Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གྲོས་མོལ་སླད་བོད་ནང་ཕེབས་འདུག

ཡུ་རོབ་རྒྱལ་ཁབ་འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Barbel Kofler ལགས་བོད་དུ་ཆེད་ཕེབས་དང་འབྲེལ། དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་རྒྱ་ནག་དང་འཇར་མ་ནི་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་ལ་གྲོས་མོལ་གནང་རྒྱུ་རེད་འདུག དེ་ཡང་ཁ་སང་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ལྕམ་སྐུ་ Kofler ལགས་ནས་ཐོག་མའི་འཆར་རྒྱལ་ཁབ་གཉིས་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ལས་རིམ་དེ་ཤིན་ཅང་དུ་གནང་རྒྱུ་བྱས་ཡོད་ནའང། རྒྱ་ནག་གཞུང་ནས་ཁོང་ལ་ཁུལ་དེར་བསྐྱོད་རྒྱུའི་ཆོག་མཆན་ཕུལ་མེད་སྟབས། ད་ཆ་གྲོལ་མོལ་དེ་བོད་ལ་འཚོགས་རྒྱུ་ཐུགས་གཏན་ཁེལ་བ་བཞིན་ཁོང་ཁ་སང་པེ་ཅིང་ནས་ལྷ་སར་ཆེད་ཕེབས་གནང་འདུག རྩ་བའི་རྒྱ་ནག་དང་འཇར་མ་ནི་ཕྱོགས་གཉིས་བར་ཕྱི་ལོ་ ༢༠༡༦ ལོར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་བྱུང་ཡོད་ཅིང། ཕྱི་ལོ་ ༢༠༡༧ ལོར་དེ་འབྲེལ་གྲོས་མོལ་དེ་རྒྱ་གཞུང་ནས་ཕྱིར་འཐེན་བྱས་ཡོད་པ་རེད། ལྕམ་སྐུ་Kofler ལགས་ཀྱིས་ཕྱི་ཚེས་ ༤ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང། ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་ཐོག་ཐུགས་ཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། རྒྱ་གཞུང་དང་ལྷན་དུ་གདོང་ཐུག་སྒོ་ནས་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་དེ་གལ་ཆེ་ཞིག་ཡིན་པར་ཡིད་ཆེས་ཡོད་སྟབས། ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་ཐོག་མི་མཐུན་པའི་གནད་དོན་སྦས་གསང་མེད་པའི་ངང་གྲོས་མོལ་གནང་ཐུབ་པ་ལྟར། ད་རེས་ལོ་གཅིག་རྗེས་སླར་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གྲོས་མོལ་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་སྐོར་འགྲེལ་བརྗོད་གནང་ཡོད། ཁོང་གིས་བོད་ནང་རྒྱ་གཞུང་གི་ཆེས་དམ་དྲག་འོག་ཆོས་དད་རང་དབང་མེད་པ་དང་། དེ་བཞིན་བོད་མི་རྣམས་ལ་རྒྱ་ནག་གི་རྒྱལ་ཞེན་གྱི་སློབ་གསོ་སྤྲད་པ་མ་ཟད། ནང་མི་གཅིག་གིས་ཉེས་པ་གང་བསགས་པའི་ཉེས་ཆད་དེ་སྤུན་ཉེ་འབྲེལ་ཡོངས་ལ་བཅད་རྒྱུ་སོགས་ཀྱི་ཛ་དྲག་གི་གནས་སྟངས་འོག ད་རེས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་གྲོས་མོལ་ལས་རིམ་དེ་བོད་ནང་འཚོགས་གཏན་ཁེལ་བ་དེ་འཚམས་པོ་བྱུང་ཡོད་སྐོར་གསུང་པ་མ་ཟད། ཁོང་གི་ངོས་ནས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་བབས་ཐོག་ཐུགས་ཚབ་ཆེན་པོ་གནང་བཞིན་ཡོད་པར་གསུངས་འདུག གཞི་རྩའི་འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་ Kofler མཆོག་ཡུལ་དེའི་སྲིད་འཛིན་ Frank-Walter Steinmeier མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་དང་ལྷན་ཟླ་བ་འདིའི་ཚེས་ ༤ ནས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཡོད་པ་དང། ཁོང་གི་ཐེངས་འདིའི་ཕྱོགས་བསྐྱོད་ཁྲོད་ཤིན་ཅང་ཁུལ་དུ་ཕེབས་འཆར་ཡོད་ཀྱང་། རྒྱ་གཞུང་ནས་དེ་འབྲེལ་ཆོག་མཆན་སྤྲད་མེད་པ་རེད། ལྕམ་སྐུ་མཆོག་གིས་རང་ཉིད་ཤིན་ཅང་ཁུལ་དུ་ཕེབས་འདོད་ཡོད་པ་དང། ཤིན་ཅང་ལ་མཚོན་ན་རྒྱ་གཞུང་གིས་ཁ་ཆེ་ཡུ་གུར་གྲངས་ཉུང་མི་རིགས་ས་ཡ་གཅིག་ཡས་མས་ཙམ་ཞིག་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲད་དེ་བཀག་བསྐྱིལ་བྱེད་བཞིན་པའི་ཁྲོད་ཁ་ཆེ་ཡུ་གུར་མི་རིགས་ཐོག་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་སྤེལ་བའི་སྙན་ཐོ་མཐོང་དུས་ཧང་སང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་སྦྲགས། རང་ཉིད་ནས་ཤིན་ཅང་ཁུལ་དུ་འཚམས་གཟིགས་ཐད་མུ་མཐུད་ནས་ཆོག་མཆན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

རྒྱ་ནག་གིས་བོད་དང་ཤིན་ཅང་གི་ས་ཁུལ་དུ་མཁའ་ལམ་མྱུལ་ཞིབ་ཀྱི་འཕྲུལ་ཆས་གསར་པ་གཏོང་འཆར།

