདུན་དོན་ཚན་ལྔ་ཆེད་བཀོད་གནང་ཡོད་པ་ནི་རྒྱ་ནག་གི་དབང་སྒྱུར་བོད་ནས་ཕྱིར་འཐེན་བྱས་ཏེ་བོད་ཀྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་འཕྲལ་དུ་གློད་བཀྲོལ་དགོས་པ། བོད་མིའི་རང་དབང་སྒེར་ལངས་བརྒྱུད་ནས་དགོས་འདུན་ཁག་ལ་ཨ་རིའི་ས་གནས་དང་མངའ་སྡེ། གྲོས་ཚོགས་དང་དབུས་གཞུང་བཅས་ནས་རྟོག་ཞིབ་གནང་ཐོག་བོད་མིའི་མངོན་འདོད་བསྒྲུབ་པར་རྒྱབ་སྐྱོར་གནང་རོགས། རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་ཚོགས་ཆུང་བོད་ནང་ཕེབས་ནས་བོད་ནང་གི་གནས་སྟངས་དང་བོད་མིས་རང་ལུས་མེར་བསྲེགས་གནང་བའི་དགོས་འདུན་སོགས་ཀྱི་ཐད་རྟོག་ཞིབ་གནང་དགོས་པ་མ་ཟད། དེ་བཞིན་ཨ་རིའི་གཞུང་དང་མང་ཚོགས་ཚོས་རྒྱ་ནག་གི་བཙན་འཛུལ་གྱི་རྒྱ་སྐྱེད་ལ་ངེས་པར་དུ་དོ་འཁུར་དང་འགོག་གནོན་དགོས་པ་བཅས་ཡིན་པ་རེད། ཁྱད་པར་དུ་ངག་དབང་བཀྲིས་ལགས་ཀྱིས་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་ལམ་བར་དུ་ས་གནས་མང་ཚོགས་ལ་དགོས་འདུན་ལྔ་ཅན་འཁོད་པའི་ཞུ་སྙན་དང་བསྒྲགས་གཏམ་འགྲེམས་སྤེལ་གནང་རྒྱུ་དང་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་ཨ་རིའི་གྲོས་ཚོགས་འཐུས་མི་བཅས་ཀྱི་མཚན་ཐོག་ལ་བོད་དོན་ཞུ་སྙན་དང་མཇལ་འཕྲད་ཡོང་ཐབས་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་ཚབ་ལའང་ཡིག་ཆ་ཁག་གཅིག་འབུལ་རྒྱུའི་ལས་རིམ་བང་སྒྲིག་གནང་འདུག རྩ་བའི་ཐེངས་འདིའི་བོད་རང་བཙན་གོམ་བགྲོད་ལས་འགུལ་ནང་རྐང་འགན་བཞེས་མཁན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་སྟག་འཚེ་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ་ལགས་དང་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་བདང་འདུས་ལགས། བློ་དགའ་རང་བཙན་ལགས། སཱ་ནི་བསོད་ནམས་ལགས། དོན་གྲུབ་ལྷ་དར་ལགས། བསམ་དགའ་ལགས་དང་ཐུབ་བསྟན་ཆོས་ཉིད་ལགས་བཅས་ཁྱོན་མི་བདུན་ཡོད་པ་རེད།

ཅེཀ་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་བོད་དོན་རྒྱབ་སྐྱོར་གྱི་རྒྱལ་དར་སྒྲེང་འཛུགས་གནང་འཆར།

Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague གྱི་ཚོགས་ཁང་གི་ཡང་སྟེང་དུ་སླར་ཡང་ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༠ བར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་རེད་འདུག ས་གནས་བརྒྱུད་ལམ་ཁག་གཅིག་གི་ཐོག་གནས་ཚུལ་ཐོན་གསལ་ Prague གྲོང་སྡེ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ རྗེས་ད་རེས་ཐེངས་དང་པོ་བོད་ཀྱི་གསུམ་བཅུའི་སྒེར་ལངས་དང་བསྟུན་དེ་གའི་ཚོགས་ཁང་ཆེན་མོའི་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་པ་མ་ཟད། Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཙམ་མ་ཡིན་པར་ས་གནས་ཀྱི་གྲོང་སྡེ་ ༧༠༠ ལྷག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱ་ནག་གིས་བོད་ས་དབང་སྒྱུར་བྱས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་རྣམ་འགྱུར་ཆེད་བཏོན་གནང་རྒྱུ་ཡིན་པ་བཀོད་འདུག