Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་གི་དམ་དྲག་འོག་ནས་བྲོས་བྱོལ་ཕྱིན་པའི་བོད་མི་ཞིག་གི་ནང་མིར་དཀའ་ངལ་ཆེན་པོ་སྤྲད་འདུག

དེ་སྔ་བལ་ཡུལ་ལ་ས་ཡོམ་གྱི་གོད་ཆག་བྱུང་རྗེས་འགྲམ་གྲོང་བརྡལ་དུ་གཏན་སྡོད་བྱེད་མཁན་བོད་མི་རྣམས་རྒྱ་གཞུང་གིས་གཞིས་ཀ་རྩེར་གནས་སྤོ་བྱེད་བཅུག་པའི་གྲས་བོད་གཉའ་ལམ་རྫོང་ཁོངས་ནས་ཡིན་པའི་སྐལ་བཟང་ལྷ་མོ་ལགས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༤ པའི་ནང་བོད་ནང་ཡོད་པའི་ཁོ་མོའི་པཱ་ལགས་སུ་ནད་གཞི་ཚབས་ཆེན་ཞིག་ཕོག་ནས་གཤག་བཅོས་ཆེད་སྨན་ཁང་དུ་ཡོད་པའི་གནས་ཚུལ་ཐོས་རྗེས་ཁོ་མོས་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་ནས་ཁྲིམས་མཐུན་ལམ་ཡིག་ཞུས་པ་ལྟར་དེ་ལྟར་རག་ནས་ཕྱིར་ཕ་ཡུལ་དུ་ལོག་འདུག་ཀྱང་གཉའ་ལམ་རྫོང་ཉེན་རྟོག་པས་ཁོ་མོར་འདྲི་རྩད་དང་ལམ་ཡིག་ཕྱིར་བསྡུ་བྱས་ཏེ་གང་དུ་ཡང་འགྲོ་བསྐྱོད་མི་ཆོག་པའི་བཟང་བཙོན་ལྟ་བུར་བཞག་འདུག ཁོ་མོས་ཐེངས་གཉིས་བྲོས་བྱོལ་འགྲོ་རྒྱུའི་ཐབས་ཤེས་གནང་ནས་མཐར་ཕྱི་ལོ་ ༢༠༡༦ ཟླ་བཞི་པར་བལ་ཡུལ་དུ་འབྱོར་ཐུབ་ཀྱང་གཉའ་ལམ་རྫོང་ཉེན་རྟོག་པས་ཁོ་མོའི་ནང་མིར་ཁོ་མོ་ཉིན་གསུམ་ནང་ཚུད་ཕྱིར་ལོག་བྱེད་བཅུག་དགོས་པའི་སུན་གཙེར་དང་སྤུན་ཆུང་བ་འཛིན་བཟུང་བཀག་ཉར་གྱིས་འདྲི་རྩད་དང་རྡུང་རྡེག་ཚད་མེད་བཏང་བ་མ་ཟད་རྒྱ་གཞུང་གི་སྤྱི་དམངས་ཐོབ་ཐང་དཔང་ཡིག་འཕྲོག་པ་དང་ནང་མི་ཚོར་སྲིད་གཞུང་གིས་སྤྲོད་བཞིན་པའི་ཐོབ་ཐང་ཡོད་ཚད་བཀག་འདུག དེ་བས་ཀྱང་གཉའ་ལམ་རྫོང་ཉེན་རྟོག་པས་དངོས་ཤུགས་བརྒྱུད་གསུམ་ནས་ཁོ་མོ་ཕྱིར་ལོག་བྱེད་པའི་ཐབས་ཤེས་མང་དག་བྱས་འདུག ཁོ་མོ་ད་བར་སོ་སོའི་བདེ་འཇགས་ཆེད་བལ་ཡུལ་ནང་ས་གནས་གཅིག་ཏུ་གནས་མ་ནུས་པར་སྐབས་རེ་རྒྱ་གར་དུ་ཉེན་གཡོལ་ཆེད་འགྲོ་དགོས་པ་བྱུང་བཞིན་ཡོད་པ་དང་། གཉའ་ལམ་རྫོང་ས་གནས་རྒྱ་ནག་ཉེན་རྟོག་པ་དང་སྲིད་གཞུང་གིས་ད་དུང་ཁོ་མོའི་ནང་མིར་དཀའ་ངལ་དང་སུན་གཙེར་བཟོ་བཞིན་ཡོད་པ་རེད་འདུག ལྷག་དོན་འདི་ལོའི་ཟླ་ལྔ་པའི་ནང་ཁོ་མོའི་གྲོང་ཚོ་ནས་ཡུལ་མི་ ༤༠༠ ལྷག་བལ་བོད་ས་མཚམས་སུ་དབྱར་རྩ་དགུན་འབུ་འཐུ་བར་བཏང་ཡོད་ཀྱང་ཁོ་མོ་ཆབ་སྲིད་ཀྱི་ནག་ཉེ་བསགས་ཏེ་བྲོས་བྱོལ་སོང་ལུགས་བརྗོད་དེ་ཁོ་མོའི་ནང་མིར་དབྱར་རྩ་དགུན་འབུ་འཐུ་བར་བཏང་མེད་པ་མ་ཟད་དེ་མིན་གཉའ་ལམ་གྲོང་ཚོའི་ཡུལ་མི་རྣམས་ལ་རྒྱ་གཞུང་གིས་སྤྲད་པའི་ལམ་ཡིག་འཁྱེར་ཏེ་བལ་བོད་གཉིས་སུ་འགྲོ་བསྐྱོད་བྱེད་ཆོག་ཀྱང་ཁོ་མོའི་ནང་མིར་ལམ་ཡིག་གཏན་ནས་མ་སྤྲད་པའི་དཀའ་ངལ་འཕྲད་འདུག སྐལ་བཟང་ལྷ་མོས་རྒྱ་གཞུང་ཉེན་རྟོག་པས་དེ་ལྟར་བྱེད་དོན་གཙོ་བོ་ནི་ཁོ་མོ་བོད་དུ་ལོག་པའི་ལོ་དེར་བཞུགས་སྒར་རྡ་རམ་ས་ལར་བོད་གཞུང་མང་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་གནང་སྐོར་གནས་ཚུལ་དང་པར་རིས་བཅས་ཁོ་མོའི་བཟའ་ཟླའི་སྐད་འཕྲིན་རྒྱབ་ངོས་སུ་བཞག་ཡོད་པ་དེ་རང་ཉིད་ཀྱི་སྐད་འཕྲིན་རྒྱབ་ལ་བཞག་པ་མ་ཟད་མི་གཞན་ལ་ཡང་ཁྱབ་སྤེལ་བྱས་པའིི་ཉེས་འཛུགས་བྱས་སྐོར་འགྲེལ་བརྗོད་གནང་སོང་།