དེ་རིང་ Asia Time ཞེས་པའི་དྲྭ་གནས་ཐོག་གསར་འགྱུར་ཐོན་པར་གཞིགས་ཚེ་རྒྱ་ནག་གིས་བོད་མཐོ་སྒང་དང་ཤིན་ཅང་གི་ས་ཁུལ་དུ་དམག་དོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་གསར་པ་ཞིག་ཤར་གཏོང་བྱེད་འཆར་ཡོད་པ་འཁོད་འདུག དེ་ཡང་ Aviation industry corporation ཞེས་པའི་རྒྱ་ནག་གི་མཁའ་འགྲུལ་བཟོ་ལས་ཁང་གིས་ནམ་མཁའ་ནས་དམག་དོན་མྱུལ་ཞིབ་དང་ལྟ་སྲུང་བྱས་ཏེ་ཐད་ཀར་པར་ལེན་ཐུབ་པའི་གནམ་འཕུར་གྱི་འཕྲུལ་ཆས་གསར་པ་ཞིག་གསར་གཏོད་བྱས་ནས་ཉེ་ཆར་ Zhuhai ས་གནས་སུ་ཚོད་ལྟ་བྱས་འདུག དེ་བཞིན་ Global Time གསར་ཁང་གིས་རྒྱ་ནག་གི་དམག་དོན་མྱུལ་ཞིབ་ཀྱི་མཁའ་འཕུར་གྱི་འཕྲུལ་ཆས་གསར་པ་དེ་ས་ངོས་ནས་མཐོ་ཚད་རྨིད་ ༩༠༠༠ ལྷག་གི་མཐོ་སར་འཕུར་ཐུབ་པ་མ་ཟད། ཆུ་ཚོད་གཅིག་གི་ནང་སྤྱི་ལེ་གྲུ་བཞི་མ ༣༧༠ ལྷག་ལ་འཕུར་ཐུབ་པའི་མགྱོགས་ཚད་ལྡན་པ་ཞིག་གསར་གཏོད་ཀྱིས་རི་བོ་ཇོ་མོ་གླིང་མར་ཚོད་ལྟ་བྱས་ཏེ་མཐོ་ཚད་རྨིད་ ༨༠༠༠ འཕུར་ཡོད་པ་འཁོད་ཡོད་འདུག དེ་ལྟ་བུའི་གསང་མྱུལ་རྟོག་ཞིབ་ཀྱི་འཕྲུལ་ཆས་དེའི་གཤོག་འོག་ཏུ་གོ་མཚོན་ལྡུག་སའི་སྟོང་ཆ་ ༦ ཡོད་པས་མེ་སྒྱོགས་སོགས་ནམ་མཁར་སྐྱེལ་འདྲེན་བྱེད་ཐུབ་པའི་ནུས་པ་ཡོད་པ་དང་དེ་བཞིན་བརྙན་མིག་བརྒྱུད་ནས་ཐག་རིང་གི་དངོས་པོ་སོགས་ཤེས་རྟོགས་ཐུབ་པ། དམག་འཐབ་ཀྱི་ཁྲོད་དུ་འབྲེལ་ལམ་གྱི་བརྡ་སྐྱེལ་བྱེད་ཐུབ་པ་སོགས་ཀྱི་ཁྱད་ཆོས་མང་དག་ལྡན་ཡོད་པ་རེད་འདུག རྒྱ་ནག་གི་མཐའ་མཚམས་ཁག་ཏུ་སྤྱི་ལེ་གྲུ་བཞི་མ་ ༢༢༠༠༠ ལྷག་གི་ས་མཚམས་ནི་ཀྱག་ཀྱོག་ཆེ་བའི་བོད་དང་ཤིན་ཅང་གི་ས་འབྲེལ་དུ་འཁེལ་ཡོད་པར་བརྟེན་རྒྱ་ནག་གི་མཐའ་སྲུང་བ་དག་གི་གནས་བབ་ནི་ཉེན་ཁ་རང་བཞིན་ཞིག་ཆགས་ཡོད་ཀྱང་། ད་ཆ་རྒྱ་ནག་གིས་དམག་དོན་མྱུལ་ཞིབ་ཀྱི་གནམ་འཕུར་འཕྲུལ་ཆས་གསར་པ་དེ་སྤྱོད་རྩིས་ཡོད་སྟབས། མཐའ་མཚམས་མྱུལ་ཞིབ་དང་འཇིགས་སྐུལ་རིང་ལུགས་རྒོལ་རྡུང་གི་ལས་གཞི་དེ་སྟབས་བདེར་འགྱུར་རྒྱུ་ཡིན་པ་རེད་ཅེས་འཁོད་འདུག

ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དགོངས་པ་རྫོགས་འདུག

མི་ལོ་ ༣༣ རིང་རྒྱ་གཞུང་གིས་ཆེས་དྲག་གནོན་འོག་མི་སྤྱོད་ལས་འདས་པའི་བཙོན་འཇུག་ཁྲིམས་ཆད་མྱངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། དེའང་དེ་རིང་ཟླ་ ༡༡ ཚེས་ ༣༠ ཉིན་བཞུགས་སྒར་དྷ་རྨ་ས་ལར་རྟེན་གཞི་བྱས་པའི་དབུས་བདེ་ལེགས་སྨན་ཁང་དུ་སྔ་དྲོ་ཚོུད་ ༧༌༡༠ སྟེང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དགུང་ལོ་ ༨༦ ཐོག་མཆིན་སྐྲན་དབང་གིས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དེ་རིང་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཚོགས་སྐྱིད་ཁག་གིས་ཀྱང་ངོ་དེབ་དང་ Instagram དེ་བཞིན་ Twitter སོགས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་མྱ་ངན་གུས་འདུད་དང་ཐུགས་གསོའི་གསུང་འཕྲིན་སོགས་ཀྱང་སྤེལ་འདུགལྷག་པར་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དམ་པ་ཁོང་ནི་སྒྲིག་འཛུགས་དེ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁྱད་པར་དུ་དམ་པ་ཁོང་གིས་ང་རང་ད་ལྟ་འཚོ་གནས་ཐུབ་པ་ནི་གཞོན་ལྷན་ནས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ཕྱག་ལས་གནང་བར་བརྟེན་ནས་ཡིན་པ་བསྐྱར་ནན་གསུངས་སྐོར་དྲན་གསོ་ཞུས་པ་དང་སྦྲགས་ཏེ། རྒྱལ་གཅེས་པ་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་ཞུས་འདུག རྩ་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དམ་པ་དེ་ཉིད་པ་སྣམ་ཡུལ་དུ་ཕྱི་ལོ་ ༡༩༣༢ ལོར་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༤༣ ལོར་དགའ་གདོང་དགོན་དུ་གྲྭ་ཞུགས་གནང་ཡོད། རྒྱ་དམར་པོས་བོད་དུ་བཙན་འཛུལ་བྱས་རྗེས་ཁོང་དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་དུ་གྲྭ་ཞུགས་གནང་འདུག ཕྱི་ལོ་ ༡༩༥༩ ལོར་བོད་ནང་བོད་མི་ཚོས་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་རྗེས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཡོད་པ་ལྟར། མི་ལོ་ ༣༣ རིང་བཙོན་འཇུག་འོག་བཀག་བསྐྱིལ་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༩༢ ལོར་ཁོང་བཙོན་གྲོལ་ཐོབ་ཡོད་པ་དང་བྱེས་སུ་ཕེབས་འབྱོར་རྗེས་ཁོང་གིས་བོད་ནང་གི་གནས་སྟངས་དངོས་ཡོད་མངོན་པའི་གངས་འོག་གི་མེ་ལྕེ་ཞེས་པའི་ཕྱག་དེབ་ལྗགས་རྩོམ་གནང་ཡོད་པ་དང་དེ་བཞིན་སྐད་ཡིག་དུ་མའི་ནང་ཕབ་བསྒྱུར་གནང་ཡོད།དམ་པ་ཁོང་ཨ་རིས་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕེབས་ནས་བོད་ནང་བོད་མི་ཚོར་རྒྱ་གཞུང་གིས་ཆེས་དམ་དྲག་འོག་བཙོན་འཇུག་གི་དཀའ་སྡུག་ཇི་ལྟར་མྱངས་དང་མྱོང་མུས་ཀྱི་བདེན་དཔང་ལྟར་བུར་གྱུར་ཡོད། ལྷག་དོན་ཕྱི་ལོ་ ༡༩༩༨ ལོར་ཁོང་ལ་ཁེ་ན་ཌའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ John  Humphrey Freedom Award  ཞེས་པའི་རང་དབང་གི་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཁོང་གིས་ Oslo Freedom Forum ཞེས་པའི་ཨོས་ལོའི་རང་དབང་གླེང་སྟེགས་དབུ་འབྱེད་ཐོག་གསུང་བཤད་གནང་མྱོང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་དེ་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དགོངས་པ་རྫོགས་པ་དང་འབྲེལ། དེ་སྔ་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་རྒྱ་གཞུང་ལ་ངོ་རྒོལ་གནང་རྐྱེན་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་ཟུར་གྲྭ་ངག་དབང་འོད་འབར་ལགས་སུ་དཔལ་ལྡན་རྒྱ་མཚོ་ལགས་དམ་པའི་སྐོར་བཀའ་འདྲི་ཞུས་ཡོད། དེ་བཞིན་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དམ་པ་དེ་ཉིད་དགོངས་པ་མ་རྫོགས་པའི་གཟའ་འཁོར་གཉིས་ཙམ་གྱི་གོང་ལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུས་རྒྱུན་ཁག་གཅིག་གཟིམ་ཤག་ཏུ་ཆེད་བཅར་ཞུས་ཡོད་པ་རེད།  

བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་རྒྱལ་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཚུད་པ།

རྒྱ་ནག་གིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ལུམས་བཅོས་དེ་UNESCO འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྲུང་སྐྱོབ་སྡེ་ཚབ་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་འོག་ཏུ་ཡོད་པའི་ Intangible Cultural Heritage ཞེས་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་དེབ་སྐྱེལ་སླད་ཞུ་སྙན་ཕུལ་བ་ལྟར་ཁ་སང་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ལུམས་བཅོས་དེ་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་ངོས་ལེན་གནང་འདུག ཁ་སང་རྒྱ་ནག་གི་ CGTN གསར་ཁང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་ཟླ་ ༡༡ ཚེས་ ༢༦ ནས་འགོ་འཛུགས་ཀྱིས་ཟླ་ ༡༢ ཚེས་ ༡ བར་ལྷོ་ཨ་ཕི་རི་ཀའི་གླིང་ཕྲན་ནང་ཆགས་པའི་ Mauritius སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Port Louis ནང་རྒྱལ་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཐད་ཚོགས་འདུ་ཐེངས་ ༡༣ པ་འཚོགས་བཞིན་པ་ལྟར་བོད་ལུགས་གསོ་རིག་གི་དཔྱད་བཅོས་ལས་ལུམས་བཅོས་དེ་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ངོས་ལེན་བྱས་འདུགབོད་ནང་གི་གསར་འགྱུར་གཞན་ཁག་གཅིག་གི་ནང་ད་རེས་ལུམས་བཅོས་དེ་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཚུད་པ་དེས་རྒྱལ་སྤྱིའི་ཁྲོད་སྲོལ་རྒྱུན་གྱི་བཅོས་ཐབས་དེར་རིན་ཐང་གནང་བ་ཞིག་མཚོན་པ་འཁོད་འདུག ལུམས་བཅོས་ནི་སྨན་སྣ་སྣ་མིན་སྒོ་ནས་ཁྲུས་བྱེད་ཐོག་ལུས་སེམས་སྙོམ་སྒྲིག་དང། ཤ་གནད་ཉམས་རྒྱུད་གསོ་བ་དང། དེ་བཞིན་རྩ་འཁྱུག་པ་དང་རྐང་པ་སྐྲངས་པ། མདོར་ན་གཟུགས་གཞི་བདེ་ཐང་དང། ནད་གཞི་འགོག་ཐབས་ཀྱི་བཅོས་ཐབས་ཞིག་ཡིན་པ་དང།  ལོ་རྒྱུས་ལ་གཞིགས་ན་ལུམས་བཅོས་དེ་བོད་ནང་ལོ་ངོ་སྟོང་ཕྲག་མང་པོའི་སྔ་རོལ་ནས་ལག་ལེན་དུ་འཁྱོལ་བ་ཞིག་ཡིན་པ་དང། ད་ཆ་ཡང་རྒྱ་གར་དང་བོད། བལ་ཡུལ་སོགས་སུ་དར་སྤེལ་འགྲོ་མུས་ཡིན་པ་མ་ཟད་ལུམས་བཅོས་ཀྱི་ཕན་ནུས་དེ་རང་བྱུང་གི་ཆུ་ཚན་དང་གཅིག་མཚུངས་ཡོད་པ་བརྒྱུད་ལམ་ཁག་ནང་བཀོད་འདུགགཞི་རྩའི་རྒྱ་ནག་གཞུང་གིས་སྔ་ལོར་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ལུམས་བཅོས་དེ་རྒྱལ་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་དེབ་སྐྱེད་བྱས་པ་ལྟར། རྒྱ་གར་གཞུང་ནས་བོད་ཀྱི་གསོ་བ་རིིག་པ་ཆ་ཚང་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཚུད་ཐབས་སླད་དེབ་སྐྱེལ་གནང་སྟེ་རྒྱལ་ཁབ་ཕྱོགས་གཉིས་དབར་བོད་ཀྱི་གསོ་བ་རིག་པའི་བདག་དབང་ཐད་རྩོད་གླེང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་བ།