རྩ་བའི་ཕྱིའི་རྒྱལ་ཁབ་ཁག་ཏུ་གསུམ་བཅུའི་དུས་དྲན་དང་བསྟུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་དོན་དེ་ནི་ཐོག་མར་ཕྱི་ལོ་ ༡༩༩༦  ལོར་འཇར་མ་ནི་རྒྱལ་ཁབ་ནས་དབུ་འཛུགས་གནང་ཡོད་པ་དང་། ཕྱིས་སུ་རྒྱལ་སྤྱི་རང་བཞིན་གྱིས་གང་སར་ཁྱབ་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་དྲིལ་བསྒྲགས་མུ་མཐུད་མཇུག་སྐྱོང་གནང་ཡོད་པ་རེད།   ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ལ་ཆ་མཚོན་ན་སྟོང་ལོ་གསར་པའི་འགོ་སྟོད་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་གི་རིང་དུ་གྲོང་ཁྱེར་དེའི་ངོས་ནས་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་དོན་རྒྱབ་སྐྱོར་གྱི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༤ ལོར་སྐབས་དེའི་གྲོང་ཁྱེར་སྤྱི་ཁྱབ་ Adriana Krnáčová  ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་གནད་དོན་སོགས་ཀྱི་དབང་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མཚམས་བཞག་ཡོད་པ་རེད། Prague གྲོང་ཁྱེར་གྱི་ད་ལྟའི་སྤྱི་ཁྱབ་ Zdeněk Hřib ལགས་ཀྱིས་རེས་གཟའ་ཕུར་བུ་ཉིན་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དེ་སྔའི་གྲོང་ཁྱེར་དབུ་ཁྲིད་ཚོས་ཚོང་གི་ཁེ་ཕན་དང་། རྒྱ་ནག་དང་ལྷན་ཆབ་སྲིད་ཀྱི་འབྲེལ་ལམ་དམ་ཟབ་གཏོང་རྒྱུའི་དམིགས་ཡུལ་འོག་བོད་མི་ཚོའི་རང་དབང་གི་འདུན་པ་དང། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་བློས་གཏོང་བྱས་ཡོད་པར་སྐྱོན་བརྗོད་གནང་བ་དང་སྦྲགས། ད་ལོ་ནས་བཟུང་སླར་ཡང་སྔར་སྲོལ་ལྟར་བོད་དོན་རྒྱབ་སྐྱོར་མཚོན་པའི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་དེ་མཇུག་སྐྱོང་གནང་ངེས་ཡིན་སྐོར་གསུངས་འདུག གཞི་རྩའི་བོད་ཀྱི་གསུམ་བཅུའི་སྒེར་ལངས་ཀྱི་དུས་དྲན་བསླེབ་ལ་རན་པ་དང་བསྟུན་གཟའ་འཁོར་སྔོན་མའི་ནང་ཨ་རིའི་California མངའ་སྡེའི་ Richmond གྲོང་སྡེ་ལྷན་ཚོགས་ནས་དམིགས་བསལ་བསྒྲགས་གཏམ་ཞིག་འདོན་སྤེལ་དང་འབྲེལ། གྲོང་ཁྱེར་དེས་ཕྱི་ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མ་ཟད་གསུམ་བཅུའི་དུས་དྲན་ཉིན་འཁྱོངས་རིང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་ཡོད་པ་རེད།

      ཨ་རིའི་གྲོས་ཚོགས་གོང་མས་ཁུང་ཙི་སློབ་གླིང་ལ་སྐྱོན་བརྗོད་ཀྱི་སྙན་ཐོ་འདོན་སྤེལ།

ཨ་རིའི་གྲོས་ཚོགས་གོང་མས་ཡུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཁག་གིས་ཨ་རིའི་ཤེས་ཡོན་ལྟེ་གནས་ཁང་དུ་བོད་དོན་གཙོས་པའི་རྒྱ་ནག་གི་ནང་དུ་དམ་དྲག་བྱས་པའི་བརྗོད་གཞི་འདྲ་མིན་ཁག་གཅིག་གླེང་སློང་བྱ་རྒྱུར་བཀག་འགོག་བྱས་པའི་ལས་དོན་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་བྱས་འདུག དེའང་ཁ་ཉིན་ཚེས་ ༢༧ ཉིན་ཨ་རིའི་གྲོང་ཚོགས་གོང་མའི་ནང་སྲིད་ཀྱི་བདེ་འཇགས་དང་གཞུང་འབྲེལ་ལས་དོན་ཚོགས་ཆུང་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་ཁུང་ཙི་སློབ་གླིང་གིས་རྒྱལ་ཁབ་ཕན་ཚུན་གྱི་བྱ་བ་སྒྲུབ་ཀྱི་མེད་པར་འགྲེལ་བརྗོད་དང་སྦྲགས། ཨ་རིའི་ངོས་ནས་ཁུང་ཙི་སློབ་གླིང་གི་ལས་དོན་བྱེད་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་དགོས་པ་མ་གཏོགས་སློབ་གླིང་དེ་དག་ཆ་ཚང་སྒོ་རྒྱག་དགོས་པའི་འབོད་བརྡ་བཏང་འདུག