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མངོན་གསལ་དོད་པོས་གླེང་སློང་གནང་དགོས།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༣ ནས་འཚོགས་ལ་ཉེ་བའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་དེའི་སྐབས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐེར་བཏོན་དང་རྒྱ་གཞུང་གི་དོ་དམ་བཀག་ཉར་འོག་ཡོད་པའི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་རྒྱ་ནག་གི་ཁྲིམས་རྩོད་པ་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་བཅས་གློད་བཀྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པར་རེ་སྐུལ་ཞུས་འདུག དེའང་ཟླ་བ་རྗེས་མའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་དབར་ལོ་འཁོར་ལྷན་ཚོགས་ཐེངས་ ༢༠ ཚོགས་ཀྱི་ཡོད་པ་ལྟར་ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་བཅས་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ཁག་ ༢༣ ཙམ་ནས་མཉམ་རུབ་ཐོག་ཡུ་རོབ་མཐུན་ཚོགས་ལ་ཞུ་ཡིག་ཞིག་ཕུལ་ཏེ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་དང་ལྷན་དུ་བཞུགས་མོལ་དང་ཡོངས་བསྒྲགས་སོགས་ཀྱི་གླེང་སྟེགས་ཚང་མའི་ཐོག་རྒྱ་ནག་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཐེར་བཏོན་གནང་དགོས་པར་མ་ཟད་གླེང་མོལ་དེའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་དགོས་གནད་ཡིན་པ་གསུངས་འདུག ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་ Lotte Leicht ལགས་ཀྱིས་ཞུ་ཡིག་དེའི་ནང་ ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འདྲ་མིན་ཐོག རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་བ་དང་། ཐུགས་འཚབ་ཡོད་པའི་གསུང་བཤད་སྤེལ་བ་ཁོ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་མེད་པ་འགྲེལ་བརྗོད་དང་སྦྲགས།  ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་གཏན་འབེབས་གནང་བའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྟ་གྲུབ་གཞིར་བཟུང་དངོས་ཡོད་གནས་སྟངས་ཇི་ཡིན་ཕྱི་གསལ་ནང་གསལ་ཐོག་ནས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཚད་གཞི་སྐྲུན་དགོས་པར་མ་ཟད་ད་བར་རྒྱ་གཞུང་ནས་འཛིན་བཟུང་བྱས་པའི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུགས་ལགས་ཀྱི་གཙོས་པའི་རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ཀྱི་ལྕམ་ Liu Xia ལགས་དང་རྒྱ་རིགས་ཁྲིམས་རྩོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་གྲངས་ཉུང་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སོགས་འཕྲལ་དུ་གློད་བཀྲོལ་དགོས་པའི་རེ་འདུན་ཆེད་བཏོན་གནང་འདུག དེ་བཞིན་ལྕམ་ Lotte Leicht ལགས་ཀྱིས་རྒྱ་ནག་གཞུང་ནས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེར་ཡོ་རོབ་མཐུན་ཚོགས་ནས་གདོང་ལེན་གནང་མ་ཐུབ་པ་དེས་རྒྱ་ནག་མི་མང་ཙམ་མ་ཟད་མ་འོངས་པར་རྒྱ་ནག་དང་དཀའ་ངལ་འཕྲད་སྲིད་པའི་ཡོ་རོབ་མི་སེར་ཚོའི་རང་དབང་ལའང་སྲུང་སྐྱོབ་གནང་མ་ཐུབ་པ་ཞིག་མཚོན་གྱི་ཡོད་པར་སྐྱོན་བརྗོད་དང་སྦྲགས། ཡོ་རོབ་མཐུན་ཚོགས་ཀྱི་རྩ་ཆེར་འཛིན་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ལ་རྒྱ་གཞུང་གིས་མུ་མཐུད་ཁྱད་གསོད་བྱེད་བཞིན་ཡོད་པ་དེ་གསལ་པོ་ཡིན་པ་དེ་ལྟར་ཡང་། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་དེར་གདོང་ལེན་ཇིལྟར་གནང་ཡོད་མེད་ཀྱི་དྲི་བ་ཞིག་རེད་ཅེས་གསུངས་འདུག  