ཨ་རིའི་མི་སེར་རྣམས་ལ་བོད་དུ་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་པར་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་ཐོག་རྒྱབ་སྐྱོར་གནང་འདུག ཨ་རི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་གནས་ཐོག་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གིས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་མགྲིན་དབྱངས་གཅིག་གྱུར་ཐོག་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ་སྤེལ་བ་དང་འབྲེལ། ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Meccaci ལགས་ཀྱིས་ད་ལན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་བོད་ལ་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེས་ཡུལ་དེའི་གྲོས་ཚོགས་འཐུས་མིས་གཙོས་པའི་ཨ་རིའི་མང་ཚོགས་ཀྱི་ངོས་ནས་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་དོན་ཨ་རི་མི་སེར་རྣམས་བོད་དུ་བསྐྱོད་རྒྱུར་འདྲ་མཉམ་གྱི་ཐོབ་ཐང་མེད་པར་བློ་འཚབ་གནང་བཞིན་པའི་རྣམ་པ་མངོན་གསལ་གནང་ཡོད་སྐོར་གསུངས་པ་མ་ཟད། ལྷག་པར་དུ་ཁྲིམས་འཆར་དེ་ཆེད་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio མཆོག་དང་ཁྲིམས་གཞི་ཚོགས་ཆུང་གི་དབུ་ཁྲིད་སྐུ་ཞབས་ Corker མཆོག གཞན་ཡང་ Menendez མཆོག་སོགས་གྲོས་ཚོགས་འཐུས་མི་རྣམས་ནས་ད་བར་ཨ་རི་དང་རྒྱ་ནག་དབར་འདྲ་མཉམ་གྱི་གཞི་རྩའི་གནད་དོན་ཐད་ལྷག་བསམ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་མུས་ཡིན་པར་བཀྲིན་ཆེ་ཞེས་ཞུས་འདུག རྩ་བའི་ Reciprocal Access to Tibet Act ཞེས་པའི་ཁྲིམས་འཆར་དེའི་ནང་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ཨ་རིའི་ས་ཕྱོགས་གང་སར་བསྐྱོད་རྒྱུའི་ཐོངས་མཆན་འབུལ་བཞིན་ཡོད་པ་ལྟར་རྒྱ་ནག་གཞུང་ངོས་ནས་ཀྱང་བོད་ནང་ཨ་རི་གཙོ་གྱུར་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་དང་གཞུང་འབྲེལ་མི་སྣ། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་རང་དབང་འདྲ་མཉམ་གནང་དགོས་པ་དང། གལ་ཏེ་དེ་ལྟར་མ་བྱུང་ཚེ་བོད་ནང་འགྲུལ་བསྐྱོད་དམ་དྲག་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་རྣམས་ལའང་ཨ་རིའི་ནང་བསྐྱོད་རྒྱུར་བཀག་སྡོམ་གནང་དགོས་པ། དམིགས་བསལ་བོད་མི་ཨ་རིའི་མི་སེར་ཡིན་པ་ཚོ་བོད་ནང་རང་སོ་སོའི་ཕ་མ་སྤུན་མཆེད་ཐུག་འཕྲད་དང་གནས་མཇལ་དུ་བསྐྱོད་རྒྱུར་རྒྱ་ནག་གཞུང་ཚབ་ཁང་གིས་མི་རིགས་དབྱེ་འབྱེད་ཀྱིས་དམིགས་བསལ་དམ་དྲག་འོག་བཀག་སྡོམ་བྱས་ཡོད་པ་ལྟར། བོད་མི་ཚོ་རང་ཉིད་ཀྱི་ཕ་ཡུལ་དུ་རང་དབང་ཐོག་འགྲུལ་བཞུད་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་དགོས་ཞེས་འཁོད་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཇི་ནི་ཝ་བོད་ཀྱི་དོན་ཁང་མཉམ་ཞུགས།

ཟླ་ ༡༡ ཚེས་ ༢༦ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༨ བར་སུད་སི་རྒྱལ་ས་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་སྒྲོལ་མ་ཡག་ལྷ་ལགས་ནས་མཉམ་ཞུགས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། ལྷན་ཚོགས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་བཟོ་རིགས་ Amnesty Tech དང་།  Microsoft དེ་བཞིན་ Intel ཚོགས་པ་སོགས་ཀྱི་འཐུས་མི་མཉམ་ཞུགས་གནང་བ་དང་། ཁོང་རྣམ་པས་མིས་བཟོས་པའི་འཕྲུལ་རིགས་ Artificial Intelligence བཟོ་སྐྲུན་བྱས་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གྱི་ཀུན་སློང་འཁྱེར་ཐོག་འཕྲུལ་རིགས་བཟོ་ཐབས་གལ་གནད་ཐོག་གཏམ་བཤད་གནང་འདུག སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་ཡག་ལྷ་ལགས་ཀྱིས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་མིས་བཟོས་པའི་འཕྲུལ་རིགས་དབར་གྱི་འབྲེལ་བའི་སྐོར་གྲོས་བསྡུར་གནང་བ་དེ་ཡག་པོ་རེདའོན་ཀྱང་ད་ཆ་རྒྱ་གཞུང་ནས་ཆེས་དམ་དྲག་ཆེ་བའི་ས་ཁུལ་ཁག་ཏུ་མིས་བཟོས་པའི་འཕྲུལ་ཆས་མང་པོ་ཞིག་ཚོང་འགྲེམས་བྱས་ནས་འགྲོ་བ་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་ཐོག་རྒྱ་གཞུང་གིས་ལྟ་སྲུང་བྱ་རྒྱུར་སྤྱོད་བཞིན་པ་རེད་ཅེས་གསུངས་འདུག རྒྱ་གཞུང་གིས་ད་ལྟའི་ཆར་ཡུ་གུར་ནང་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་སོགས་ཆེད་དུ་བཙུགས་ནས་མི་མང་གི་ལས་དོན་ཐོག་ལྟ་སྲུང་བྱེད་བཞིན་པར་རྒྱལ་སྤྱིའི་ཁྲོད་ཚོགས་པ་དང་མི་མང་ནས་དོ་སྣང་བྱུང་བ་དེ་ལྟར་ཡང་། མང་ཚོགས་ཀྱི་མ་ཤེས་པ་ཞིག་ནི་ད་ལྟ་ཤིན་ཅང་ནང་སྤྱོད་བཞིན་པའི་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་དེ་དག་དེ་སྔ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་སྤྱོད་ཡོད་པ་མ་ཟད། ད་ལྟའི་ཆར་འཕྲུལ་རིགས་དེ་དག་རྒྱལ་ཁབ་གཞན་ནང་ཚོང་འགྲེམ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག ལྷན་ཚོགས་དེར་བཅར་མཁན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་རིག་པའི་སྡེ་ཚན་གྱི་སློབ་སྟོན་པ་སྐུ་ཞབས་ Eimear Farrel ལགས་ཀྱིས་དམ་དྲག་ཅན་གྱི་རྒྱལ་ཁབ་ཁག་གཅིག་ཏུ་མིས་བཟོས་པའི་འཕྲུལ་རིགས་རྐྱེན་པས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པརེད། དཔེར་ན་བོད་ལྟ་བུར་ཆ་མཚོན་ན་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་རིགས་རྣམས་བརྟག་གནས་ལྟ་བུར་གྱུར་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག བོད་ནང་སྤེལ་བཞིན་པའི་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དགོས་ཀྱི་རེད་ཅེས་ནན་གསུངས་གནང་འདུག ལྷན་ཚོགས་ཀྱི་ཚོགས་འདུ་སྟངས་འཛིན་པ་ Dunstan Allison -Hope ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་འཕྲུལ་རིགས་བཟོ་ལས་པ་ཙམ་གྱི་གནད་དོན་དུ་མ་བཞག་པར་གཞི་རིམ་མང་ཚོགས་ནས་དེའི་ཐོག་གླེང་སློང་གནང་གལ་ཡིན་པ་གསུངས་འདུག རྩ་བའི་ཨ་རི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཉེ་ཆརཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་ཐོག་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་གཞུང་གི་དོགས་ཟོན་མྱུལ་ཞིབ་དང་ངོ་གདོང་ཆ་འཛིན། གནས་བསྡུ་དཔྱད་ཞིབ་སོགས་ཀྱི་འཕྲུལ་རིགས་ཁག་རྒྱལ་ཁབ་གཞན་ནང་ཚོང་འགྲེམས་དང་དེ་ལྟར་ཆེད་འཛུགས་གནང་རྒྱུའི་ཐད་སྦྱོང་བརྡར་སྤྲད་མགོ་བཙུགས་ཟིན་པ་མ་ཟད། རྒྱ་གཞུང་ནི་དྲ་རྒྱའི་རང་དབང་ཐད་ཆེས་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཡིན་པ་མངོན་གསལ་དང་འབྲེལ་ཏེ། འདས་པའི་ལོ་ཤས་ནང་འཛམ་གླིང་གི་ཕྱོགས་གཞན་ཁག་ཏུའང་རྒྱ་གཞུང་གི་ཤུགས་རྐྱེན་དབང་གིས་དྲ་རྒྱའི་རང་དབང་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་ཡོད་པ་བཀོད་ཡོད་པ་རེད།

