Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གི་དྲ་ལམ་གྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག

Pen America ཞེས་པའི་ཨ་རིའི་སྨྱུ་གུ་ཚོགས་པས་སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་རྒྱ་བཀོལ་སྤྱོད་ཐོག་བོད་དང་ཤིན་ཅང་ནང་ས་གནས་གཞན་ལས་དམ་དྲག་ཤུགས་ཆེ་བ་བྱེད་མུས་ཡིན་སྐོར་གསུངས་འདུག དེའང་ཨ་རིའི་ཚོགས་པས་ཁ་སང་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ Forbidden Feeds: Government Controls on Social Media in China ཞེས་རྒྱ་གཞུང་གི་སྤྱི་ཚོགས་དྲ་རྒྱའི་དམ་དྲག་སྐོར་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང། ཚོགས་པ་དེས་སྙན་ཐོའི་ཆེད་རྩོམ་པ་པོ་དང་སྙན་ངག་ཁན། སྒྱུ་རྩལ་བ། ལས་འགུལ་བ། གཞན་ཡང་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཚོང་ལས་ཁང་གི་ལས་བྱེད་མིང་གསལ་མ་གནང་བ་ཁག་ཅིག་ལ་བཅར་འདྲི་ཞུས་འདུག སྙན་ཐོའི་ནང་གསལ་བོད་སྐོར་གྱི་ཚན་པ་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༧ ལོར་སེར་ཤུལ་ནས་ཡིན་པའི་དགེ་འདུན་ཞུ་བའི་བོད་མི་ན་གཞོན་ཞིག་གིས་དྲ་རྒྱའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཁྱབ་སྤེལ་གནང་བར་བརྟེན་ཁོང་ལ་ཉེས་རྡུང་ཚད་མེད་བཏང་ནས་མཐར་བཙོན་འཇུག་བྱས་པའི་གནས་ཚུལ་ལུང་འདྲེན་དང་འབྲེལ། སྐད་འཕྲིན་བརྒྱུད་༸གོང་ས་མཆོག་གི་༸སྐུ་དཔར་འགྲེམས་སྤེལ་དང་ལྷག་པར་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྐྱེན་འཛིན་བཟུང་བྱས་པའི་བོད་མི་དྲུག་གི་མཚན་གསལ་གནང་འདུག གཞན་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༢ པའི་ནང་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་དྲ་ཚིག་ཐོག་ཏུ་བོད་ནང་དམག་མི་འབོར་ཆེན་ཆེད་གཏོང་བྱས་པའི་གནས་ཚུལ་སྤེལ་བ་དང་འབྲེལ་ཡོད་པར་ཁག་ཅིག་སྐད་འཕྲིན་བརྒྱུད་འགྲེམས་སྤེལ་གནང་སྟབས་ཁོང་ལ་ཁ་བྲལ་བརྒྱུད་སྐུལ་ཉེས་མིང་འོག་བཙོན་འཇུག་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་དྲ་རྒྱ་ཐོག་རྩོམ་ཡིག་སྤེལ་བ་དང་རང་སྲེག་སྐོར་གནས་ཚུལ་སྤེལ་བ་དང་འབྲེལ་བོད་མི་མི་བདུན་འཛིན་བཟུང་བྱས་སྐོར་འགྲེལ་བརྗོད་གནང་འདུག ཨ་རིའི་སྨྱུ་གུ་ཚོགས་པས་རྒྱ་ནག་གཞུང་གིས་ཤིན་ཅང་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་རྒྱལ་གྱི་གསར་འགོད་པ་དང་སྐུ་ཚབ་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ལྟར། ས་གནས་དེ་དག་ནང་དྲ་རྒྱ་བཀོལ་སྤྱོད་དང་འབྲེལ་མི་སྣ་འཛིན་བཟུང་ཇི་ཙམ་བྱས་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་རག་དཀའ་བ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ལྷན་གཅིག་ཏུ་བོད་དང་ཤིན་ཅང་ནང་གི་སྤྱི་ཚོགས་ཀྱི་དྲ་རྒྱར་དམ་དྲག་དང་འབྲེལ་བའི་རྒྱ་གཞུང་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་བའི་ཁྲོད་རྒྱ་གཞུང་གིས་ཡུལ་གཞན་ལས་བོད་དང་ཤིན་ཅང་ནང་དམ་དྲག་ཚབས་ཆེ་བ་བྱེད་མུས་ཡིན་པ་མངོན་གསལ་རེད་ཅེས་གསུངས་འདུག