བོད་རིགས་སློབ་ཕྲུག་ཚོར་དམག་སྦྱོང་སྤྲོད་བཞིན་འདུག

རྒྱ་གཞུང་གིས་དེང་སྐབས་བོད་ཀྱི་ས་ཁྱོན་ཡོངས་ནང་བོད་རིགས་སློབ་ཕྲུག་ཚོར་སློབ་གྲྭའི་ནང་དམག་སྦྱོང་འཛིན་གྲྭ་ཞིག་ཚོགས་ནས་དམག་གི་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད་འདུག ཉེ་བའི་ཆར་ཟླ་བ་འདིའིི་ནང་བོད་ཁམས་དཀར་མཛེས་ཁུལ་རྟའུ་རྫོང་ནང་ཡོད་པའི་སློབ་གྲྭ་ཞིག་གི་ནང་དུའང་སློབ་ཕྲུག་ཚོར་དམག་ཆས་གཡོག་ཏེ་དམག་སྦྱོང་སྤྲོད་བཞིན་ཡོད་པ་དང་རྟའུ་རྫོང་ནང་ཡོད་པའི་བོད་པའི་སློབ་གྲྭ་དེའི་ནང་གཟའ་འཁོར་རེར་དམག་སྦྱོང་ཐེངས་གཉིས་རེ་གནང་དགོོས་ཀྱི་ཡོད་པ་རེད་འདུག སློབ་ཕྲུག་ཚོར་དམག་སྦྱོང་ཆེད་དམག་གི་སྒྲིག་ཆས་ཆ་ཚང་ལ་རྒྱ་སྒོར་ ༨༠ རེ་སྤྲད་ནས་ངེས་པར་དུ་ཉོ་དགོས་ཀྱི་ཡོད་པ་དང་། མེ་མདའ་འཕེན་སྟངས། ཆུ་དང་ཤིང་ལ་མཆོང་རྒྱུག་གནང་སྟངས་སོགས་དམག་སྦྱོང་སྣ་ཚོགས་ཤིག་སྦྱོང་བརྡར་སྤྲོད་མུས་རེད་འདུག སློབ་ཕྲུག་ལ་དམག་སྦྱོང་སྤྲོད་པའི་ལམ་ལུགས་དེ་ནི་ཕྱི་ལོ་ ༢༠༡༥ ཙམ་ནས་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་གཏན་འབེབས་འོག་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཡོངས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་ཅིང་དམག་སྦྱོང་སྤྲོད་དོན་ནི་སློབ་ཕྲུག་རྣམས་སློབ་འབྲིང་འཛིན་རིམ་བཅུ་གཉིས་ཐོན་རྗེས་དམག་མིར་ཞུགས་ཚེ་དཀའ་ངལ་མེད་པར་འཛུལ་ཞུགས་ཐུབ་ཆེད་ཡིན་སྐོར་བརྗོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་བོད་མི་ཚོར་རྒྱ་ནག་གི་རྒྱལ་གླུ་བློ་རྒྱུགས་ལེན་བཞིན་པ།

ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་གཞུང་དབུ་བརྙེས་པའི་དུས་ཆེན་ཁེལ་གྱི་ཡོད་པ་བཞིན་འཆར་ལ་ཉེ་བའི་ཉིན་མོ་དེའི་ཆེད་རྒྱ་ནག་གཞུང་གིས་འབོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཁྱོན་ཡོངས་ནང་གནས་པའི་བོད་མི་ཚོར་ཁྱིམ་ཚང་ལ་མིའི་ཆ་རྐྱེན་དང་འདོད་བློ་ཡོད་མེད་ལ་མ་ལྟོས་པར་བཙན་ཤེད་ཀྱི་སྒོ་ནས་རྒྱ་ནག་གི་རྒྱལ་གླུ་རྒྱུགས་སྤྲོད་དང་རྒྱ་ནག་དམར་ཤོག་གཞུང་ལ་བསྟོད་པའི་གླུ་གཞས་སྦྱོང་བརྡར་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད་འདུག བོད་མི་ཚོས་རྒྱ་ནག་དམར་ཤོག་གི་རྒྱལ་གླུ་རྒྱུགས་ཡག་པོ་འཕྲོད་མཁན་ལ་བྱ་དགའ་སྤྲོད་པ་དང་གལ་སྲིད་གླུ་གཞས་སྦྱོང་བརྡར་མ་གནང་བ་བྱུང་ཚེ་རྒྱ་སྒོར་ ༡༠༠ ཡན་གྱི་ཆད་པ་གཅོད་བཞིན་ཡོད་པར་བརྟེན་འཚོ་བའི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག གླུ་གཞས་སྦྱོང་བརྡར་བྱེད་པའི་ལས་འགུལ་དེ་ནི་བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་ལ་གཅིག་གྱུར་ཡིན་ཀྱང་རྒྱལ་གླུ་བློ་རྒྱུགས་སྤྲོད་པ་དེ་ནི་གཙོ་བོ་གཞིས་ཀ་རྩེ་ཁྱབ་ཁོངས་ཁྱོན་ཡོངས་སུ་སྤེལ་བཞིན་ཡོད་པ་རེད་འདུག དེའང་ཕྱི་ཟླ་ ༤ ཚེས་ ༢༦ དང་ ༢༧ ཉིན་རྒྱུགས་སྤྲོད་དང་ཕྱི་ཟླ་ ༥ ཚེས་ ༡ ཉིན་རྒྱུགས་འཕྲོད་པ་རྣམས་རྒྱལ་གླུ་གཏོང་རྒྱུ་དང་གཏམ་བཤད་ཀྱི་ལས་འགུལ་སྤེལ་འདུག དེ་དང་ཕྱོགས་མཚུངས་ལྷ་ས་ཆུ་ཤུལ་ནས་སྣེ་འུར་གནས་སྤོས་བྱས་པའི་གྲོང་མི་ཚོས་ཕྱི་ཟླ་ ༧ ཚེས་ ༡ ཉིན་གུང་ཁྲན་ཏང་གི་བཀའ་དྲིན་འོག་འཚོ་བར་ཡར་རྒྱས་ཕྱིན་པའི་འཁྲབ་སྟོན་གྱི་བྱེད་སྒོ་ཞིག་སྤེལ་འཆར་ཡོད་པ་དང་། སྣེའུ་གྲོང་ཚོའི་འགོ་ཁྲིད་ཀྱིས་ཟླ་ ༧ ཚེས་ ༡ ཉིན་མང་ཚོགས་ཀྱིས་གུང་ཁྲན་ཏང་ལ་བསྟོད་པའི་བྱེད་སྒོའི་ནང་མཉམ་ཞུགས་བྱེད་དགོས་པར་བཙན་བཀའ་བཏང་ཡོད་པ་རེད་འདུག གཞས་གཏང་མ་ཤེས་པའམ་ནད་གཞི་རྐྱེན་པས་གཞས་གཏང་མ་ཐུབ་མཁན་ཚོའི་ངོས་ནས་གྲོང་ཚོའི་འགོ་ཁྲིད་ལ་དགོངས་པ་ཞུ་སྐབས་འགོ་ཁྲིད་ཀྱིས་རྒྱ་སྒོར་ ༥༠༠ ཆད་པ་བཏང་ཡོད་པ་དང་དེ་ནི་ཟླ་རེའི་གླ་ཕོགས་རྒྱ་སྒོར་ ༣༠༠༠ ལས་མེད་པའི་སྣེའུ་གྲོང་མིར་མཚོན་ན་འཚོ་བའི་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