གྷོ་གྷལ་གྱི་ལས་མི་ཚོས་རྒྱ་ནག་ནང་གྷོ་གྷལ་གྱི་ལས་གཞི་རྒྱ་སྐྱེད་བྱ་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

གྷོ་གྷལ་བཟོ་ལས་ཁང་གི་ལས་མི་མང་དག་ཅིག་དང་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་གྱི་ཚོགས་པ་དུ་མ་མཉམ་འབྲེལ་ཐོག་ནས་གྷོ་གྷལ་བཟོ་ལས་ཁང་གིས་གསང་རྒྱ་འཚོལ་བཤེར་མ་ལག་གསར་པ་ Dragonfly ཞེས་པ་ཞིག་རྒྱ་ནག་ནང་ཤར་གཏོང་བྱ་རྒྱུ་ཕྱིར་འཐེན་གནང་དགོས་པར་ངོ་རྒོལ་བྱེད་བཞིན་འདུག དེ་རིང་དབྱིན་ཡུལ་གྱི་དྲྭ་རྒྱ་ times ཐོག་གནས་ཚུལ་ཐོན་པར་གྷོ་གྷལ་བཟོ་ལས་ཁང་གི་ལས་མི་མང་པོ་ཞིག་གིས་ཁ་སང་རེས་གཟའ་མིག་དམར་ཉིན་ཞུ་སྙན་ཞིག་བྲིས་ཏེ་ Dragonfly ཞེས་པའི་འཚོལ་བཤེར་མཉེན་ཆས་མ་ལག་དེ་རྒྱ་ནག་ནང་གཏང་ཚེ་སྲིད་གཞུང་གིས་མ་ལག་དེ་སྤྱོད་ནས་མི་མང་ལ་ཞིབ་བཤེར་ནན་པོ་བྱས་ཏེ་རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏང་ངེས་ཡིན་སྐོར་འཁོད་འདུག ཞུ་སྙན་དེའི་ནང་ང་ཚོས་གྷོ་གྷལ་བཟོ་ལས་ཁང་གི་རིན་ཐང་ཡིད་ལ་བཅངས་ཐོག་འདི་གར་ལས་ཞུགས་བྱས་པ་ཡིན་ཅེས་ལས་མི་ ༣༠༠ ཡིས་རྒྱབ་སྐྱོར་གནང་བའི་མཚན་རྟགས་བསྐྱོན་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་དག་ཅིག་གིས་ཀྱང་དེར་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཀྱང་རྒྱ་ནག་ནང་འཚོལ་བཤེར་མ་ལག་ཆེད་གཏོང་བྱ་ཚེ་འཕྲུལ་ལས་བཟོ་གྲྭས་སྲིད་གཞུང་ནས་མི་མང་གི་ཐོབ་ཐང་རྡོག་རོལ་གཏང་རྒྱུར་ཉེན་ཚབས་ཆེ་བའི་མཐུན་འགྱུར་སྐྲུན་པ་ཞིག་ཡིན་ཚུལ་གྱི་ཉེན་བརྡ་བཏང་འདུག་པ་དང་། ལྷག་དོན་རྒྱ་ནག་ལ་མ་ལག་དེ་མཁོ་སྤྲོད་གནང་བ་ནི་གྷོ་གྷལ་གྱི་དུས་འགྱུར་ཆེན་པོ་ཞིག་རེད་ཅེས་བརྗོད་ཡོད་པར་འཁོད་འདུག རྩ་བའི་ལོ་འདིའི་ལོ་སྟོད་དུ་གྷོ་གྷལ་གྱི་གསང་བ་ཞིག་ཕྱིར་འགྱར་བྱུང་བར་གཞིགས་ན། བཟོ་ལས་ཁང་ནས་རྒྱ་ནག་ཏུ་གསང་བ་འཚོལ་བཤེར་མ་ལག་ Dragonfly བྱུས་འགོད་བྱེད་བཞིན་ཡོད་པ་དང་། མ་ལག་དེས་ཚོར་བ་རྐྱེན་པའི་གནས་ཚུལ་མང་པོ་ཞིག་ཏེ། དཔེར་ན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། བོད་རང་བཙན། ཕྱི་ལོ་ ༡༩༨༩ ལོ་ཟླ་ ༦ ཚེས་ ༤ སྟེ་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་སྔོག་བཤེར་བྱེད་མཁན་དག་འཕྲལ་མར་ཤེས་རྟོགས་བྱ་ཐུབ་པར་འཁོད་འདུག འདི་ལོའི་ཕྱི་ཟླ་ ༧ ནང་གྷོ་གྷལ་བཟོ་ལས་ཁང་དང་རྒྱ་ནག་དབར་གྱི་གསང་བའི་གན་ཡིག་ཅིག་ཕྱིར་འགྱར་བྱུང་བར་གཞིགས་ན། ཚོང་ལས་ཁང་ནས་འཚོལ་བཤེར་མ་ལག་དེ་ཟླ་ ༦ ནས་ ༩ གྱི་བར་དུ་རྒྱ་ནག་ནང་ཤར་གཏོང་བྱ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ཡོད་སྟབས། བཟོ་ལས་ཁང་གི་ལས་མི་ ༡༤༠༠ ལྷག་གིས་ཟླ་ ༨ པའི་ནང་ནང་ཁུལ་དུ་ཞུ་གཏུགས་ཀྱི་ཕྱག་ཡིག་ཕུལ་ཏེ་གསང་བའི་ལས་འཆར་དེ་དག་གིས་བཟོ་ལས་ཁང་ལ་ཡུན་རིང་བསྐྱངས་ནས་ཡོང་བའི་ཆེ་མཐོང་ལ་གནོད་སྐྱོན་བཟོ་བཞིན་ཡོད་པས་ཕྱི་གསལ་ནང་གསལ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། བཟོ་ལས་ཁང་གི་ལས་མི་མང་པོ་ཞིག་གིས་གྷོ་གྷལ་གྱི་མ་ལག་གྱིས་རྒྱ་ནག་གི་གཞི་རྒྱ་ཆེ་བའི་ཞིབ་བཤེར་གྱི་བརྒྱུད་ལམ་དེར་མཐུན་འགྱུར་བསྐྲུན་ནས་ཉམ་ཆུང་བའི་ཡུ་གུར་གྱི་གྲངས་ཉུང་མི་རིགས་དང་བུད་མེད་ཐོབ་ཐང་རྩོད་ལེན་པ། དེ་བཞིན་སློབ་ཕྲུག་ཚོར་དམིགས་ཡོད་པར་སེམས་འཚབ་ཆེན་པོ་ཡོད་ཚུལ་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་དག་ཅིག་གིས་ཀྱང་གྷོ་གྷལ་བཟོ་ལས་ཁང་གིས་རྒྱ་ནག་ནང་གི་བཀག་རྒྱ་དང་ཞིབ་བཤེར་གྱི་གནས་བབས་དེར་ལྟོས་མེད་གསང་བ་འཚོལ་བཤེར་མ་ལག་མཁོ་སྤྲོད་བྱས་པར་སྐྱོན་བརྗོད་ནན་པོ་གནང་ནས་བཟོ་ལས་ཁང་དེའི་དམིགས་ཡུལ་ནི་མི་སྒེར་པ་ཡོངས་ལ་རང་དབང་ཐོག་གནས་ཚུལ་མཁོ་སྤྲོད་ཐུབ་པའི་ཆ་རྐྱེན་སྐྲུན་རྒྱུ་ཡིན་པ་ལས་རྒྱ་ནག་སྲིད་གཞུང་གི་མ་རུང་རྩུབ་སྤྱོད་ཀྱི་ལག་ཆ་བྱ་རྒྱུ་དེ་མ་རེད་ཅེས་བརྗོད་ཡོད་པར་འཁོད་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་རིགས་ཞིབ་འཇུག་པ་སྐུ་ཞབས་ Joe Westby ལགས་ཀྱིས་ང་ཚོས་ལས་འགུལ་གྱི་ཉིན་མོ་ཞིག་གཏན་འབེབས་བྱས་ནས་ཞུ་གཏུགས་ཀྱི་ཡི་གེ་ཞིག་བྲིས་ཏེ། གྷོ་གྷལ་བཟོ་ལས་ཁང་གི་གཙོ་འཛིན་ Sundar Pichai ལགས་སུ་རྒྱ་ནག་དང་ལག་འབྲེལ་གྱིས་མ་ལག་མཁོ་སྤྲོད་གནང་རྒྱུ་དེ་ཕྱིར་འཐེན་བྱེད་དགོས་པར་བརྗོད་ཡོད་པ་དང་།  ཁོང་གིས་དེ་རིང་ང་ཚོས་གྷོ་གྷལ་གྱི་ལས་མི་དག་ལ་རྒྱབ་སྐྱོར་གྱིས་གསང་བ་འཚོལ་བཤེར་མ་ལག་དེ་རྒྱ་ནག་ནས་ཕྱིར་འཐེན་བྱེད་རྒྱུ་དང་། བཟོ་ལས་ཁང་གིས་སླར་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་གྱི་དམ་ཚིག་བརྩི་སྲུང་བྱེད་པར་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག།  

