Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ལྷ་ས་མེ་འཁོར་འབབ་ཚུགས་ཁེལ་ཡུལ་སླེའུ་གྲོང་ཁུལ་མང་ཚོགས་སྤྲང་པོ་ལྟ་བུའི་འཚོ་བ་སྐྱེལ་བཞིན་ཡོད་པ།

ལྷ་སའི་མེ་འཁོར་འབབ་ཚུགས་ཁེལ་ཡུལ་སླེའུ་གྲོང་ཁུལ་དུ་ཡོད་པའི་ཞིང་པ་རྣམས་ཀྱི་འཚོ་རྟེན་དུ་གྱུར་བའི་ས་ཞིང་རྣམས་དེ་སྔོན་མེ་འཁོར་འབབ་ཚུགས་གསར་སྐྲུན་ཆེད་སྲིད་གཞུང་གིས་གཞུང་བཞེས་བཏང་ནས་གུན་གསབ་དངུལ་ཕྲན་བུ་སྤྲད་ཡོད་ཀྱང་དེང་སྐབས་གུན་གསབ་དངུལ་དེ་དག་རིམ་བཞིན་ཟད་སྟབས་མང་ཚོགས་མང་ཆེ་བ་སྤྲང་པོ་ལྟ་བུའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད་འདུག དེ་སྔོན་ལྷ་ས་མེ་འཁོར་འབབ་ཚུགས་ཁེལ་ཡུལ་སླེའུ་གྲོང་ཁུལ་མང་ཚོགས་རྣམས་དེ་སྔ་རང་གི་ས་ཞིང་ལ་བརྟེན་ནས་འཚོ་བར་དཀའ་ངལ་མེད་ཀྱང་ས་ཞིང་གཞུང་བཞེས་བཏང་རྗེས་མང་ཚོགས་མང་ཆེ་བ་འཚོ་རྟེན་མེད་པར་སྤྲང་པོ་ལྟ་བུའི་འཚོ་བ་སྐྱེལ་བཞིན་ཡོད་པ་མ་ཟད། དེ་དག་ཁྲོམ་གཞུང་དུ་གད་འཕྱག་པ། ནང་མ་ཁང་སོགས་ནང་གཞས་གཏོང་བ། ལས་ཁུངས་ཁག་གི་སྒོ་སྲུང་བ་སོགས་གླ་ཕོགས་ཧ་ཅང་ཉུང་བའི་ལས་རིགས་མ་གནང་ཀ་མེད་ཀྱི་གནས་གྱུར་ཡོད་པ་རེད་འདུག ལྷག་དོན་དུ་དེང་སྐབས་སླེའུ་གྲོང་ཁུལ་ནང་གླུ་གཞས་འཁྲབ་སྦྱོང་བྱ་སའི་ཁང་ཆེན་ཞིག་ཀྱང་གསར་སྐྲུན་བྱས་ཡོད་པ་དང་། གླུ་གཞས་འཁྲབ་སྦྱོང་བྱ་སའི་ས་གནས་ས་ཐོག་ནས་འཁྲབ་སྦྱོང་བྱེད་བཞིན་པའི་སྐབས་ཀྱི་བརྙན་ཐུང་ཡང་འདི་གར་བཏང་འབྱོར་བྱུང་ཡོད། དེ་དང་ཕྱོགས་མཚུངས་རྒྱ་གཞུང་གིས་འདི་ལོ་ཕྱི་ཟླ་ ༥ པའི་ནང་ལྷ་ས་སྟོད་ལུང་བདེ་ཆེན་ཁུལ་དུ་ཞིང་པ་མང་ཚོགས་ཀྱི་ས་ཞིང་ཡང་སྲིད་གཞུང་གིས་མེ་ཏོག་འདེབས་འཛུགས་བྱ་རྒྱུ་ཡིན་པར་ཁ་གཡར་ཏེ་གཞུང་བཞེས་བཏང་བར་བརྟེན་མང་ཚོགས་ཀྱིས་མི་རབས་ནས་བརྒྱུད་པའི་རང་གི་ཞིང་པའི་འཚོ་རྟེན་ཤོར་བར་བརྟེན་མང་ཚོགས་རྣམས་སེམས་སྡུག་དང་ཁོང་ཁྲོ་ཆེན་པོའི་ནང་ལྷུང་ཡོད་ཀྱང་བདེ་སྡུག་ཞུ་ས་མེད་པར་གྱུར་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

ལྷ་སར་ཡུལ་སྐོར་ཡོང་མཁན་རྒྱ་རིགས་ཚོ་དང་ཐོག་རྒྱ་བཟའ་ཀོང་ཇོའི་ལོ་རྒྱུས་འཁྲབ་སྟོན་མ་བལྟ་ཚེ་འགྲོ་བསྐྱོད་ལག་ཁྱེར་མེད་པ་བཟོ་ཡི་ཡོད་འདུག