རྒྱ་གཞུང་གིས་བོད་པའི་གྲྭ་བཙུན་རྣམས་ལ་ཉིན་གསུམ་གྱི་ཆབ་སྲིད་སློབ་གསོའི་སྦྱོར་བརྡར་སྤྲད་པ།

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་པའི་གྲྭ་བཙུན་རྣམས་ཆབ་སྲིད་ཐོག་ཡིད་བརྟན་འཕེལ་བ་བཟོ་ཆེད་ཉིན་གསུམ་གྱི་སློབ་གསོའི་སྦྱོང་བརྡར་སྤྲད་འདུག དེ་ཡང་ Global Times ཞེས་པའི་རྒྱ་ནག་གི་བརྒྱུད་ལམ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་གཞུང་གིས་བོད་པའི་གྲྭ་བཙུན་ཚོར་སྤྲད་པའི་ཆབ་སྲིད་སློབ་གསོའི་སྦྱོང་བརྡར་དེ་ཟླ་ ༥ ཚེས་ ༣༡ ཉིན་ནས་ཟླ་ ༦ ཚེས་ ༢ བར་བོད་ཀྱི་རྒྱལ་ས་ལྷ་སར་སྤྲད་འདུག་པ་དང་། བརྒྱུད་རིམ་དེའི་ཁྲོད་གྲྭ་བཙུན་རྣམ་པར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་ཡིད་ཆེས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས་པའི་སྐུལ་འདེད་བྱས་པ་མ་ཟད། ལྷག་དོན་གྲྭ་བཙུན་ཚོའི་ངོས་ནས་བཟང་སྤྱོད་དང་ལྡན་པའི་ཐོག་ཆོས་ཕྱོགས་ཀྱི་གནང་སྒོ་ཡང་དག་སྤེལ་དགོས་པ་དང་གཉན་འཕྲང་ཅན་གྱི་དུས་མཚམས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་པའི་ལས་དོན་གཉེར་དགོས་པ་བཅས་དམིགས་བསལ་དོན་ཚན་བཞི་འབུར་བཏོན་ཐོག་སློབ་གསོ་སྤྲད་འདུག འོན་ཀྱང་སྐབས་དེར་ཆབ་སྲིད་སློབ་གསོའི་སྦྱོར་བརྡར་ནང་གྲྭ་བཙུན་ཇི་ཙམ་མཉམ་ཞུགས་གནང་ཡོད་མེད་ཀྱི་ཞལ་གྲངས་ཁ་གསལ་མེད་པ་རེད། Global Times གསར་ཁང་ལ་པེ་ཅིང་མི་རིགས་གཙུག་ལག་སློབ་ཁང་གི་སློབ་དཔོན་སྐུ་ཞབས་ Xiong Kunxin ཡིས་བོད་དེ་སྲ་བརྟན་གནས་པར་བོད་པའི་དགོན་སྡེ་དེ་དག་གནད་ཆེ་ཆགས་ཀྱི་ཡོད་པ་དང་ད་རེས་ཉིན་གསུམ་གྱི་སྦྱོང་བརྡར་དེའི་ནང་གཏམ་བཤད་བྱེད་མཁན་རྣམས་ནས་བོད་པའི་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བའི་བརྒྱུད་ཁོང་རྣམས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་པ་ཞིག་གནང་དགོས་གལ་གྱི་སློབ་གསོ་སྤྲད་ཡོད་སྐོར་བཤད་འདུག་མ་ཟད། སྦྱོང་བརྡར་སྤྲོད་མཁན་ཁོངས་སུ་བོད་རིགས་ཡོད་རྐྱེན་རྒྱ་གཞུང་གི་ལས་བྱེད་མི་སྣས་སྤྲད་པའི་སྦྱོང་བརྡར་དེ་ལས་ནུས་པ་ཆེས་ལྡན་པ་བྱུང་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག གྲྭ་བཙུན་ཚོར་ཆབ་སྲིད་ཀྱི་སློབ་གསོའི་སྦྱོང་བརྡར་སྤྲོད་མཁན་ཁོངས་སུ་ཡོད་པའི་བོད་རིགས་དེ་དག་ནི་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པར་དགའ་མོས་བྱེད་མཁན་གཞོན་སྐྱེས་གྲྭ་བཙུན་ཁག་ཅིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་བོད་རིགས་པའི་ཞིབ་འཇུག་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཀྲུ་ཤའོ་མིང་གིས་བོད་རིགས་སྦྱོང་བརྡར་སྤྲོད་མཁན་རྣམས་ཆེད་མངགས་གཞུང་གི་སྒྲིག་འཛུགས་དང་གཞི་རིམ་ས་ཞིང་འདེབས་ལས་བྱེད་མཁན། དགེ་རྒན་དང་དགོན་ཁག་གི་ལས་བྱེད་མི་སྣ་ཁོངས་ནས་འདེམས་ཐོན་གནང་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་དེ་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་རྒྱ་ནག་གཞུང་གིས་དེ་སྔོན་ནས་བོད་མིར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་དེར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པར་ནན་བརྗོད་གནང་སོང་། རྩ་བའི་རྒྱ་གཞུང་གིས་ཉེ་བའི་ལོ་ཤས་ནས་བོད་པའི་དགོན་སྡེ་ཁག་གི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་དམ་དྲག་ཤུགས་ཆེ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་པ་བཅས་ཀྱི་བཙན་བཀའ་འདྲ་མིན་གཏོང་མུས་ཁྲོད་ཟླ་ ༥ ཚེས་ ༢༡ ཉིན་བོད་པའི་གྲྭ་བཙུན་རྣམས་ནས་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞིའི་སྐོར་གོ་རྟོགས་ཇི་ཙམ་ཡོད་མེད་ཤེས་རྟོགས་སླད་སེ་ར་དགོན་པར་དགེ་འདུན་པ་ ༤༠༠ ལྷག་ལ་ཁྲིམས་ལུགས་ཤེས་བྱའི་ཡིག་རྒྱུགས་ནང་ཞུགས་བཅུག་པའི་གནས་ཚུལ་ཐོན་ཡོད་པ་རེད། ངག་རྒྱུགས་དང་ཡིག་རྒྱུགས་ཟུང་འབྲེལ་བྱས་ནས་རྒྱུགས་ལེན་ནང་དོན་ཁྲོད་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང། རྒྱུགས་ལེན་གྱི་དམིགས་ཡུལ་གཙོ་བོ་གྲྭ་བཙུན་རྣམས་ནས་སྲིད་བྱུས་ཆུ་ཚད་དང་ཁྲིམས་ལུགས་ཆུ་ཚད། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ནུས་པ་མཐོ་རུ་གཏོང་བ་དང་། ཁོང་ཚོ་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་སྲུང་ཁྲིམས་བརྩི་བྱེད་མཁན་གྱི་གྲྭ་པ་ཞིག་གནང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།