བོད་ཁམས་ཕྱོགས་ནས་ཡུལ་མི་མང་པོ་ཞིག་ལྷ་ས་ཁུལ་དུ་ཕྱིར་ཕུད་བཏང་འདུག

ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས་དབུལ་སྐྱོར་འཛུགས་སྐྲུན་ཞེས་པར་ཁ་གཡར་ཏེ་ཁམས་གོ་འཇོ་དང་སྨར་ཁམས་ཁུལ་སོགས་ནས་ས་གནས་ཡུལ་མིའི་ས་ཞིང་གཞུང་བཞེས་དང་ཡུལ་མི་སྟོང་ཕྲག་ཁ་ཤས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁུལ་དུ་ཁང་པ་གསར་རྒྱག་བྱས་ཏེ་བཙན་དབང་གིས་གནས་སྤོ་གནང་འཇུག་བཞིན་ཡོད་པ་རེད་འདུག ཉེ་དུས་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་འཕན་པོ་ལྷུན་གྲུབ་རྫོང་མཁར་རྩེ་ཤང་དཔེ་སྣང་གྲོང་ཚོར་ཁམས་གོ་འཇོ་ས་ངན་ཡུལ་ཚོ་ཐེངས་གཉིས་པ་དེ་གནས་སྤོས་བྱས་ཡོད་པ་དང་དེའི་ནང་ཁྱིམ་དུད་གྲངས་ ༥༧ དང་མི་གྲངས་ ༤༠༠ ལྷག་ཙམ་རྒན་སྐྱོར་བྱིས་ཁྲིད་བྱས་ཏེ་འབྱོར་ཡོད་ཅིང་། སྐབས་དེར་མཁར་རྩེ་གྲོང་གི་མང་ཚོགས་རྣམས་ལ་ཕེབས་བསུ་ཞུ་བཅུག་འདུག འཕན་པོ་ལྷུན་གྲུབ་རྫོང་དུ་གནས་སྤོ་སྔ་རྗེས་བྱས་པའི་ཁམས་གོ་འཇོ་ཡུལ་མིའི་ཕྲུ་གུ་རྣམས་ཀྱི་ཆེད་རྒྱ་ནག་གཞུང་གིས་སློབ་གྲྭ་ཞིག་གསར་འཛུགས་བྱས་ཡོད་ཀྱང་སློབ་ཕྲུག་དེ་རྣམས་སློབ་སྦྱོང་ལ་དོ་སྣང་མེད་པ་མ་ཟད་འཛིན་རིམ་དྲུག་པར་སླེབ་ནའང་ད་དུང་ཀ་མེད་སུམ་ཅུ་རྣམས་མ་ཤེས་པའི་ཐོག་དུས་ཚོད་ཡོད་ཚེ་ཆང་རག་ལ་གཡེང་ནས་སྡོད་ཀྱི་ཡོད་པར་གཞུང་ཕྱོགས་འབྲེལ་ཡོད་ནས་དོ་སྣང་གང་ཡང་མེད་པ་རེད་འདུག འདི་ལོའི་ལོ་གསར་རྗེས་སུ་མུ་མཐུད་ནག་ཆུ་ཉི་མ་རྫོང་དང་། མངའ་རིས། སོག་རྫོང་། འབྲ་ཆེན་རྫོང་། ལྷ་རི་རྫོང་། འབྲི་རུ་རྫོང་བཅས་ནས་ཡུལ་མི་མང་པོ་ཞིག་འཕན་པོ་ལྷུན་གྲུབ་རྫོང་དུ་གནས་སྤོ་བྱ་འཆར་ཡོད་པ་རེད་འདུག་པ་མ་ཟད་ཐེམས་གྲངས་ ༢༠༠༠ དང་མི་གྲངས་ ༥༠༠༠ ཙམ་གནས་སྤོ་བྱ་འཆར་ཡོད་འདུག ད་དུང་གཙང་གི་གཞིས་ཀ་རྩེའི་མངའ་ཁོངས་ཀྱི་པ་སྣམ་རྫོང་དང་ལྷ་སའི་སྟག་རྩེ་རྫོང་སོ་སོའི་ནང་ལ་ཡང་གོང་མཚུངས་ཁམས་ཁུལ་ནས་ཁྱིམ་དུད་ ༥༠༠ བརྒལ་བ་གནས་སྤོ་གཏང་འཆར་ཡོད་པ་རེད་འདུག ཕྱོགས་མཚུངས་འདི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༢ ཉིན་ཆབ་མདོ་གྲོང་ཁྱེར་ཁོངས་ནས་ཁྱིམ་ཚང་ ༤༥ ཡི་མང་ཚོགས་ ༢༠༦ ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གནས་སྤོ་ས་ཚིགས་བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་གནས་སྤོས་བཏང་འདུག རྒྱ་གཞུང་གིས་ཁམས་ཁུལ་གྱི་ཡུལ་མི་གནས་སྤོ་གཏོང་ཡུལ་ནི་ལྷ་ས་དང་ཆབ་མདོ། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་བཞི་ནང་གི་རྫོང་སོ་སོར་ཆ་བགོས་བྱས་འདུག