རྒྱ་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་ལ་དམིགས་ནས་ཕྱི་ལོ་ ༢༠༡༣ ལᨕ་ནས་འགོ་འཛུགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ངོས་སྐྱིད་ཆུའི་ཕར་ཕྱོགས་གྲིབ་ཞེས་པའི་ས་ཁུལ་དུ་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་ཚོར་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པའི་སྐོར་གྱི་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་ཁྲབ་སྟོན་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཐོན་མུས་ལྟར། དེང་སྐབས་རྒྱ་རིིགས་ཡུལ་སྐོར་བ་ཚོ་ལྷ་སར་སླེབས་རྗེས་ས་ཁུལ་གཞན་ལ་ཡུལ་སྐོར་དུ་མ་འགྲོ་བའི་སྔོན་ལ་དང་ཐོག་རྒྱ་བཟའ་ཀོང་ཇོའི་འཁྲབ་སྟོན་ངེས་པར་བལྟ་དགོས་པ་དང་། ཅི་ཏེ་མ་བལྟ་ཚེ་ས་གནས་གཞན་ལ་བསྐྱོད་རྒྱུའི་ལག་ཁྱེར་མེད་པ་བཟོ་རྒྱུ་རེད་འདུག རྒྱ་བཟའ་ཀོང་ཇོ་བོད་ལ་སླེབས་པའི་སྐོར་གྱི་བོད་ཀྱི་དོན་དངོས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོོད་པ་དང་རྒྱ་རིགས་ཡུལ་སྐོར་བ་རྣམས་རྒྱ་བཟའ་ཀོང་ཇོ་བོད་ལ་སླེབས་པའི་ལོ་རྒྱུས་འཁྲབ་སྟོན་དེར་ངེས་པར་དུ་བལྟ་བཅུག་པ་ནི་བོད་དང་རྒྱ་ནག་གཉིས་འབྲེལ་བ་ཆགས་སྟངས་དང་རྒྱ་བཟའ་ཀོང་ཇོ་བོད་ལ་སླེབས་པར་བརྟེན་བོད་ནང་རིག་གནས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ། རྒྱ་མི་རིགས་ཀྱི་ཤེས་རབ་དང་སྙིང་སྟོབས། བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློའི་གོ་རྟོགས་སྤེལ་སླད་ཡིན་པ་རེད་འདུག བོད་ཀྱི་རྒྱལ་ས་ལྷ་སར་དེང་སྐབས་རྒྱ་རིགས་ཡུལ་སྐོར་དུ་ཡོང་མཁན་ལོ་རེ་བཞིན་ཇི་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་རྒྱ་རིགས་ཡུལ་སྐོར་བ་ཚོས་རྒྱ་བཟའ་ཀོང་ཇོའི་འཁྲབ་སྟོན་དེའི་ཕྱག་ཁྱེར་ཉོ་བར་རྒྱ་སྒོར་༥༠༠ ནས་ ༡༠༠༠ སྤྲོད་དགོས་སྟབས་རྒྱ་རིགས་ཡུལ་སྐོར་བ་ཚོའི་ལག་ནས་དངུལ་འཕོན་ཆེ་འཕྲོག་བཅོམ་བྱེད་བཞིན་ཡོད་པ་རེད་འདུག རྒྱ་བཟའ་ཀོང་ཇོའི་ལོ་རྒྱུས་འཁྲབ་སྟོན་བྱེད་ས་དེ་ནི་རྩེ་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཡིན་པ་བརྗོད་མཁན་ཡོད་ཀྱང་དེ་ནི་བདེན་པ་མིན་ཞིང་། རྩེ་ཕོ་བྲང་པོ་ཏ་ལའི་ཞོལ་འགྲེམས་སྟོན་ཁང་དུ་རྒྱ་བཟའ་ཀོང་ཇོ་བོད་ལ་སླེབས་པའི་སྐོར་གྱི་འགྲེམས་སྟོན་བལྟ་རྒྱུ་ཡོད་པ་ལས་འཁྲབ་སྟོན་བྱས་མེད་སྐོར་འགྲེལ་བརྗོད་གནང་སོང་། ལྷག་དོན་ཁོང་གིས་འཁྲབ་སྟོན་བྱེད་ས་དངོས་ནི་ལྷ་སའི་ལྷོ་ངོས་སྐྱིད་ཆུའི་འགྲམ་གྱི་གྲིབ་ཞེས་པའི་ས་གནས་དེར་ཡིན་པ་དང་དེང་སྐབས་གྲོང་ཁྱེར་གྱི་རྣམ་པར་འཛུགས་སྐྲུན་བྱས་ཡོད་པ་དང་དེའི་སྦྱིན་བདག་ཀྱང་རྒྱ་རིགས་ཡིན་པར་འགྲེལ་བརྗོད་གནང་ཡོད།