ཤོག་གྲངས་ ༩༣ ཅན་གྱི་སྙན་ཐོའི་ནང་གསལ་བར་ད་ལྟའི་ཆར་ཨ་རིའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་བརྒྱ་ལྷག་ཡོད་པ་དང་རྒྱ་ནག་གི་ངོས་ནས་སློབ་གླིང་དེ་དག་ནི་དེ་གའི་གཞུང་གིས་ཆེད་དུ་འགྲོ་གྲོན་ཐོག་ཨ་རིའི་མཐོ་སློབ་དང་ཤེས་ཡོན་ལྟེ་གནས་ཁག་ཏུ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱེད་ཕྱིར་ཡིིན་པར་བརྗོད་བཞིན་ཡོད་ནའང་། རྒྱ་གཞུང་གིས་དོན་དངོས་སུ་སློབ་གླེང་དེ་དག་བརྒྱུད་ཨ་རིའི་ཤེས་ཡོན་སློབ་གསོའི་རང་དབང་ལ་ཐེ་གཏོགས་བྱེད་བཞིན་པ་མ་ཟད་སློབ་གླིང་དེ་དག་ནི་ཨ་རི་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བ་གཏོང་རྒྱུའི་སླད་ཆེད་འཛུགས་བྱས་པའི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག སྙན་ཐོ་དེའི་ནང་ད་དུང་ཁུང་ཙི་སློབ་གླིང་བརྒྱུད་རྒྱ་ནག་གཞུང་ལས་ལོ་རེར་ཨ་སྒོར་ཉིས་འབུམ་ལྔ་ཁྲི་ཙམ་གྱི་རོགས་རམ་ལེན་མཁན་ཨ་རིའི་སློབ་གྲྭ་བརྒྱ་ཆ་ ༧༠ ལྷག་ཙམ་གྱིས་ཨ་རིའི་ཤེས་ཡོན་ལས་ཁང་ལ་གནད་དོན་དེ་སྦས་གསང་བྱེད་བཞིན་པར་སྐྱོན་བརྗོད་ཀྱང་གནང་འདུག ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ Bill Priestap ལགས་ཀྱིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་གིས་བོད་ཀྱི་གནད་དོན་གཙོ་བོར་བཟུང་བའི་སྨྲ་བརྗོད་རང་དབང་དམ་དྲག་བྱས་པའི་གནས་ཚུལ་འཛམ་གླིང་གང་སར་མངོན་གསལ་གནང་རྒྱུ་ཡོད་སྐོར་ལུང་འདྲེན་དང་འབྲེལ་ནས་ཨ་རིའི་ Government Accountability Office ཞེས་པའི་གཞུང་གི་ཚན་པ་ཤིག་གིས་ཉེ་ཆར་ཉམས་ཞིབ་གནང་བའི་ནང་ཨ་རིའི་ནང་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ཡན་ལགས་ཡོད་རིགས་ཀྱིས་བོད་དོན་གཙོ་གྱུར་རྒྱ་ནག་སྲིད་གཞུང་གིས་ངོ་རྒོལ་བྱེད་བཞིན་པའི་བྱ་འགུལ་གང་ཡང་སྤེལ་རྒྱུར་འདོད་པ་བྱེད་ཀྱི་མེད་སྐོར་བཀོད་འདུག དེ་བཞིན་རྒྱ་ནག་གིས་ཨ་རིའི་ནང་ཁུང་ཙི་སློབ་གླིང་མང་པོ་བཙུགས་ཡོད་པ་ལྟར་ཨ་རིའི་སྲིད་གཞུང་གི་ངོས་ནས་ཀྱང་དེ་སྔ་མ་དངུལ་ཆེད་གཏོང་གིས་རྒྱ་ནག་ཏུ་ཨ་རིའི་རིག་གཞུང་ལྟེ་གནས་ཤིག་འཛུགས་ཐབས་བྱས་ཡོད་ནའང་།  རྒྱ་ནག་གིས་ལས་གཞི་དེ་ལག་བསྟར་བྱེད་བཅུག་མེད་པར་ཕྱི་ལོ་ ༢༠༡༨ ལོ་ལས་གཞི་དེ་དངོས་སུ་སྒོ་བརྒྱབས་ཡོད་པ་ཡང་མངོན་གསལ་གནང་བ་དང་ཆབས་ཅིག རྒྱ་ནག་གིས་ཇི་ལྟར་རྒྱལ་ཁབ་གཉིས་ཀྱི་བར་ལ་གཉིས་ཕན་གྱི་བྱ་གཞག་སྒྲུབ་ཀྱི་མེད་པ་ལུང་འདྲེན་གནང་འདུག ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་ཨ་རིའི་གྲོས་ཚོགས་གོང་མས་འདོན་སྤེལ་གནང་བའི་སྙན་ཐོ་དེར་རྒྱབ་སྐྱོར་ཞུས་པ་མ་ཟད། ལས་འགུལ་ཁང་དེའི་ཚོགས་གཙོ་ Matteo Mecacci