ད་ལྟའི་ཆར་གནས་སྤོ་བྱེད་མཁན་ནང་གོ་འཇོ་རྫོང་ཁེར་རི་ཤང་དང་། གླང་སྨད་ཤང་། གསེར་གདོང་ཤང་། མིག་མདོ་ཤང་། བྱང་གསུམ་ཤང་། འབུམ་སྐྱེས་ཤང་བཅས་དང་སྨར་ཁམས་རྫོང་རྒོད་པོ་ཤང་གི་སྲིད་འཛིན་གྲོང་ཚོ་ ༤༥ ཡོད་པ་དང་དེའི་ནང་དུད་ཚང་ ༢༧༤༡ དང་མི་ཁྲི་ ༡༌༦༦ ལྷག་ཙམ་ཡོད་པ་རེད་འདུག གཞནཡང་ ༢༠༡༨ ཟླ་ ༧ ཚེས་ ༡ ཉིན་བོད་རང་སྐྱོང་ལྗོངས་ཏང་གི་འགོ་ཁྲིད་ཝུའུ་དབྱིང་ཅེས་ལྷ་སར་ཆབ་མདོ་གྲོང་ཁྱེར་ཁུལ་དུ་གནས་སྤོས་བྱས་པའི་སྨར་ཁམས་རྫོང་དང་གོ་འཇོ་རྫོང་གི་དུད་ཚང་ཁ་ཤས་ལ་ལྟ་སྐོར་ཕྱིན་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་འགག་རྒྱག་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་བྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བྱེད་དགོས་པ་སོགས་ཀྱི་གཏམ་བཤད་བྱས་འདུག གོང་གསལ་རྒྱ་ནག་གཞུང་གིས་དབུལ་སྒྲོལ་ལས་གཞིར་ཁ་གཡར་ཏེ་ཁམས་ཁུལ་གྱི་མང་ཚོགས་ཡུལ་གཞན་དུ་བཙན་དབང་གིས་གནས་སྤོ་གཏོང་བའི་ལས་གཞི་དེ་ ༢༠༡༦ ལོ་ནས་ལས་འགོ་བཙུགས་ཡོད་པ་རེད་འདུག ལྷ་ས་གྲོང་ཁྱེར་ཁུལ་དུ་གནས་སྤོ་ས་ཚིགས་ ༡༩ འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་དེ་དག་ནང་དུད་ཚང་ ༢༠༤༨ ཀྱི་མི་ ༨༠༠༠ གནས་སྤོ་བྱ་རྩིས་ཡོད་པ་རེད་འདུག ཤེས་རྟོགས་བྱུང་བར་འཕན་པོ་ལྷུན་གྲུབ་རྫོང་ཁྱབ་ཁོངས་སུ་དུད་ཚང་ ༣༠༠ ཡི་མི་ ༡༢༥༥ གནས་སྤོ་བྱ་རྒྱུའི་ནང་ཐང་མགོ་ཤང་ཐང་མགོ་གྲོང་ཚོར་དུད་ཚང་ ༡༠༠ ཡི་མི་ ༤༧༠ དང་མཁར་རྩེ་ཤང་དཔེ་སྣང་གྲོང་ཚོར་དུད་ཚང་ ༡༠༠ ཡི་མི་ ༤༢༤ ལྕང་ར་ཤང་ལྕང་ར་ཤར་གྲོང་ཚོར་དུད་ཚང་ ༡༠༠ ཡི་མི་ ༣༦༡ གནས་སྤོ་གཏང་འཆར་ཡོད་པ་རེད་འདུག ཡང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་དུད་ཚང་ ༤༨༤ ཡི་མི་ ༡༩༤༢ གནས་སྤོ་གཏང་རྒྱུ་དང་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་དུད་ཚང་ ༥༠ ཡི་མི་ ༡༧༣ དང་། ལྷ་ས་གྲོང་ཁྱེར་ཁུང་ཀང་ཁུལ་གསར་དུ་དུད་ཚང་ ༡༠༠ ཡི་མི་ ༣༥༩ གནས་སྤོས་བྱས་ཟིན་འདུག ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ཁོང་སུ་དུད་ཚང་ ༡༠༠ ཡི་མི་ ༤༦༥ གཅིག་གནས་སྤོ་བྱ་རྒྱུ་ཡིན་ཅིང་དེའི་ནང་ཡངས་པ་ཅན་གྲོང་ཚོ་སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོ། ཆུ་ཚན་གྲོང་ཚོ། ཀོང་ཐང་ཤང་ལ་རྒན་གྲོང་ཚོ། གྲོང་དཀར་གྲོང་ཚོ་བཅས་ཚུད་ཡོད་པ་མ་ཟད། སྙེ་མོ་རྫོང་གི་ཁོངས་སུ་དུད་ཚང་ ༡༠༠ ཡི་མི་ ༤༣༢ གནས་སྤོ་བྱ་འཆར་ཡོད་པ་རེད་འདུག