རྒྱ་གཞུང་ནས་བོད་རིགས་ཡོངས་ལ་ཁྲ་བྲལ་བར་ལྟ་ཕྱོགས་འཛིན་པ་དེ་མཚམས་འཇོག་དགོས།

རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་བོད་རིགས་བེུད་རྒྱ་མོ་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་རིགས་ཡོངས་རྫོགས་ཁ་བྲལ་བར་ངོས་འཛིན་བྱེད་བཞིན་པའི་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག ཉེ་བའི་ཆར་རྒྱ་ནག་གྱི་རྒྱལ་ས་པི་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་འདུ་བཅས་འཚོགས་བཞིན་ཡོད་པ་དང་བསྟུན་ཧོང་ཀོང་དུ་ཡོད་པའི་ The South Morning China Post ཞེས་པའི་གསར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་རྒྱ་མོ་སྐྱིད་ལགས་ཀྱིས་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་འདུ་ཐོག་རྒྱ་གཞུང་གིས་མཐོ་རིམ་དཔོན་རིགས་ཚོས་བོད་རིགས་རྫོགས་ལ་ཁ་བྲལ་བར་ལྟ་ཚུལ་གྱི་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག སྲིད་བྱུས་དེ་ནི་བོད་རིགས་ཡོངས་རྫོགས་ལ་གཅིག་མཚུངས་ལག་བསྟར་དང་གོང་རིམ་བཀོད་ཁྱབ་དེའང་ཚང་མར་ལག་བསྟར་བྱེད་དགོས་པ་ཞིག་མཐོང་གི་མི་འདུག་ཅེས་གསུངས་འདུག ལྷག་པར་དུ་རྒྱ་ནག་འབྲེལ་ཡོད་དཔོན་རིགས་ཚོས་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་ཀྱི་སྲིད་བྱུས་འཛིན་བཞིན་པ་དེས་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་རྒྱལ་ཁབ་གཅིག་སྒྲིལ་གྱི་ལྟ་གྲུབ་དང་ཡོངས་སུ་དངོས་འགལ་ཆགས་ཡོད་པ་གསུངས་ཡོད། དེ་བཞིན་རྒྱ་མོ་སྐྱིད་ལགས་ཀྱིས་ The South Morning China Post གསར་ཁང་གིས་བཅར་འདྲི་དང་ལེན་གནང་སྟེ་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་འགྱུར་བོད་ས་ཁྱོན་ཡོངས་ལ་ས་བྱི་རྒོལ་ཆེན་མོའི་གནས་ཚུལ་བྱུང་རྗེས། ཁོང་པི་ཅིང་དུ་འཁྲབ་སྟོན་ཞུ་བར་བསྐྱོད་ཚེ་ཁོ་མོ་བོད་རིགས་ཡིན་པའི་དབང་གིས་མགྲོན་ཁང་དུ་སྡོད་མི་བཅུག་པའི་གནས་ཚུལ་དང་། དེ་བཞིན་དེང་སྐབས་རྒྱ་གཞུང་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཁུལ་དུ་མང་ཚོགས་ལ་ 4G བརྡ་འཕྲིན་གྱི་མཐུན་རྐྱེན་སྐྲུན་ཡོད་ཀྱང་། བོད་རིགས་གནས་ཡུལ་ས་ཁུལ་དུ་ཁ་པར་དང་དྲ་འཕྲིན་གྱི་མཐུན་རྐྱེན་ཞན་པོ་ཡོད་པ་མ་ཟད། བོད་དང་ཡུ་གུར་ཁུལ་གྱི་མང་ཚོགས་ཚོར་ད་དུང་ 2G བརྡ་འཕྲིན་གྱི་མཐུན་རྐྱེན་ལས་མེད་པ་སོགས་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཚང་མར་གཅིག་མཚུངས་ལྟ་ཚུལ་འཛིན་བཞིན་ཡོད་པ་གསུངས་ཡོད་ཀྱང་། དོན་དངོས་ཐོག་གྲངས་ཉུང་མི་རིགས་ཐོག་འདྲ་མཉམ་གྱི་ལྟ་ཚུལ་མེད་པར་དབྱེ་འབྱེད་བྱེད་བཞིན་ཡོད་པ་གསུངས་ཡོད། རྒྱ་མོ་སྐྱིད་ལགས་ནི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མི་ཟློས་གར་ཚོགས་པའི་ཚོགས་གཞོན་དང་། དམག་མི་གཞས་མ་གྲགས་ཅན་ཞིག་ཀྱང་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཨོ་སི་ཊོ་ལི་ཡ་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་དེང་སྐབས་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་ཁ་བྲལ་བར་མིང་བཏགས་དང་གདུང་འདེགས། དམའ་འབེབ། དེ་བཞིན་མཐོང་ཆུང་སོགས་བྱེད་བཞིན་པའི་སྲིད་བྱུས་ཤིག་འཛིན་ཡོད་པ་མངོན་གསལ་རེད་ཅེས་གསུངས་སོང་།