ལགས་ཀྱིས་རྒྱ་ནག་གིས་ལོ་ངོ་དུ་མའི་རིང་འཇམ་པོའི་རྩལ་བེད་སྤྱོད་བྱས་ཏེ་མང་གཙོའི་རྒྱལ་ཁབ་ཁག་གི་ནང་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་གནད་དོན་རིགས་ལ་ཐབས་ཤེས་རྒྱ་བསྐྱེད་ཀྱིས་དམ་དྲག་བྱས་ཡོད་སྐོར་བསྒྲགས་པ་དང་འབྲེལ། ཨ་རིའི་ངོས་ནས་བོད་དུ་རང་དབང་གིས་འགྲུལ་སྐྱོད་གནང་ཆོག་པའི་ཁྲིམས་གཞི་གཏན་འབེབས་གནང་བ་ལྟར་ད་ཆ་ང་ཚོས་ཤེས་ཡོན་རང་དབང་དང་སྤྱི་འབངས་ཀྱི་ཐོབ་ཐང་ཐད་ནས་ཀྱང་རྒྱ་ནག་གི་ཡ་ལན་གནང་གི་མེད་པ་དེར་སྐྱོན་བརྗོད་གནང་དགོས་པའི་དུས་ལ་བབ་ཡོད་པ་གསུངས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱིར་རྒྱ་གཞུང་ནས་ཁུང་ཙི་སློབ་གླིང་དེ་དག་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱེད་པའི་ཆེད་དུ་དམིགས་ཡོད་པར་བརྗོད་བཞིན་ཡོད་ཀྱང་དོན་དངོས་ཐོག་རྒྱ་ནག་གིས་ཁུང་ཙི་སློབ་གླིང་དེ་དག་སྤྱད་ ནས་བོད་ས་ཇི་ལྟར་དབང་བསྒྱུར་བྱས་པའི་བདེན་པ་དེ་གཡོལ་ཐབས་བྱས་ཡོད་པའི་དཔེ་མཚོན་མང་པོ་སྙན་ཐོདེའི་ནང་གསལ་བརྗོད་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་བོད་ནི་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་སཱི་རྱི་ཕུད་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཆེས་ཆེ་བའི་ས་ཁུལ་གཉིས་པ་དེ་ཡིན་པར་འགྲེལ་བརྗོད་བྱས་འདུག གཞི་རྩའི་འདས་པའི་ལོ་འདིའི་ནང་མ་མཐར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གསུམ་ནས་ཁུ་ཙི་སློབ་གླིང་དང་འབྲེལ་བ་ཡོངས་སུ་མཚམས་འཇོག་བྱས་ཡོད་པ་དང། བོད་རང་བཙན་སློབ་ཕྲུག་ཚོགས་པས་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཁུང་ཙི་སློབ་གླིང་གི་སྐོར་ལ་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་མང་པོ་སྤེལ་ནས་ལྟེ་གནས་དེ་དག་འཕྲལ་དུ་སྒོ་རྒྱག་དགོས་པའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད།

ཞི་ཅིན་ཕིང་ལ་བོད་ཀྱི་སྐད་ཡིག་རྡོག་རོལ་མཚམས་འཇོག་དགོས་བའི་ཞུ་སྐུལ།

ཨ་རི་དང་ཡུ་རོབ་གཙོ་གྱུར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཆེ་ཁག་བཅུས་མཉམ་འབྲེལ་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཞུ་ཡིག་ཅིག་བྲིས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དང་རིག་གཞུང་། དཔལ་འབྱོར་སོགས་བདག་གཅེས་དགོས་པའི་ཁྲིམས་ཡིག་གི་དོན་ཚན་ཁག་དང་། ལྷག་པར་དུ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་ ༤ དང་ ༣༥ ལུང་འདྲེན་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་གཅེས་ཀྱི་ཐོབ་ཐང་དགོས་པའི་ཞུ་སྐུལ་གནང་འདུགཁ་སང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་སྟབས་བསྟུན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཆེ་ཁག་བཅུས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནི་རིག་གཞུང་དང་སྐད་ཡིག་སྣ་མང་ལ་རོལ་མྱོང་དང་བདག་གཅེས་གནང་བའི་ཉིན་མོ་ཞིག་ལ་སྲུང་བརྩི་ཞུ་བཞིན་པར་བརྟེན། ཉིན་མོ་འདི་མི་རིགས་སོ་སོའི་ཕ་མེས་ཀྱི་ཤུལ་བཞག་རིག་གཞུང་གི་བརྗོད་སྙིང་གལ་ཆེན་ཞིག་མཚོན་གྱི་ཡོད་སྟབས། བོད་ནང་གི་སྐད་ཡིག་གི་རང་དབང་རྡོག་རོལ་གཏོང་རྒྱུར་མཚམས་འཇོག་དགོས་པ་དང་། རྒྱ་ནག་གིས་བོད་སྐད་ཡིག་ལ་དབྱེ་འབྱེད་བྱས་ཏེ་ས་གནས་སྲིད་གཞུང་དང་ཁྲིམས་ཞིབ་ལམ་ལུགས། ཤེས་ཡོན་ལྟེ་གནས