གཞིས་རྩེ་གཉའ་མོ་གྲོང་ཚོའི་ཏང་གི་དྲུང་ཆེ་འཛིནབཟུང་བྱས་འདུག

རྒྱ་གཞུང་གིས་གཞིས་རྩེ་གཉའ་མོ་གྲོང་ཚོའི་ཡུལ་མིར་དྲག་གནོན་དང་མང་ཚོགས་ ༡༤ འཛིན་བཟུང་བྱས་པའི་ཁྲོད་ནས་གྲོང་ཚོའི་ཏང་གི་དྲུང་ཆེ་རྒྱལ་མཚན་གྱིས་གཙོས་གཤམ་འོག་འགོ་ཁྲིད་ཚང་མ་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་རེད། ཏང་གི་དྲུང་ཆེ་དང་ཏང་ཡོན་ལས་བྱེད་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་མང་ཚོགས་ལ་ངན་སྐུལ་དང་འུར་ལངས་བྱེད་བཅུག་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ནས་ཉ་རི་བཙོན་ཁང་དུ་བཀག་ཉར་བྱས་འདུག འཛིན་བཟུང་བྱས་པའི་མི་ ༡༤ དེ་དག་གི་ཁྲོད་ནས་མི་ལྔ་ཉེ་ལམ་ཕྱི་ཚེས་ ༡༨ ཉིན་གློད་བཀྲོལ་བཏང་ཡོད་ཀྱང་གྲོང་ཚོའི་ཏང་གི་དྲུང་ཆེ་དང་དང་གཤམ་འོག་ཏང་གི་འགོ་ཁྲིད་གཞན་རྣམས་ཀྱིས་གཙོས་མི་གཞན་རྣམས་མུ་མཐུད་བཀག་ཉར་བྱས་ཡོད་པ་མ་ཟད་ས་གནས་སུ་མུ་མཐུད་དྲག་གནོན་འོག་གནས་ཡོད་པ་རེད་འདུག ས་གནས་ལ་དོན་རྐྱེན་དེ་བྱུང་རྗེས་རྣམ་གླིང་ཤན་ནམ་ཡུལ་ཚོར་བདེ་འཇགས་ཀྱི་ཚད་གཞི་མ་ལོན་པར་རྩིས་ཏེ་ལོ་རེའི་དཔེ་བཟང་གི་བྱ་དགའ་སྤྲོད་པའི་བྱེད་སྒོ་དེ་ཡང་མེད་པ་བཟོ་འཆར་ཡོད་པ་རེད་འདུག སྤྱིར་གོང་གསལ་དོན་རྐྱེན་དེ་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་། རྡོ་རྗེ་ཤང་། གཉའ་མོ་གྲོང་ཚོའི་ནང་ཕྱི་ལོ་ ༢༠༡༦ ལོར་རྒས་མི་ཞིག་ལྐོག་བསད་བཏང་བའི་མི་བསད་གྱོད་གཞི་ཞིག་བྱུང་ཡོད་ཅིང་ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པས་མི་གསོད་མཁན་གྱི་ཉེས་ཅན་པའི་ལག་ནས་ལྐོག་རྔན་བླངས་ཏེ་མི་གསོད་མཁན་ཉེས་ཅན་པ་འགེབས་སྲུང་བྱས་པ་མ་ཟད། མི་ཤི་མཁན་གྱི་ནང་མི་འཛིན་བཟུང་དང་ཉེས་རྡུང་དྲག་པོ་བཏང་ནས་ད་བར་གནད་དོན་དེར་དྲང་བདེན་གྱི་ཐག་གཅོད་ཡང་དག་པ་མ་བྱས་པར་བརྟེན་འདི་ལོ་ཕྱི་ལོ་  ༢༠༡༨ ཟླ་ ༥ ཚེས་ ༦ ཉིན་གཉའ་མོ་གྲོང་ཚོར་ཁྱིམ་ཚང་ ༡༨༢ ཡོད་པའི་མང་ཚོགས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་སྲིད་གཞུང་ནས་དྲང་བདེན་གྱི་ཐག་གཅོད་མ་བྱས་པ་དེར་རྫོང་ལས་བྱེད་ལ་སླར་ཡང་ཞུ་རྒོལ་གནང་སྟབས། རྫོང་ཉེན་རྟོག་པའི་རླངས་འཁོར་དང་བཙོན་པ་བཅུག་སའི་རླངས་འཁོར་བཅས་ཁྱོན་རླངས་འཁོར་ ༣༢ འབྱོར་ཏེ་མང་ཚོགས་ཐོག་དྲག་གནོན་བྱས་པ་མ་ཟད་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཆབ་སྲིད་ཀྱི་ཞྭ་་མོ་གཡོག་པ་དང་མང་ཚོགས་ཀྱི་དྲང་བདེན་ལས་འགུལ་དེ་ཆབ་སྲིད་གནད་དོན་ཡིན་པར་འགྲེལ་བརྗོད་བྱས་ཏེ་ཟླ་ ༥ ཚེས་ ༨ ཉིན་གྲོང་ཚོའི་འགོ་ཁྲིད་གཙོས་པའི་ཏང་ཡོན་ལས་བྱེད་དང་གྲོང་མང་ཚོགས་བཅས་མི་  ༡༤ འཛིན་བཟུང་གིས་བཙོན་འཇུག་བྱས་པའི་ཛ་དྲག་གནས་ཚུལ་ཐོན་ཡོད་པ་རེད། གྲོང་ཚོ་དེའི་ཡུལ་མི་ཚང་མས་འཛིན་བཟུང་བྱས་པའི་མི་རྣམས་གློད་བཀྲོལ་དགོས་པ་དང་གལ་ཏེ་གློད་བཀྲོལ་མ་གཏང་ཚེ་ཁོ་ཚོས་ད་ལོ་ས་ཞིང་འདེབས་ལས་གནང་རྒྱུ་མིན་པ་དང་གྲོང་ཚོའི་ཡུལ་མི་ཚང་མ་མཉམ་དུ་བཙོན་འཇུག་བྱེད་དགོས་པའི་དགོས་འདུན་བཏོན་ནས་ས་ཞིང་འདེབས་ལས་མཚམས་འཇོག་བྱས་ཡོད་འདུག ས་གནས་རྒྱ་གཞུང་གི་སྲིད་གཞུང་གིས་གོང་གི་གནད་དོན་དེ་མི་གཞན་དང་ཕྱིར་ཕྱོགས་ལ་འགྲེལ་བརྗོད་བྱེད་མི་ཆོག་པར་གསང་དགོས་པའི་བཀའ་རྒྱ་བཏང་བ་དང་། ཕྱི་ལ་གནད་དེ་བཤད་པ་ཤེས་རྟོགས་བྱུང་ཚེ་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་འདུག ལྷག་དོན་ས་གནས་སུ་ཉེན་རྟོག་པ་དང་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་ས་གནས་ལ་དམ་དྲག་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད་འདུག