གསེར་རྟ་རྫོང་ཁུལ་དུ་༸གོང་ས་མཆོག་གི་༸སྐུ་པར་བཤམ་ཡོད་མེད་ཞིབ་བཤེར་བྱས་པ།

འདི་ལོ་ཕྱི་ཟླ་ ༡ པོའི་ནང་བོད་ཁམས་དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཚུའི་ཡུལ་ཧྥང་ཆེད་མངགས་གསེར་རྟ་ལ་ཡོང་ནས་གསེར་རྟ་ལྔ་རིག་སློབ་གླིང་གིས་གཙོས་གསེར་རྟ་རྫོང་གི་དགོན་པ་ཁག་དང་སྡེ་གྲོང་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཤམ་སྟོན་གནང་ཡོད་མེད་ཐོག་ཞིབ་བཤེར་བྱས་ཡོད་པ་དང་། དགེ་འདུན་པ་ལོ་ཆུང་རྣམས་དགོན་པ་དུ་ཞུགས་པར་བཀག་འགོག་དང་བོད་མི་རྣམས་ཀྱི་ཕྱིར་སྐྱོད་ལག་ཁྱེར་བཙན་འཕྲོག་བྱས་ཡོད་པ་སོགས་ཀྱི་དམ་དྲག་གནས་ཚུལ་བྱུང་འདུག ཁམས་དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གིི་བློན་ཆེན་ཚུའི་ཡུལ་ཕྷང་འདི་ལོ་ཕྱི་ཟླ་དང་པོའི་ནང་དཀར་མཛེས་རྫོང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཙོ་འགྱུར་གསེར་རྟ་རྫོང་གི་དགོན་སྡེ་ཁག་དང་གྲོང་སྡེ་ཁག་ཏུ་ཡོང་ནས་ཚོགས་འདུ་བསྡུ་བསྐོང་བྱས་པ་མ་ཟད། དེའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་ཤོམ་གནང་བར་བཀག་སྡོམ་དང་གྲྭ་བཙུན་གསར་ཞུགས་ལ་དམ་དྲག་བྱ་ཕྱིར་ཡིན་པ་རེད་འདུག དེ་བཞིན་ཁོ་པས་སྟག་ལུང་དགོན་པའི་ནང་གྲྭ་པ་ཆུང་ཆུང་དེ་འདྲ་ཡོད་པ་ཤེས་སྟབས་ཁོང་རྣམས་ལ་དཀའ་ངལ་སྤྲོད་བཞིན་ཡོད་པ་རེད་འདུག ཡང་འདི་ལོ་རྒྱ་གར་དང་བལ་ཡུལ་དུ་རྒྱ་ནག་གི་ཕྱིར་སྐྱོད་ལམ་ཡིག་ཞུས་ཏེ་གནས་མཇལ་དང་གཉེན་འཕྲད་བཅས་ལ་ཕྱིན་ནས་ཕྱིར་ལོག་བྱས་པའི་བོད་མིི་དེ་དག་རྫོང་ལ་འབོད་བཀུག་བྱས་ཏེ་ལམ་ཡིག་ཕྱིར་བསྡུ་བྱས་པ་མ་ཟད་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་བཀའ་གངབསྩལ་ཡོད་མེད་སོགས་ཀྱི་ཐད་ལ་དྲི་ཞིབ་བྱས་འདུག ཚུའི་ཡུལ་ཧྥང་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ལ་མ་བསྐོ་གོང་ཕྱི་ལོ་ ༢༠༡༡ ཙམ་ནས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནང་རྒྱ་ནག་དམར་ཤོག་གི་ལས་བྱེད་ཀྱི་འགོ་ཁྲིད་ཀྱི་ལས་འགན་ཁྱེར་ཏེ་ནང་བསྟན་སློབ་གླིང་གཏོར་བཤིག་ལས་དོན་བྱེད་མཁན་གཙོ་གྲསཤིག་་ཡིན་བ་མ་ཟད་སྐབས་དེར་གྲྭ་བཙུན་ལ་དམ་དྲག་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཤམ་ཡོད་མེད་ཐོག་དམིགས་བསལ་ཞིབ་བཤེར་བྱས་ཡོད།

རྒྱ་ནག་གི་སྲིད་འཛིན་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེ་རྒྱལ་ནང་དུ་ཟིང་འཁྲུག་གི་ས་བོན་བཏབ་པ་ཞིག་རེད།