་མང་དག་ཅིག་ཏུ་བོད་ཀྱི་སྐད་ཡིག་ལ་ཕྱིར་བསྡུ་བྱས་ཡོད་པ་དེ་ནི་ས་གནས་བོད་རིགས་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་བརླག་འགྲོ་ཉེན་ཆེན་པོ་ཡོད་པ་མ་ཟད། དེ་ལྟ་བུའི་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ་བོད་རིགས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པར་གསལ་བཤད་གནང་ནས་རྒྱ་ནག་གིས་ཁྲིམས་ལུགས་དེ་དག་ཡོད་ཚད་ལ་ཁས་ལེན་བྱེད་ཀྱི་ཡོད་ནའང་ཕྱོགས་གཅིག་ནས་དེ་ལས་ལྡོག་པའི་བོད་མིའི་སྐད་དང་རིག་གཞུང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག བོད་ནང་གི་སྐད་ཡིག་རྡོག་རོལ་གྱི་གནས་བབས་སོགས་མཚམས་འཇོག་དགོས་པ་ཙམ་མ་ཡིན་པར་སྐད་ཡིག་བདག་སྲུང་གི་རང་དབང་དང་ཐོབ་ཐང་དགོས་པའི་ཞུ་སྐུལ་དང་འབྲེལ་ནས། རྒྱལཚོགས་ཀྱིས་གཙོས་པའི་ཨ་རི་དང་ཡུ་རོབ་སོགས་ཐུན་མོང་ནས་ཆ་རྐྱེན་གང་ཡང་མེད་པར་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། རྒྱལ་སྤྱིའི་རིག་གཞུང་དང་སྐད་ཡིག་སྣ་མང་གི་སྒྲིག་ཡིག་དང་ཁྲིམས་ལུགས་ལ་གཞིར་བཞག་ཐོག་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ལ་གཏོར་བཅོམ་དང་སློབ་ཁྲིད་བཀག་འགོག་བྱས་པ་སོགས་ལ་བསྐྱར་ཞིབ་ཀྱིས་བོད་མི་ཚོར་རང་གི་ཉིན་རེའི་འཚོ་བའི་ཁྲོད་རང་དབང་ངང་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་མཐོར་གཏོང་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

ཨ་རི་གཞུང་གིས་བོད་མིར་མུ་མཐུད་རོགས་དངུལ་གནང་གཏན་ཁེལ་བ།

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་འདས་པའི་མི་ལོ་ ༣༠ ལྷག་གི་གོང་ནས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང། ཤེས་ཡོན། འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་བཅས་ཀྱི་ཐོག་རོགས་དངུལ་གནང་བཞིན་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་སྔོན་རྩིས་ཁོངས་ནས་མུ་མཐུད་བོད་ཕྱི་ནང་གཉིས་ཀྱི་བདེ་དོན་ཐོག་མ་དངུལ་རོགས་རམ་གནང་རྒྱུའི་ཐག་གཅོད་བྱུང་འདུག ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམ་པས་གཏན་འབེབས་གནང་བའི་བོད་མིར་རོགས་དངུལ་དང་འབྲེལ་བའི་གྲོས་ཆོད་ལ་མཚན་རྟགས་གནང་བའི་བརྒྱུད་འདི་ལོ་ ༢༠༡༩ ལོའི་ཨ་རིའི་ཕྱོགས་བསྡོམས་ཀྱི་སྔོན་རྩིས་ཁྲོད་ནས་བོད་མིར་ཨ་སྒོར་ས་ཡ་བཅུ་བདུན་གནང་གཏན་ཁེལ་འདུག ཨ་རིའི་སྲིད་གཞུང་གི་རོགས་སྐྱོར་ཨ་སྒོར་ས་ཡ་བཅུ་བདུན་དེ་བོད་ནང་ཡོད་པའི་བོད་མི་ཚོའི་བདེ་དོན་སྤྱིད་དང་། ལྷག་པར་དུ་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་སྤྱི་ཚོགས་སྲ་བརྟན། དེ་བཞིན་མི་རབས་རྗེས་མའི་འགོ་ཁྲིད་ཀྱི་ནུས་པ་གསོ་སྐྱོང་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་དྲུག དེ་བཞིན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་དང་འཛིན་སྐྱོང་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་ཨ་སྒོར་ས་ཡ་གསུམ་བཅས་སྡེ་ཚན་གསུམ་དུ་ཆ་བགོས་གནང་ཡོད་པ་རེད། ཐེངས་འདིའི་ཨ་རི་གཞུང་ནས་བོད་མིར་མུ་མཐུད་མ་དངུལ་རོགས་རམ་གནང་པ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྲིད་གཞུང་གཉིས་ཀར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Donald