བོད་རང་སྐྱོང་ལྗོངས་ཁྱབ་ཁོངས་སུ་ཏང་ཡོན་དང་ལས་ཁུངས་ལས་བྱེད་ཚོ་ས་ག་ཟླ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ།

རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་གཙོ་གྱུར་གཞིས་ཀ་རྩེ་དང་ནག་ཆུ་སོགས་བོད་རང་སྐྱོང་ལྗོངས་ཀྱི་མངའ་འོག་ལས་ཁུངས་ཁག་གི་ལས་བྱེད་དང་གུང་ཁྲན་ཏང་ཡོན་རྒས་ཡོལ་ལས་བྱེད་བཅས་ནས་ས་ག་ཟླ་བའི་སྐབས་དགོན་པར་མཆོད་མཇལ་དང་གླིང་སྐོར་འགྲོ་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་བ་མ་ཟད་གལ་སྲིད་མཆོད་མཇལ་དང་གླིང་སྐོར་ལ་འགྲོ་བ་སོགས་ཤེས་རྟོགས་བྱུང་ཚེ་ལྐོག་ལ་བརྙན་པར་བླངས་ཏེ་ལས་བྱེད་ཡིན་ན་ལས་ཁུངས་ནས་ཕྱིར་ཕུད་དང་། རྒས་ཡོལ་ཡིན་ན་རྒས་ཡོལ་གྱི་ཐོབ་ཐང་ཁག་མེད་པ་བཟོ་རྒྱུ།  དེ་ལྟར་མ་བྱུང་ཚེ་གཞུང་གི་ལས་ཁུངས་ལ་ཡོད་པའི་བུ་ཕྲུག་ཚོ་ལས་ཀ་ནས་ཕྱིར་ཕུད་གཏང་རྒྱུའི་བཀའ་རྒྱ་བཀྲམས་ཡོད་པ་རེད་འདུག་ གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ཕྱི་ལོ་ ༢༠༡༧ དང་ ༢༠༡༦ ལོར་རྒས་ཡོལ་ལས་བྱེད་ཁག་ཅིག་དེ་སྔ་གླིང་སྐོར་དང་མཆོད་མཇལ་ལ་ཕྱིན་པ་ཤེས་རྟོགས་བྱུང་རྗེས་རྒས་ཡོལ་གླ་ཕོགས་བཅད་པའི་དཀའ་ངལ་དངོས་སུ་འཕྲད་ཡོད་པ་མ་ཟད་ལས་བྱེད་ཀྱི་གླ་ཕོགས་དུས་རྒྱུན་དངུལ་ཁང་གི་བྱང་བུ་བརྒྱུད་འབྱོར་གྱི་ཡོད་རུང་རྗེས་སུ་འབྱོར་གྱི་མེད་སྟབས་རྒྱུ་མཚན་ཇི་ཡིན་ལས་ཁུངས་ལ་རྩད་གཅོད་གནང་སྐབས་ཁྱེད་རང་གིས་ཟླ་བ་དང་ཚེས་གྲངས་འདི་འདྲ་ཞིག་ལ་གླིང་སྐོར་དང་ཡང་ན་མཆོད་མཇལ་ལ་ཕྱིན་འདུག་ཅེས་ལྐོག་ལ་བརྒྱབ་པའི་བརྙན་པར་དང་བཅས་དཔང་རྟགས་ཐོག་འགྲེལ་བརྗོད་བྱས་པ་བྱུང་འདུག བཀའ་རྒྱ་དེ་ནི་ལས་ཁུངས་ཁག་ཏུ་བཀྲམས་པ་མ་གཏོགས་མངོན་གསལ་དོད་པོས་ཕྱི་ཕྱོགས་ལ་བཀྲམས་མེད་སྟབས་རྒྱ་ཆེའི་མང་ཚོགས་ནས་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། དེང་སྐབས་བོད་ནང་ཧོབ་དེ་ཁ་ལ་བལྟ་ཚེ་འཕྲུལ་འཁོར་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཕྱིའི་རྣམ་པ་མཛེས་པོ་དང་ཡར་རྒྱས་ཀྱི་རྣམ་པ་ཡོད་ཀྱང་ནང་གི་གནས་སྟངས་ནི་ལོ་རེ་ནས་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། ཞིང་འབྲོག་གྲོང་ཁྱེར་དུ་སྤོས་བཅུག་པ་སོགས་ཞི་ལྷོད་ངང་འཚོ་བ་སྐྱེལ་ཐབས་མེད་པ་རེད་འདུག

རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བོད་མི་ཚོར་བཙན་གཡེམ་དང་མནར་གཅོད་གཏོང་བཞིན་པ་མངོན་གསལ།

རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་སློབ་གསོའི་མིང་ཐོག་ནས་སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་མང་པོ་ཆེད་འཛུགས་བྱས་ཡོད་པའི་ནང་བོད་མི་ཚོར་འཇིགས་སྐུལ་གྱིས་མནར་གཅོད་དང་བཙན་གཡེམ་གཏོང་བཞིན་པ་མངོན་གསལ་གནང་འདུག དེ་ཡང་ཉེ་ཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་མཚན་བརྗོད་འདོད་མེད་པའི་དགེ་འདུན་པ་ཞིག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་བྲིས་པའི་ཁོང་གི་ཉིན་ཐོ་བརྒྱུད་སྤྲོད་གནང་བའི་ནང་འདས་པའི་ལོ་ཤས་ནང་རྒྱ་གཞུང་གིས་བོད་ནང་ཁྲིམས་མེད་ལུགས་མེད་ཀྱི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་མང་དག་ཞིག་ཆེད་འཛུགས་བྱས་ཡོད་པ་དང་དེ་དག་གི་ནང་བོད་མི་ཚོར་བཙན་གཡེམ་དང་མནར་གཅོད་གཏོང་བཞིན་པ་སོགས་ཀྱི་གནས་སྟངས་སྐོར་མངོན་གསལ་གནང་འདུག དགེ་འདུན་པ་ཁོང་གིས་གནས་ཚུལ་བརྒྱུད་སྤྲོད་གནང་བའི་བརྒྱུད་དེ་སྔ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནས་བོད་ཀྱི་ས་ཁུལ་གཞན་ནང་སློབ་གཉེར་གནང་བར་ཕེབས་མཁན་དགེ་འདུན་པ་དང་བཙུན་མ་རྣམས་བཙན་དབང་ཐོག་རང་གི་ཕ་ཡུལ་དུ་ཕྱིར་ལོག་བྱེད་དུ་བཅུག་པ་དང། ཕྱིར་ལོག་གནང་རྗེས་ཁོང་རྣམས་ལ་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བཞུགས་བཅུག་པ་མ་ཟད། ལྟེ་གནས་ཁང་དེ་དག་ནས་གློད་བཀྲོལ་ཐོབ་རྗེས་གྲྭ་ཆས་གྱོན་མི་ཆོག་པ་དང། དགོན་པ་དང་སློབ་གཉེར་ཁང་གཞན་གྱི་ནང་དུ་ཞུགས་མི་ཆོག་པའི་དམ་དྲག་བྱེད་མུས་ཀྱི་གནས་ཚུལ་ཐོན་པ་རྣམས་བདེན་དཔང་ར་སྤྲོད་བྱུང་འདུག དགེ་འདུན་པ་དེས་ཁོང་དེ་སྔོན་ཟླ་བ་ ༤ ཙམ་རིང་བོད་ནག་ཆུ་ཁུལ་སོག་རྫོང་དུ་རྒྱ་གཞུང་གི་ཆེད་འཛུགས་བྱས་པའི་ཆབ་སྲིད་སློབ་གསོ་ལྟེ་གནས་ཁང་དུ་བཙན་དབང་ཐོག་བཞུགས་རིང་རང་གི་མྱོང་བ་རྣམས་ཉིན་ཐོར་བཀོད་ཡོད་པ་རེད་འདུག རྩ་བའི་དགེ་འདུན་པ་ཁོང་ནི་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ཁུལ་སོག་རྫོང་ནས་ཡིན་ཞིང། འདས་པའི་ལོ་ཤས་ནང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་རྣམས་བོད་ཀྱི་ས་ཁུལ་གཞན་གྱི་དགོན་སྡེ་ཁག་ཏུ་སློབ་གཉེར་གནང་མི་ཆོག་པའི་བཙན་བཀའ་བཏང་རྐྱེན་བོད་མཚོ་སྔོན་ཁུལ་ནས་ཕྱིར་ལོག་གནང་གྲས་ཆགས་ཀྱི་འདུག ཁོང་གི་ཉིན་ཐོའི་ནང་ཁོང་ནས་མཚོ་སྔོན་ནང་དུ་སློབ་གཉེར་གནང་ཆེད་དུ་བསྐྱོད་པ་ལས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༣ ཉིན་རྒྱགཞུང་ཉེན་རྟོག་པས་ཁོང་རང་གི་ཕ་ཡུལ་དུ་བཙན་ཁྲིད་བྱས་ཡོད་པ་དང། སྐབས་དེར་རྒྱ་གཞུང་གི་བཀོད་ཁྱབ་ནང་ཁོང་ཕྱིར་ལོག་མ་གནང་ཚེ་ཁོང་གི་ཕ་མ་དང་སྤུན་མཆེད། ནང་མི་སོགས་འཛིན་བཟུང་བྱ་རྒྱུའི་བཙན་བཀའ་བཏང་ཡོད་པ་མ་ཟད་ནང་མིའི་བྱིས་པ་རྣམས་སློབ་གྲྭར་འགྲོ་མི་ཆོག་པ་དང་། དབྱུར་རྩ་དགུན་བུ་བརྐོ་མི་ཆོག་པ་བཟོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་ལྟར་ཁོང་ཕྱིར་ལོག་མ་གནང་ཐབས་མེད་ཀྱི་གནས་སྟངས་བྱུང་ཡོད་པ་གསུངས་འདུག