ཉེ་ཆར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་ནས་ཡུལ་དེའི་རྩ་ཁྲིམས་ནང་གསལ་བའི་གནད་དོན་ཁག་ཅིག་ལ་བསྐྱར་བཅོས་བྱ་རྒྱུའི་གྲོས་གཞི་འདོན་སྤེལ་བརྒྱུད། དེ་སྔ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ལ་གསལ་བའི་རྒྱ་ནག་གི་སྲིད་འཛིན་དུས་ཡུན་ལ་ཚད་བཀག་ལོ་བཅུ་ཞེས་འཁོད་པ་དེ་ཕྱིར་འཐེན་བྱས་ཏེ་སྲིད་འཛིན་གྱི་ལས་ཡུན་ལ་དུས་བཀག་ཚད་གཞི་མེད་པ་བཟོ་རྒྱུ་ཡོངས་བསྒྲགས་བྱས་ཡོད་སྟབས། འདས་པའི་ཉིན་ཤས་ནང་རྒྱ་རིགས་གཙོ་འགྱུར་རྒྱལ་སྤྱིའི་ཐོག་དོ་སྣང་ཅན་མི་ཉུང་བ་ཞིག་ནས་གནད་དོན་དེ་འབྲེལ་བརྒྱུད་ལམ་འདྲ་མིན་སྟེང་དཔྱད་གཏམ་རིགས་སྤེལ་བ་མ་ཟད། རྒྱ་གཞུང་གི་གྲོས་གཞི་དེ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཡང་བྱུང་ཡོད། ལྷག་པར་དུ་ཁ་ཉིན་རྒྱ་ནག་གི་རྒྱལ་ས་ Beijing ནང་བཅའ་བཞུགས་ཡུལ་དེའི་ China Youth Daily འམ་རྒྱ་ནག་གི་གཞོན་ནུའི་གསར་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་ཟུར་པ་སྐུ་ཞབས་ Li Datong ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་འདོན་སྤེལ་བྱས་པའི་གྲོས་གཞི་དེ་ཟླ་ ༣ ཚེས་ ༥ རེས་གཟའ་ཟླ་བ་ནས་རྒྱ་ནག་ནང་འཚོགས་གཏན་འཁེལ་བའི་སྐབས་ ༡༣ པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་མཐའ་མའི་ཐག་གཅོད་བྱ་རྒྱུ་ཡིན་སྟབས། ཚོགས་ཆེན་ཐོག་རྒྱལ་ས་པེ་ཅིང་ནས་ཆེད་བཅར་ཞུ་མཁན་གྱི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ Xu Tao དང་ Ren Ming དེ་བཞིན་ Yang Yuanqing དང་ Chen Jining གཙོས་པའི་འཐུས་མི་ ༥༥ མིང་ཐོག་ལ་ཞུ་སྙན་ཞིག་ཕུལ་འདུག ཞུ་སྙན་དེའི་ནང་སྐུ་ཞབས་ Li Datong ལགས་ནས་ཁོང་པེ་ཅིང་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་ནག་གི་མི་སེར་ཞིག་ཡིན་པ་དང་། འཐུས་མི་དེ་དག་ང་ཚོའི་འཐུས་མི་རེད། དེས་ན་འཐུས་མི་རྣམས་ནས་འཚོགས་ལ་ཉེ་བའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་འདོན་སྤེལ་གནང་བའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་ནང་གསལ་བའི་སྲིད་འཛིན་གི་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེར་མོས་མཐུན་རྩ་ན་མི་འདུག་ཞེས་གསུངས་དགོས་པ་གསལ་ཡོད། ལྷག་པར་དུ་ད་ལྟའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་སྲིད་འཛིན་གྱི་དུས་ཡུན་ལ་ཚད་བཀག་བཟོ་བ་ནི་དེ་སྔ་རྒྱ་ནག་གི་སྲིད་འཛིན་ Mao Zedong སྐབས་སུ་རྒྱ་ནག་ནང་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ནས་རྒྱ་ནག་ཁྱོན་ལ་དཀའ་སྡུག་ཆེན་པོ་འཕྲད་ཡོད་སྟབས། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་རིགས་མི་མང་ཡོངས་ནས་ཆབ་སྲིད་ཀྱི་གནད་འགག་ཞིག་ལ་གཟིགས་ཏེ་བཟོས་པ་ཞིག་རེད་ཅེས་འགྲེལ་བརྗོད་དང་ཆབས་ཅིག ཐེངས་འདིའི་གྲོས་གཞི་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེ་སླར་རྒྱ་ནག་རྒྱལ་ནང་དུ་ཟིང་འཁྲུག་གི་ས་བོན་བཏབ་པ་ཞིག་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་རྒྱ་ནག་དེ་ད་ལྟ་ཡོད་བཞིན་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་མདུན་བསྐྱོད་བྱ་དགོས་པ་མ་གཏོགས་འདས་ཟིན་པའི་ཆབ་སྲིད་ཀྱི་ལམ་ལུགས་ཐོག་ཕྱིར་ཤིག་བརྒྱབ་རྒྱུ་མེད་པ་གསུངས་པ་དང་འབྲེལ། རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞིའི་ནང་སྲིད་འཛིན་གྱི་ལས་ཡུན་ལ་དུས་བཀག་མེད་པ་བཟོ་རྒྱུ་དེ་ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་འཕྱ་སྨོད་བྱ་གཞི་ཞིག་ཆགས་རྒྱུ་དང་སླད་མར་རྒྱ་ནག་གི་ཆེ་མཐོང་ལའང་གནོད་ངེས་རེད་ཅེས་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་གནད་དོན་དེ་དང་འབྲེལ་སྐུ་ཞབས་ Li Datong ལགས་ཙམ་མ་ཟད་རྒྱ་རིགས་ཚོང་པ་གྲགས་ཅན་ Wang Ying ལགས་དང་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་གཙོས། དོ་སྣང་ཅན་མང་དག་ཞིག་ནས་སྤྱི་ཚོགས་ཀྱི་དྲ་གནས་ Weibo དང་ Wechat དེ་བཞིན་ Twitter ཐོག་རྒྱ་གཞུང་གི་ཐག་གཅོད་དེ་ཡག་རྟགས་ཤིག་མིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་མང་དག་བྱུང་ཡོད་ཀྱང་། རྒྱ་གཞུང་ནས་མང་ཚོགས་ཀྱི་བསམ་ཚུལ་དང་། མཆན་འགྲེལ་དེ་དག་སྤྱི་ཚོགས་ཀྱི་དྲ་གནས་ཐོག་ནས་ཕྱིར་འཐེན་དང་བཀག་སྡོམ་གྱིས་ཆེས་དམ་དྲག་བྱེད་མུས་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གི་གྲོས་གཞི་དེ་དུས་ཚོད་ཀྱི་ཆ་ནས་འོས་ཤིང་འཚམས་པ་རེད་ཅེས་བསྔགས་བརྗོད་བྱས་ཡོད།

རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་གླེང་དགོས་པའི་ཞུ་འབོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོ་འགྱུར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༢༠ ཡས་མས་ཤིག་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་ཁག་ཅིག་ལ་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་གླེང་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་ཚོགས་པ་དེ་དག་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝ Geneva ནང་ཁ་སང་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ནས་དབུ་འཛུགས་གནང་བའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན། ལྷན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་ཁག་ཅིག་ལ་ཞུ་ཡིག་ཕུལ་ཐོག་རྒྱལ་ཁབ་དེ་དག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་སོགས་ལ་དྲག་གནོན་བྱས་པ་མ་ཟད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ཉེས་མེད་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཆད་གཏོང་བཞིན་པ་དེ་དག་རྩ་བ་ནས་བྱ་མི་རུང་བའི་བྱ་སྤྱོད་ཞིག་ཡིན་པ་ཐེར་བཏོན་གནང་དགོས་པ་གསུངས་འདུག དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་སྡུག་རྩུབ་མྱོང་བཞིན་པའི་རྒྱ་ནག་གི་ཁྲིམས་རྩོད་པ་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མི་སྣ་ལྔའི་གནད་དོན་ཐེར་བཏོན་དང་། ལྷག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་དབང་སྒྱུར་འོག་མང་ཚོགས་ཀྱི་གཞི་རྩའི་འགྲོབ་མིའི་ཐོབ་ཐང་གི་གནས་སྟངས་དུས་ད་ལྟའང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ཞུ་ཡིག་དེའི་ནང་ཐེར་བཏོན་གནང་བའི་མི་སྣ་ལྔ་པོ་དེ་དག་གི་ཁོངས་སུ་ཁ་བྲལ་གྱི་ནག་ཉེས་འོག་ལོ་གཉིས་ལྷག་ཙམ་དོ་དམ་བཀག་ཉར་བྱས་པའི་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང།  རྒྱ་ནག་གཞུང་གི་མནར་སྤྱོད་མྱོང་བཞིན་པའི་རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ཀྱི་ལྕམ་ Liu Xia ལགས། དེ་བཞིན་རྒྱ་རིགས་ཁྲིམས་རྩོད་པ་སྐུ་ཞབས་ Wang Quanzhang ལགས། Swedish གི་མི་སེར་ཡིན་པ་རྒྱ་རིགས་དཔེ་དེབ་ཚོང་འགྲེམས་པ་སྐུ་ཞབས་ Gui Minhai ལགས། རྒྱ་རིགས་ཁྲིམས་རྩོད་པ་ Yu Wensheng ལགས་བཅས་གི་གནད་དོན་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་དག་གིས་འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་གནང་འཆར་ཡོད་སྟབས། དུས་ཚིགས་ཀྱི་ཆ་ནས་ད་རེས་ཀྱི་ལྷན་ཚོགས་དེའི་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་དགོས་པ་དེ་ཆེས་གནད་ཆགས་ཡོད་པ་མ་ཟད། ལྷན་ཁང་དེའི་ཚོགས་མི་རྒྱལ་ཁབ་རྣམས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དང་ལྷག་པར་དུ་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་ཆོད་སེམས་ཇི་ཙམ་ཡོད་པ་གསལ་སྟོན་གནང་རྒྱུ་དེ་ཛ་དྲག་ཆགས་ཡོད་ཅེས་གསུངས་འདུག

རྒྱ་ནག་གི་སྲིད་འཛིན་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུ།

རྒྱ་ནག་གཞུང་ནས་འཚོགས་ལ་ཉེ་ལ་བའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་རྒྱ་ནག་གི་རྩ་ཁྲིམས་ནང་དོན་ཁག་ཅིག་ལ་བསྐྱར་བཅོས་བརྒྱུད་རྒྱ་ནག་གི་སྲིད་འཛིན་ལས་ཡུན་ལ་དུས་བཀག་ཚད་གཞི་མེད་པ་བཟོ་རྒྱུ་རེད་འདུག ཁ་སང་ཟླ་ ༢ ཚེས་ ༢༥ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Xinhua དང་ Global Times ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་ནས་ཡུལ་དེའི་རྩ་ཁྲིམས་ནང་གསལ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གནད་དོན་དང་། གྲོང་སྡེ་ཁག་གི་ཆབ་སྲིད་ལས་དོན། དེ་བཞིན་གྲངས་ཉུང་མི་རིགས་དང་རྒྱ་ནག་དབུས་རྒྱུན་ལས་ཁང་གི་ལས་འགན་དང་དབང་ཚད་སོགས་དང་འབྲེལ་བའི་གནད་དོན་ཁག་ཅིག་ལ་བསྐྱར་བཅོས་བྱ་རྒྱུའི་གྲོས་གཞི་ཞིག་གཏན་འབེབས་བྱས་ཡོད་པ་དང་། གྲོས་གཞི་དེ་ཟླ་ ༣ ཚེས་ ༥ ཉིན་འཚོགས་གཏན་འཁེན་བའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་མཐའ་མའི་ཐག་གཅོད་བྱ་རྒྱུ་ཡིན་པ་གསལ་འདུག ཐེངས་འདིའི་རྩ་ཁྲིམས་བསྐྱར་བཅོས་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གནད་དོན་ཐད་ལ་གཞིགས་ཚེ་དེ་སྔ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ལ་གང་ཟག་སུ་རུང་ཞིག་ནས་རྒྱ་ནག་གི་སྲིད་འཛིན་བྱེད་སྐབས་དུས་ཡུན་རིང་ཤོས་ལ་ལོ་ངོ་བཅུ་ལས་ལྷག་པ་བྱ་མི་མཆོག་པར་ཚད་བཀག་བྱས་པ་དེ་ཕྱིར་འཐེན་བྱས་ནས་སྲིད་འཛིན་གྱི་ལས་ཡུན་དེར་ཚད་བཀག་མེད་པ་བཟོས་ཡོད། བསྐྱར་བཅོས་དེས་ད་ལྟ་སྲིད་འཛིན་གྱི་ལས་ཡུན་སྐབས་གཉིས་པ་དང་ལས་ཐོག་སྲིད་འཛིན་ཞི་ཅིང་ཕིང་རང་ཉིད་ཀྱི་འདོད་པ་ལྟར་རྒྱ་ནག་གི་སྲིད་འཛིན་བསྟུད་མར་བྱ་རྒྱུའི་ལམ་ཁ་ཞིག་བསྐྲུན་ཡོད་སྟབས། དེ་འབྲེལ་རྒྱ་རིགས་ཁག་ཅིག་ནས་རྒྱ་ནག་ནང་དར་ཁྱབ་ཆེ་བའི་སྤྱི་ཚོགས་ཀྱི་དྲ་གནས་ Weibo དང་ Wechat སོགས་ཀྱི་ཐོག་ང་ཚོའི་རྒྱལ་ཁབ་འདི་བྱང་ཀོ་རི་ཡའི་རྒྱལ་ཁབ་དང་གཅིག་མཚུངས་ཆགས་ཀྱི་འདུག གལ་ཏེ་སྲིད་འཛིན་གྱི་དུས་ཡུན་ཐེངས་གསུམ་བཟོ་ན་འགྲིག་པ་ལས་དུས་བཀག་མེད་པ་བཟོ་བ་དེ་བཟང་རྟགས་ཤིག་མིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་མང་དག་ཞིག་བྱུང་འདུག འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་དང་འབྲེལ་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ད་ལྟའི་ཆ་ལ་རྒྱ་ནག་མི་དམངས་འཐུས་མི་ལྷན་ཚོགས་ཀྱི་ཚོགས་མི་བརྒྱ་ཆ་ ༧༢ ལྷག་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཡིན་སྟབས། གྲོས་ཆོད་དེ་གཏན་འབེབས་ཐུབ་རྒྱུ་ངེས་པ་ཞིག་ཡིན་པ་དང་། རྩ་ཁྲིམས་བསྐྱར་བཅོས་རྗེས་སུ་ཞི་ཅིང་ཕིང་ལ་དབང་ཆ་ཚང་ཡོད་སྟབས་བོད་ཀྱི་གནད་དོན་ཐོག་ལ་ལག་པ་འཆང་ཚེ་འཆང་ས་དང་རེ་བ་བྱ་རྒྱུ་ཡོད་སྐོར་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱ་ནག་གི་སྲིད་འཛིན་ལོ་ཡུན་དང་འབྲེལ་བའི་གནད་དོན་ཙམ་མ་ཟད། སྔར་ལོ་རྒྱ་ནག་གི་རྒྱལ་ས་ Beijing ནང་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཐོག་ཞི་ཅིང་ཕིང་གིས་ཡོངས་བསྒྲགས་སུ་བཤད་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་ལུགས་ཞེས་པའི་ལྟ་གྲུབ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་བཞག་རྒྱུ་དང་། གྲངས་ཉུང་མི་དང་འབྲེལ་བའི་ཐ་སྙད་བེད་སྤྱོད་བྱེད་ཕྱོགས་ལ་བསྐྱར་བཅོས་སོགས་རྩ་ཁྲིམས་ཀྱི་དོན་ཚན་མི་འདྲ་བ་བཅུ་ཙམ་ལ་བསྐྱར་བཅོས་གཏན་འབེབས་བྱེད་ཀྱི་ཡོད་པ་རེད།