Trump མཆོག་ནས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་ཨ་མི་རི་ཀའི་ལོ་འཁོར་སྔོན་རྩིས་ཁྲོད་ནས་ཨ་རིས་བོད་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ནང་ལ་གཏོང་བཞིན་པའི་མ་དངུལ་རོགས་རམ་ཁག་གཅིག་འཕྲི་ཆ་དང་ཁག་གཅིག་མཚམས་འཇོག་གནང་རྒྱུ་སོགས་ཀྱི་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་གཏན་འབེབས་ཁྲོད་ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་དང་དངོས་སུ་ཐུག་འཕྲད་ཀྱིས་བོད་མིར་མུ་མཐུད་མ་དངུལ་རོགས་སྐྱོར་གནང་སྐྱོང་ཡོང་བའི་ཞུ་འབོད་གནང་དོན་ལྟར་བོད་གཞིས་བྱེས་གཉིས་ཀྱི་བོད་མིར་མ་དངུལ་རོགས་རམ་མུ་མཐུད་ཐོབ་ཡོད་པ་རེད།

དགོན་སྡེ་ཁག་གིས་སློབ་ཕྲུག་ཚོར་ཟུར་ཁྲིད་གནང་ན་ཁྲིམས་འགལ་ཡིན་པ་ནན་བརྗོད།

རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ནང་ཁམས་ནང་ཆེན་ཁུལ་དུ་བོད་རིགས་སློབ་མ་ཚོར་དགུན་ཁའི་གུང་གསེང་དང་སྟབས་བསྟུན་དགོན་པར་བོད་ཡིག་ཟུར་ཁྲིད་དུ་འགྲོ་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་ལྟར། ཁ་ཉིན་བསྐྱར་དུ་གསལ་བཤད་དང་འབྲེལ་དགོན་པ་དང་མི་སྒེར་སུ་ཞིག་གིས་གཞུང་གི་བཀའ་རྒྱར་མ་བལྟས་པར་བོད་རིགས་སློབ་མར་ཟུར་ཁྲིད་གནང་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་ཡོད། དེའང་ཁ་ཉིན་ Channel Newsasia གསར་ཁང་གིས་རྒྱ་གཞུང་གིས་སྤེལ་བའི་བྱེད་བབས་དེར་འདྲི་གཅོད་བྱས་པར་རྒྱ་ནག་དཔོན་རིགས་ཀྱིས་ཡིག་ཐོག་ནས་བརྡ་ལན་ཕུལ་བའི་ནང་མཚོ་སྔོན་ཞིང་ཆེན་ཁུལ་དུ་དགོན་སྡེ་ཁག་གིས་བོད་རིགས་སློབ་མ་ཚོར་དགུན་ཁའི་གུང་གསེང་དང་སྟབས་བསྟུན་ཟབ་སྦྱོང་སྤྲོད་བཞིན་པ་དེ་ཁྲིམས་འགལ་ཡིན་ལུགས་བརྗོད་དེ། སློབ་གྲྭའི་སློབ་ཁྲིད་ནི་སྲིད་གཞུང་ཁོ་ནས་འགན་ཁུར་དགོས་པ་ཞིག་ཡིན་པ་དང་། དགོན་སྡེ་ཁག་གི་ཟུར་ཁྲིད་འཛིན་གྲྭ་དེ་རིགས་ནི་སློབ་ཕྲུག་མི་སྒེར་དང་ཁྱིམ་ཚང་བཅས་ལ་དཔལ་འབྱོར་གྱི་རྡོག་ཁྲེས་འཕར་མ་ཞིག་ཆགས་ཀྱི་ཡོད་པ་ཟད། གུང་གསེང་སྐབས་སུ་སློབ་ཕྲུག་ཚོའི་ལས་ཁུར་ཡང་དུ་གཏོང་རྒྱུར་བཀག་འགོག་བྱེད་གཞི་ཆགས་པར་བརྟེན་མི་སྒེར་དང་ཚོགས་པ་གང་རུང་གིས་ཆོས་ལུགས་ཀྱི་མིང་འཁྱེར་ནས་གཞུང་གི་ཤེས་ཡོན་ལམ་ལུགས་ལ་འགོག་རྐྱེན་བཟོ་ཐབས་མེད་པར་བརྗོད་འདུག མཚོ་སྔོན་ཁུལ་གྱི་དཔོན་རིགས་ཚོས་དགོན་སྡེ་ཁག་ཏུ་སློབ་མར་ཟབ་སྦྱོང་སྤྲོད་མི་ཆོག་པའི་རྒྱུ་མཚན་བཀོད་པ་ནི་དགོན་པ་ཁག་ཏུ་སློབ་མ་ཚོར་སློབ་སྦྱོང་སྤྲོད་རྒྱུར་མཐུན་རྐྱེན་ཚང་མེད་པར་མ་ཟད། བདེ་འཇགས་ལ་ཡང་ཉེན་ཁ་ཡོད་ལུགས་བརྗོད་ཡོད་ཀྱང་། གསར་ཁང་དེས་རྒྱ་གཞུང་གིས་བོད་ཁུལ་དུ་བོད་པའི་དགོན་སྡེ་ཁག་གིས་བོད་རིགས་སློབ་ཕྲུག་ཚོར་དགུན་ཁའི་གུང་སེང་སྐབས་བོད་ཡིག་ཟུར་ཁྲིད་འཛིན་གྲྭ་སྒོ་རྒྱག་ཏུ་བཅུག་པ་ནི་རྒྱ་གཞུང་གིས་བོད་ནང་གི་ཆོས་དང་རིག་གཞུང་གི་རང་དབང་ཐོག་དམ་དྲག་གྱིས་གནོན་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པར་གསལ་བརྗོད་གནང་ཡོད་པ་རེད།དེ་བཞིན་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་ Sophia Richardson ལགས་ཀྱིས་རྒྱ་ནག་གི་གནོན་ཤུགས་དེ་ནི་བོད་མི་ཚོའི་རིག་གཞུང་དང་ཆོས་ལུགས་ཐོབ་ཐང་བརྩི་མེད་བཏང་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་འདུག་པར་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་དང་། ཆོས་ལུགས་རང་དབང་ལ་སྲུང་སྐྱོབ་ཡོད་ལུགས་བཀོད་ཡོད་ཀྱང་དོན་དངོས་རྒྱ་ནག་གཞུང་གིས་སྲིད་བྱུས་དང་འགལ་བའི་བསམ་ཚུལ་བཤད་ས་ཕྲན་བུ་ཙམ་ཡང་མི་འདུག་ཅེས་སྐྱོན་བརྗོད་ནན་པོ་གནང་འདུག རྩ་བའི་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ནང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དང་དེ་བཞིན་ཁམས་ལི་ཐང་གི་ཁུལ་དུ་ཡང་ས་གནས་མང་ཚོགས་ལ་ཉེན་བརྡ་བཏང་ནས་གུང་གསེང་གི་སྐབས་སུ་སློབ་ཕྲུག་ཚོ་ས་ག་ཟླ་བའི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཕ་མ་སུ་ཞིག་གིས་རང་གི་ཕྲུ་གུ་དགོན་པར་མཇལ་སྐོར་དུ་ཁྲིད་པ་ཡིན་ན་སྲིད་གཞུང་གིས་དུས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ས་གནས་ཁག་ཏུ་བོད་རིགས་སློབ་ཕྲུག་ཚོར་ཆེད་དུ་དམག་སྦྱོང་གི་འཛིན་གྲྭར་ཞུགས་དགོས་པའི་ལས་གཞི་སྤེལ་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་རེད། དེ་བཞིན་རྒྱ་གཞུང་གིས་སྔར་ལོར་ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་བོད་རིགས་རྒྱ་གཞུང་ལས་བྱེད་རྣམས་ལ་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་མ་ཟད་གལ་སྲིད་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་པ་ཤེས་རྟོགས་བྱུང་ཚེ་མི་ཚེ་གཅིག་གི་ཐོབ་ཐང་ཡོངས་རྫོགས་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།  འོན་ཀྱང་བོད་ནང་གི་སློབ་གྲྭ་ཁག་སོ་སོའི་བསླབ་གཞིའི་མ་ཡིག་རྒྱའི་སྐད་ཡིག་བཞག་ཡོད་སྟབས་གུང་གསེང་སྐབས་སུ་སློབ་མ་མང་པོ་རང་རང་སོ་སོའི་ཉེ་ཁུལ་གྱི་དགོན་སྡེ་ཁག་ཏུ་བོད་ཡིག་གསབ་ཁྲིད་ལ་སྐྱོད་བཞིན་ཡོད་ནའང་། ཉེ་ལམ་ནས་བཟུང་རྒྱ་གཞུང་གིས་དགོན་གྲོང་དུ་སློབ་མར་གསབ་ཁྲིད་མི་ཆོག་པའི་བཀའ་རྒྱ་ནན་མོ་བཏང་སྟེ་སྲིད་གཞུང་གི་བཀའ་རྒྱ་དང་འགལ་ན་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད།

རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་དུ་བསྐྱོད་རྒྱུར་བཀག་སྡོམ།

ཕྱི་ལོ་ ༢༠༠༨ ལོ་ནས་རྒྱ་ནག་གཞུང་གི་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་བོད་དུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པ། དེ་བཞིན་གཞུང་འབྲེལ་མི་སྣ་སོགས་འགྲོ་སྐྱོད་གནང་བར་དམིགས་བསལ་གྱི་དམ་དྲག་དང་སྒོ་རྒྱག་བཞིན་ཡོད་པ་ལྟར། འདི་ལོ་རྒྱ་གཞུང་ནས་ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༤ ཚེས་ ༡ བར་ཁྱོན་ཟླ་བ་གཉིས་ལྷག་གི་རིང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་འདུག