འཇར་མན་སྲིད་བློན་ལྕམ་ Angela Merkel མཆོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་བཟའ་ཟླ་དང་ཐུག་འཕྲད།

རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་འཇར་མ་ནི་རྒྱལ་ཁབ་ཀྱི་སྲིད་བློན་ལྕམ་ Angela Merkel མཆོག་ནས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེ་འཛིན་བཞིན་པ་མངོན་གསལ་གནང་ཆེད་ཟླ་ ༥ ཚེས་ ༢༤ ཉིན་དུས་ཚོད་དམིགས་བསལ་བཀོད་སྒྲིག་མ་གནང་པར་རྒྱ་ནག་གི་བཙོན་ཁང་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་ Wang Quanzhang ལགས་ཀྱི་ལྕམ་ Li Wenzu ལགས་དང་སྐུ་ཞབས་ Yu Wensheng ལགས་ཀྱི་ལྕམ་ Xu Yan ལགས་དང་ཐུག་འཕྲད་གནང་འདུག ཉི་ཧོང་གི་ The Asahi Shimbum གྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལྕམ་ Merkel མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་བཟའ་ཟླ་རྣམ་གཉིས་དང་མཇལ་འཕྲད་གནང་སྐབས་ཁོང་རྣམ་གཉིས་ནས་ལྕམ་ Merkel མཆོག་ལ་རང་ཉིད་ཀྱི་བཟའ་ཟླ་དང་ནང་མི་རྣམས་ཀྱི་གནས་སྟངས་ཐོག་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་འདུག རྩ་བའི་ལོ་ན་ ༤༢ སོན་པའི་སྐུ་ཞབས་ Wang Quanzhang ལགས་ལ་མཚོན་ན་ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་རྒྱ་གཞུང་གིས་ཡུལ་དེའི་ཁྲིམས་རྩོད་པ་རྣམས་ལ་དྲག་གནོན་ཤུགས་ཆེ་བྱས་པའི་ཁྲོད་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། དེ་བཞིན་ལོ་ན་ ༥༠ ལ་སོན་པའི་སྐུ་ཞབས་ Yu Wensheng ལགས་ནི་ཕྱི་ལོ་ ༢༠༡༨ ཟླ་ ༡ པོའི་ནང་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་དགོས་པའི་བསྒྲགས་གཏམ་ཞིག་འགྲེམས་སྤེལ་གནང་རྐྱེན་འཛིན་བཟུང་བྱས་པ་དང་ཟླ་ ༤ པའི་ནང་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་དོགས་ཟོན་འོག་འཛིན་བཟུང་བྱས་ཡོད་པ་རེད། ད་རེས་ལྕམ་ Merkel མཆོག་ནས་རྒྱ་རིགས་ཁྲིམས་རྩོད་པ་རྣམ་གཉིས་ཀྱི་བཟའ་ཟླ་དང་ལྷན་ཐུག་འཕྲད་གནང་རྗེས། རྒྱལ་སྤྱིའི་ཁྲོད་དེ་སྔོན་རྒྱ་ནག་གི་དོ་དམ་འོག་འདས་གྲོངས་སུ་གྱུར་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་ཀྱི་བཟའ་ཟླ་ལྕམ་ Liu Xia ལགས་སུ་བྱ་སྤྱོད་ཇི་ལྟར་སྤེལ་ཚུལ་ཐོག་ཐུགས་སྣང་ཆེན་པོ་གནང་གཞི་ཞིག་ཆགས་ཡོད་པ་རེད། གནས་ཚུལ་ཐོན་ཁག་ལ་གཞིགས་ན་ལྕམ་ Liu Xia ལགས་ཀྱི་འཕྲོད་བསྟེན་གྱི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང། ཁོང་གིས་རང་ཉིད་འཇར་མ་ནི་ལ་གཞིས་སྤོ་བྱ་རྒྱུའི་མངོན་འདོད་ཡོད་པ་གསལ་བཏོན་གནང་ཡོད་པ་རེད་འདུག གཞི་རྩའི་ལྕམ་ Merkel མཆོག་ནས་དེ་སྔ་རྒྱ་ནག་ཏུ་འཚམས་གཟིགས་སྐབས་ Liu Xia ལགས་དང་ཐུག་འཕྲད་གནང་མྱོང་ཡོད་པ་དང། ཁོང་གིས་ད་རེས་ཀྱི་འཚམས་གཟིགས་དེའི་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་སྲིད་བློན་ Li Keqiang གཉིས་དང་མཇལ་འཕྲད་གནང་ཡོད་ཀྱང་། Liu Xia ལགས་ཀྱི་གནད་དོན་སྐོར་གླེང་མོལ་གནང་ཡོད་མེད་གསལ་བཏོན་གང་ཡང་གནང་མི་འདུག འོན་ཀྱང་ཟླ་བ་འདིའི་ཚེས་ ༢༤ ཉིན་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་རྒྱ་ནག་གི་སྲིད་བློན་ Le Keqiang ལ་ Liu Xia ལགས་ཀྱི་གནད་དོན་སྐོར་དྲིས་སྐབས་ Le Keqiang ཡིས་ང་ཚོས་འཇར་མ་ནི་དང་ལྷན་དུ་ཁྲིམས་ཀྱི་ཚད་གཞི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་ལངས་ཕྱོགས་གཞིར་བཟུང་བཀའ་མོལ་གནང་རྒྱུ་དང་འབྲེལ། མི་སྒེར་གྱི་གནད་དོན་ཐོག་ཕན་ཚུན་དབར་གུས་བརྩི་དང་དཔུང་པ་མཉམ་གཤིགས་ཐོག་གྲོས་བསྡུར་ཞུ་རྒྱུ་ཡིན་ཞེས་བཤད་འདུག

Latest news