འགུལ་རིས་བརྙན་ཐུང་བརྒྱུད་ནས་ ༢༠༢༢ ལོའི་པི་ཅིང་གི་དགུན་དུས་ཨོ་རྩེད་འགྲན་སྡུར་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་མཚོན་པའི་འགུལ་རིས་བརྙན་ཐུང་བརྒྱུད་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ལ་ཟུར་ཟ་དང་སྐྱོན་བརྗོད་གནང་འདུག ཟླ་བ་འདིའི་ཕྱི་ཚེས་ ༩ ནས་ཁ་སང་བར་ལྷོ་ཀོ་རི་ཡར་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ཆེན་མོ་ཚོགས་ཡོད་པ་རེད། ཁྱོན་ཉིན་གྲངས་ ༡༧ རིང་གི་རྩེད་འགྲན་ཆེན་མོ་དེ་ཁ་སང་ཕྱི་ཚེས་ ༢༥ ཉིན་མཇུག་སྒྲིལ་གནང་ཡོད་པ་མ་ཟད་སྐབས་དེར་ལྷོ་ཀོ་རི་ཡའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལུགས་སྲོལ་ལྟར་རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་གྱི་དར་ཆ་དེ་རིང་མིན་ ༢༠༢༢ ལོར་དགུན་དུས་ཨོ་རྩེད་འགྲན་བསྡུར་ཚོགས་ཡུལ་རྒྱ་ནག་ལ་རྩིས་སྤྲོད་གནང་ཡོད་པ་རེད། ཁ་སང་ལྷོ་ཀོ་རི་ཡའི་ནང་ཚོགས་པའི་ཨོ་རྩེད་འགྲན་བསྡུར་མཇུག་སྒྲིལ་དང་གཞུང་འབྲེལ་དར་ཆ་རྩིས་སྤྲོད་རྩིས་ལེན་གནང་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག Beijing 2022: Will it be another bloody Games འམ་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་པི་ཅིང་གི་དགུན་དུས་ཨོ་རྩེད་འགྲན་སྡུར་དེ་མི་བསད་ཁྲག་སྦྱོར་གྱི་རྩེད་འགྲན་གཞན་ཞིག་ཆགས་རྒྱུ་ཡིན་ནམ་ཞེས་འབོད་ཚིག་བཀོད་ཐོག་རྒྱ་གཞུང་ལ་ཟུར་ཟ་བྱས་པའི་འགུལ་རིས་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག ལྟེ་གནས་ཁང་དེས་སྤེལ་བའི་དུས་ཡུན་སྐར་མ་གཅིག་ཡོད་པའི་འགུལ་རིས་བརྙན་ཐུང་དེའི་ནང་གཙོ་བོ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་པི་ཅིང་དུ་ཨོ་རྩེད་འགྲན་བསྡུར་མ་ཚོགས་གོང་དུ་བལ་བོད་ཀྱི་ས་མཚམས་ནང་པ་ལར་རྒྱ་གཞུང་གི་དམག་མིས་བོད་ནས་བྲོས་འབྱོལ་དུ་ཡོང་མཁན་བོད་པའི་བཙུན་མ་ཞིག་ལ་མེ་མདའ་བརྒྱབ་ནས་དམར་བསད་བཏང་བ་དང་ལྷག་ཏུ་ཕྱི་ལོ་ ༢༠༠༨ ལོར་པི་ཅིང་རྒྱལ་སྤྱིའི་ཨོ་རྩེད་འགྲན་རྩོད་ཚོགས་རྗེས་བོད་གཙོ་འགྱུར་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཞན་དུ་ཕྱིན་ཡོད་པ་སོགས་གསལ་བཏོན་གནང་ཡོད། འདི་ག་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་སུ་བཅར་འདྲི་ཞུས་པར་དེ་སྔ་རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་ཨོ་རྩེད་འགྲན་བསྡུར་སྐབས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་བར་ཁས་ལེན་བྱས་པ་དང། དེ་བཞིན་ཨོ་རྩེད་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རེ་བ་དང་ཡིད་ཆེས་གནང་བ་ལྟར་རྒྱ་ནག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མངོན་གསལ་བྱས་པ་དང་འབྲེལ། རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་དེ་སྔའི་ཚོགས་ཆུང་གི་གྲོས་ཆོད་དང་ཆ་རྐྱེན་ནང་གསལ་བཞིན་ད་བར་རྒྱ་གཞུང་ནས་དོན་འཁྱོལ་ལག་བསྟར་ཇི་བྱེད་ཁ་གསལ་དགོས་པར་རེ་འདུན་ཆེད་བཏོན་ཡོད་པ་གསུངས་འདུག དེ་བཞིན་ཨོ་རྩེད་གྲོལ་རྗེས་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་དུ་ཕྱིན་ཡོད་པའི་སྙན་ཐོ་ཞིག་རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་ཕུལ་ནས་རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཁག་བོད་དུ་འགྲོ་བསྐྱོད་གནང་བཅུག་དགོས་པ་དང་ལྷག་ཏུ་ས་གནས་དངོས་ཀྱི་གནས་སྟངས་རྟོག་ཞིབ་གནང་ཐོག་རྒྱུས་ལོན་ཡོང་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་འདུག རྩ་བའི་ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་དེ་རྒྱ་ནག་ཏུ་འཚོགས་རྒྱུ་ཐག་གཅོད་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་བཅས་ཚོགས་སྒེར་ཁག་གིས་དེར་ངོ་རྒོལ་དང་སྐྱོན་བརྗོད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།