གཞི་རྩའི་རྒྱ་གཞུང་ནས་ལོ་ལྟར་ལོ་དུས་སོགས་ཀྱི་ཁྱད་པར་མེད་པར་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་གཞུང་འབྲེལ་མི་སྣ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་སོགས་བོད་ནང་རང་དབང་ཐོག་བསྐྱོད་རྒྱུར་དམ་དྲག་ཤུག་ཆེ་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་ཁག་གཅིག་ལ་འགྲོ་སྐྱོད་གནང་རྒྱུའི་ཆོག་མཆན་ཐོབ་ཀྱང་རྒྱ་གཞུང་རང་གིས་གོ་སྒྲིག་བྱས་པའི་སྣེ་ཤན་པ་དང་མཉམ་དུ་འགྲོ་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༩ འདི་བཞིན་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རང་དབང་སྒེར་ལངས་གནང་ནས་མི་ལོ་ ༦༠ འཁོར་བ་དང་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་ ༧༠ འཁོར་བ་སོགས་ཆབ་སྲིད་ཀྱི་དུས་ཚིགས་གནད་འགག་ཅན་ཁག་གཅིག་ཁེལ་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་དམིགས་བསལ་གྱི་དམ་དྲག་རིགས་བྱ་སྲིད་པར་ཚོད་དཔག་གནང་མཁན་ཡང་འདུག རྒྱ་གཞུང་གིས་བོད་འདི་རྒྱལ་སྤྱིའི་མི་སྣ་ཚོར་སྒོ་རྒྱབ་པ་དང་འབྲེལ་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་གཞུང་གིས་སླར་ཡང་བོད་སྒོ་རྒྱབ་ཡོད་པ་ནི་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐད་འདུན་པ་རྩ་བ་ནས་མེད་པའི་རྣམ་པ་མངོན་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག བོད་ནང་ཕྱིའི་མི་སྣ་དང་གསར་འགོད་པ་སོགས་འགྲོ་སྐྱོད་བཀག་ཐབས་སུ་སྒོ་རྒྱབ་རྒྱུ་ངེས་པར་དུ་མཚམས་འཇོགས་བྱེད་དགོས་པ་དང་བོད་ནང་རང་དབང་ཐོག་འགྲོ་སྐྱོད་ཐུབ་ཐབས་སུ་ཨ་རིའི་སྲིད་གཞུང་ནས་ Reciprocal Access to Tibet Act ཞེས་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་གཞི་ལག་བསྟར་བརྒྱུད་རྒྱ་ནག་གི་འགོ་འཁྲིད་ཚོ་འགན་ཁུར་ལྡན་པ་ཞིག་བཟོ་དགོས་སྐོར་ནན་གསུངས་གནང་འདུག

གསུམ་བཅུའི་དུས་དྲན་ཉིན་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་རྒྱལ་ས་ལྡི་ལིར་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གཏན་ཁེལ་བ་ཡོངས་བསྒྲགས་གནང་སོང་།གསལ་འགོད་གསལ་བསྒྲགས་དེའི་སྐབས་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ Chalo Delhi འམ་ལྡི་ལིར་འགྲོ་ཞེས་པའི་འབོད་ཚིག་འོག་ད་ལོའི་ལོ་ནི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་གྱི་ཡོད་སྟབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་ཁྲིད་པའི་ཐོག་ནས་རྒྱལ་ས་ལྡི་ལིར་ཟླ་ ༣ ཚེས་ ༡༠ ནས་ཚེས་ ༡༢ བར་བཅས་ཉིན་གྲངས་གསུམ་གྱི་རིང་གཞི་རྒྱ་ཆེ་བའི་བོད་དོན་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པར་བརྟེན་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཚོས་ལས་འགུལ་དེར་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད། རྩ་བའི་འདི་ལོ་ནི་རྒྱ་ནག་གིས་བོད་ས་བཙན་འཛུལ་བྱས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་ཁེལ་ཡོད་སྟབས་བཙན་བྱོལ་བོད་མིའི་འདུས་སྡོད་ཀྱི་སྤྱི་ཚོགས་གང་སར་ནམ་རྒྱུན་དང་མི་འདྲ་བའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་གྲ་སྒྲིག་གནང་བཞིན་ཡོད་པ་རེད།

Latest news