རྒྱ་ནག་ཏུ་འགྲུལ་སྐྱོད་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་འཆར་གཏན་འབེབས་ཀྱི་གྲོས་འཆར།

ཨ་རིའི་ནང་བར་མའི་འོས་བསྡུ་གྲུབ་མ་ཐག་པ་དང་བསྟུན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་འདུ་ཚོགས་པའི་ཐོག་ཡུལ་དེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Bernie Sanders ལགས་དང་ Republican ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Cory Gardner ལགས་རྣམས་གཉིས་ནས་རྒྱ་ནག་གི་མི་སེར་སུ་ཡིན་ཡང་ཨ་རིར་རང་དབང་ཐོག་བསྐྱོད་ཆོག་པ་བཞིན། ཨ་རིའི་མི་སེར་རྣམས་ལ་བོད་དུ་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་གྲོས་འཆར་ Reciprocal Access to Tibet Act ཞེས་པ་ཆེད་བཏོན་གནང་འདུག བོད་དུ་རང་དབང་ཐོག་འགྲུབ་སྐྱོད་ཆོག་པའི་གྲོས་འཆར་དེ་ཐོག་མར་འདི་ལོ་ཕྱི་ཟླ་ ༧ ནང་གྲོས་ཚོགས་འཐུས་མི་ Marco Rubio ལགས་དང། Tammy Baldwin ལགས་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་ཆེད་བཏོན་གནང་བར་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་འབྲེལ། ད་ལན་གྲོས་ཚོགས་གོང་མའི་ནང་དུའང་གྲོས་འཆར་དེར་སྔར་བཞིན་རྒྱབ་སྐྱོར་ཐོབ་ཚེ་ལོ་མཇུག་བར་གྲོས་འཆར་དེ་ཨ་རིའི་ཁྲིམས་སྒྲིག་ནང་བཀོད་རྒྱུར་རེ་བ་ཆེན་པོ་ཡོད་པ་རེད། སྐུ་ཞབས་ Bernie Sanders ལགས་ནི་མ་འོངས་ ༢༠༢༠ ལོའི་འོས་བསྡུ་ཆེན་མོའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འོས་ཤོས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་དང། སྐུ་ཞབས་ Cory Gardners ལགས་ནི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཨེ་ཤ་ཡ་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡིན་པ་རེད། ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་གནས་ཐོག་ཚེས་ ༡༣ ཉིན་གྲོས་ཚོགས་གོང་མའི་ནང་གྲོས་འཆར་བཏོན་པའི་གནས་ཚུལ་སྤེལ་བ་དང་འབྲེལ། ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Meccaci ལགས་ཀྱིས་འདྲ་མཉམ་འགྲུལ་སྐྱོད་རང་དབང་གི་གྲོས་འཆར་དེར་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་པ་དང་། ཨ་རིའི་མང་ཚོགས་ཡོངས་ནས་གྲོས་འཆར་དེར་རྒྱབ་སྐྱོར་དང་གལ་ཆེར་ངོས་འཛིན་གནང་བཞིན་པ་མངོན་གསལ་གནང་བ་མ་ཟད་ད་ལྟའི་ཆར་གྲོས་འཆར་དེ་ཁྲིམས་ལ་གཏན་འབེབས་གནང་རྒྱུའི་འོས་འགན་ཡོངས་རྫོགས་གྲོས་ཚོགས་གོང་མར་ཡོད་པ་གསུངས་འདུག ཁོང་གིས་བོད་དུ་རྒྱ་གཞུང་གི་དྲག་གནོན་ཁྲོད་ད་བར་བོད་མི་ ༡༥༤ ནས་རང་ལུས་མེར་བསྲེགས་གནང་བའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། གྲོས་འཆར་དེ་བཞིན་བོད་ནང་རྒྱ་གཞུང་གིས་བཙན་གནོན་འོག་རྡུག་རྩུབ་མྱོང་བཞིན་པའི་བོད་མི་རྣམས་ལ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། ཨ་རིའི་མི་སེར་རྣམས་དང་ལྷག་པར་དུ་བོད་རིགས་ཨ་རིའི་མི་སེར་རྣམས་ལ་རང་གི་ཕ་ཡུལ་དུ་བསྐྱོད་རྒྱུ་དང་ནང་མི་ཐུག་འཕྲད་དང་ཆེས་གལ་ཆེའི་རང་བཞིན་ཆགས་ཡོད་པར་ནན་བརྗོད་གནང་འདུག

Latest news