བོད་ནང་གི་བོད་མི་རྣམས་མུ་མཐུད་མི་རིགས་དབྱེ་འབྱེད་དང་དྲག་གནོན་འོག་ལྷུང་ཡོད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁ་སང་གསར་དུ་འདོན་སྤེལ་གནང་བའི་སྙན་ཐོའི་ནང་འདས་པའི་ཕྱི་ལོ་ ༢༠༡༧ ལོའི་ནང་བོད་ནང་གི་བོད་རྣམས་མི་རིགས་དབྱེ་འབྱེད་ཀྱི་ངལ་བ་མུ་མཐུད་མྱོང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང། དེ་བཞིན་འདུ་འཛོམས་རང་དབང་བཅས་ལ་དྲག་གནོན་བྱེད་མུས་ཡིན་པ་ཐེར་བཏོན་གནང་འདུག དེའང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཚོགས་པ་དེས་ཁ་སང་ཕྱི་ཚེས་ ༢༢ ཉིན་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁྱོན་ ༡༥༩ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཞིབ་འཇུག་གནང་བའི་ཤོག་གྲངས་ ༤༠༠ ཅན་གྱི་སྙན་ཐོ་དེ་ཆེས་ཐོག་མ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སིར་འདོན་སྤེལ་གནང་བ་དང་འབྲེལ། བྷར་མ་དང་ SaudiArabia དེ་བཞིན་ལྷོ་ Sudan བཅས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ལྷག་ཏུ་ཨ་རིའི་སྲིད་འཛིན་ Donald Trump དང་ཨུ་རུ་སུའི་སྲིད་འཛིན་ Vladimir Putin དེ་བཞིན་རྒྱ་ནག་གི་སྲིད་འཛིན་ Xi Jinping བཅས་ནི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་གི་སྲིད་བྱུས་སྤེལ་མཁན་ཆབ་སྲིད་མི་སྣའི་ཁོངས་སུ་མིང་བཏོན་གནང་འདུག ཚོགས་པ་དེའི་ངེས་སྟོན་པ་ TiranHasan ལགས་ཀྱིས་སྐབས་དེར་རྒྱལ་སྤྱིའི་དབུ་ཁྲིད་དེ་དག་གིས་རང་ཉིད་ཀྱི་ལས་དོན་ལ་ཕྱིར་མིག་ཞིག་བལྟ་ཚེ་དེ་དག་ནི་དེང་རབས་ཀྱི་ལོ་རྒྱུས་ཁྲོད་ཆེས་མུན་ནག་གི་ལེ་ཚན་འགའ་ཞིག་འཆར་ཟིན་བཀོད་མཁན་གཙོ་གྲས་ཤིག་ཆགས་ཡོད་པ་ཤེས་རྟོགས་གསལ་པོ་ཐུབ་ངེས་ཡིན་པ་གསུངས་འདུག རྩ་བའི་སྙན་ཐོ་དེའི་ནང་གསལ་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་བོད་པའི་ས་ཁུལ་ཁག་གཅིག་གི་ཚན་པའི་ནང་། དེ་སྔ་ཕྱི་ལོ་ ༢༠༡༦ ལོར་རྒྱལ་ཚོགས་ཀྱི་ཆེས་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་བསལ་ཆེད་ལས་སྐུ་ཚབ་མཆོག་རྒྱ་ནག་ཏུ་ཕེབས་རྗེས་སྤྱིར་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཁབ་དེའི་ནང་གི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་ཁག་ལ་བསྔགས་བརྗོད་ཞུས་ཡོད་ཀྱང། ཡུལ་དེའི་ནང་གི་གྲངས་ཉུང་མི་རིགས་མང་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང། ཁོང་རྣམ་པའི་ཁྲོད་མི་རིགས་དབྱེ་འབྱེད་དང་བཙན་དབང་གིས་གཞིས་སྤོ་སོགས་ཀྱི་ལས་གཞི་སྤེལ་བཞིན་པ་མངོན་གསལ་གནང་བ་མ་ཟད། བོད་མི་དང་ཡུ་གུར་མི་རིགས་ཀྱི་གནས་བབ་ཆེས་ཞེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་བ་ལུང་འདྲེན་གནང་འདུག སྙན་ཐོ་དེའི་ནང་ད་དུང་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནས་བབ་དང། འདས་ལོའི་ནང་བོད་མི་དྲུག་གིས་རང་སྲེག་གནང་བའི་བརྒྱུད་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་བྱས་པ་མ་ཟད། དཀར་མཛེས་ནང་པད་མ་རྒྱལ་མཚན་ལགས་ནས་རང་བསྲེགས་གནང་རྗེས་ཁོང་གི་ནང་མི་རྣམས་དོ་དམ་བཀག་ཉར་དང་རྡུང་འདེགས་བཏང་བ་སོགས་ཀྱི་གནད་དོན་ཁག་ཅིག་ལུང་འདྲེན་དང་འབྲེལ། བོད་མི་རྣམས་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་མུ་མཐུད་མྱོང་བཞིན་ཡོད་པ་མ་ཟད། བོད་མི་ཚོའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང། དེ་བཞིན་འདུ་འཛོམས་རང་དབང་བཅས་ལ་དྲག་གནོན་བྱེད་མུས་ཡིན་པ་ཐེར་བཏོན་གནང་འདུག རྒྱ་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་དང་འཇིགས་སྐུལ་རིང་ལུགས་ལ་འགོག་རྒོལ་ཟེར་བ་སོགས་ཀྱི་ལས་འགུལ་ལ་ཁ་གཡར་ནས་ཤིན་ཅང་དང་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་ཆེས་གསལ་བཏོན་གནང་ཡོད་པ་རེད།    

ཏཱ་ལའི་རུ་ཚོགས་དང་འབྲེལ་ཡོད་ལས་གཞི་ཁག་གཞུང་ལ་རྩིས་སྤྲོད་བྱེད་དགོས།

ཁ་སང་ Global Times ཞེས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་ནས་ངན་སྐུལ་གྱིས་ཁྲིམས་འགལ་བྱ་སྤྱོད་ལ་དམ་དྲག་དང་གཙང་བཟོའི་ལས་གཞི་ཟེར་བའི་ལམ་སྟོན་ཡིག་ཆ་ཞིག་འདོན་སྤེལ་བརྒྱུད། ས་གནས་མང་ཚོགས་ནས་ཏཱ་ལའི་རུ་ཚོགས་ཀྱིས་བརྒྱུད་སྐུལ་བྱས་པའི་ཁྲིམས་འགལ་ལས་དོན་རིགས་སོགས་ཀྱི་སྐོར་འབྲེལ་ཡོད་ལས་ཁུངས་སུ་སྐབས་ཐོག་བརྡ་ལན་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག དེའང་སྤྱི་བདེ་ལས་ཁུངས་ཀྱི་ཡིག་ཆའི་ནང་ཕུགས་རྒྱང་རིང་པོའི་སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་ཁྲོད་འཆམ་མཐུན་དང་བདེ་སྐྱིད་བསྐྲུན་ཆེད། དོན་ཚན་ ༢༢ ཅན་གྱི་ལམ་སྟོན་ཁག་ཅིག་སྟོན་པ་ལས་ཉུང་མཐར་དོན་ཚན་གསུམ་ཙམ་ཞིག་ཏཱ་ལའི་རུ་ཚོགས་ཟེར་བ་དང་ཐད་ཀར་འབྲེལ་བ་བཏགས་འདུག དེའི་ཁོངས་སུ་ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱིས་བརྒྱུད་སྐུལ་འོག་ས་གནས་སུ་བརྟན་ལྷིང་དཀྲུག་པ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ། དེ་བཞིན་དཔལ་འབྱོར་དང་ཁོར་ཡུག ཤེས་ཡོན། རིག་གཞུང་སོགས་ཀྱི་གནད་དོན་ཐོག་མང་ཚོགས་ཀྱི་མགྲིན་ཚབ་པ་ཡིན་ཁུལ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་མགྲིན་ཚབ་པ་ཡིན་པའི་ཁྲིམས་འགལ་གྱི་རུ་ཁག གཞན་ཡང་ཁྲིམས་མཐུན་མིན་པའི་ལམ་ཐོག་ནས་མང་ཚོགས་ཁྲོད་དང་བླངས་དང་བཙན་དབང་གཉིས་ཀའི་ཐོག་ནས་དངུལ་གྱི་ཞལ་འདེབས་བསྡུ་རུབ་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ལས་དོན་ལ་མཐུན་འགྱུར་སྦྱར་བའི་ལས་དོན་སོགས་འཁོད་འདུག

Latest news