རྒྱ་ནག་ནང་ Winnie the Pooh ཡི་གློག་བརྙན་བཀག་སྡོམ།

བྱིས་པའི་འགུལ་རིས་གྲགས་ཅན་ Winnie the Pooh ཞེས་པའི་དོམ་ཕྲུག་སེར་པོའི་གློག་བརྙན་གསར་པ་ Christopher Robin ཟེར་བ་དེ་རྒྱ་ནག་ནང་བཀག་སྡོམ་བྱས་འདུག དེའང་ཉེ་བའི་ལོ་ཤས་ནང་རྒྱ་རིགས་མང་ཚོགས་ནས་ Winnie the Pooh ཞེས་པའི་དོམ་ཕྲུག་རྒྱག་པ་རིལ་རིལ་དེའི་ཕྱིའི་གཟུགས་ཀྱི་ཁྱད་ཆོས་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་མཚུངས་བསྡུར་གྱིས་བསྟན་བཤིག་སློང་གི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་རྒྱ་སོགས་ཀྱི་སྟེང་དོམ་ཕྲུག་དེའི་འགུལ་རིས་དང་དེའི་མིང་སོགས་སྤྱོད་རྒྱུར་བཀག་སྡོམ་བྱེད་མུས་ཡིན་པ་མ་ཟད། ཟླ་བ་འདིའི་ཚེས་ ༣ ཉིན་འཛམ་གླིང་ཁྱོན་དུ་གཟིགས་འབུལ་འགོ་འཛུགས་ཞུས་པའི་ Winnie the Pooh གློག་བརྙན་དེ་ད་ཆ་རྒྱ་ནག་ནང་ཡོངས་བསྒྲགས་ཐོག་བཀག་སྡོམ་བྱས་ཡོད་པ་རེད་འདུག རྩ་བའི་སྲིད་འཛིན་ཞི་ཅིང་ཕིང་དང་ Winnie དབར་མཚུངས་བསྡུར་བྱ་རྒྱུ་དེ་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨོ་བྷ་མ་དང་ཞི་ཅིང་ཕིང་རྣམ་གཉིས་དགོང་ཚིགས་བཞེས་པར་མཉམ་དུ་བསྐྱོད་སྐབས་ཀྱི་འདྲ་པར་ཞིག་ནས་འགོ་བཙུགས་ཡོད་པ་དང། སྐབས་དེར་ཞི་ཅིང་ཕིང་ནི་ Winnie དང་སྐུ་ཞབས་ཨོ་བྷ་མ་ནི་དོམ་ཕྲུག་དེ་དང་འབྲེལ་བའི་དགོད་བྲོའི་རྟོག་སྒྲུང་ལས་ tigger ཞེས་པའི་སྟག་གི་དཔེ་མཚུངས་བཀོད་ཡོད་པ་རེད། དེ་རྗེས་སླར་ཡང་ཕྱི་ལོ་ ༢༠༡༤ ལོར་ཞི་ཅིང་ཕིང་དང་ཉི་ཧོང་གི་སྲིད་བློན་ Shinzo Abe རྣམ་གཉིས་མཇལ་འཕྲད་སྐབས་རྟོག་སྒྲུང་དོམ་དང་མཚུངས་བསྡུར་བྱས་ཡོད་པ་མ་ཟད་ Shinzo Abe དེ་ Winnie the Pooh རྟོག་སྒྲུང་ལས་ Eeyore བོང་བུ་དང་དཔེ་མཚུངས་བཀོད་པ་བཅས་སྤྱི་ཚོགས་བརྒྱུད་ལམ་དྲྭ་རྒྱའི་ཐོག་ཏུ་ཞི་ཅིང་ཕིང་དང་དོམ་ཕྲུག་དེ་མཚུངས་བསྡུར་གྱིས་བྱ་སྤྱོད་དེ་རིམ་བཞིན་མང་དུ་སོང་བ་ལྟར་རྒྱ་ནག་གཞུང་གིས་ཞི་ཅིང་ཕིང་ལ་འཕྱ་སྨོད་ཀྱི་སྣང་བརྙན་དེ་རིགས་ཡོངས་རྫོགས་ནག་སུབ་བཏང་ཡོད་པ་རེད། ལྷག་པར་དུ་ཕྱི་ལོ་ ༢༠༡༥ ལོར་དམག་རྩེད་རུ་སྒྲིག་རྒྱས་སྟོན་སྐབས་སྲིད་འཛིན་ཞི་ཅིང་ཕིང་དང་དོམ་ Winnie དབར་མཚུངས་བསྡུར་བྱས་པ་དེ་ཆེས་ཡོངས་གྲགས་གྱུར་པ་མ་ཟད་ལོ་དེའི་ནང་སྣང་བརྙན་དེར་དམ་དྲག་ཤུགས་ཆེ་བྱ་ཡུལ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་དང་ཞི་ཅིང་ཕིང་སྒེར་གྱི་ངོས་ནས་ཀྱང་དོ་སྣང་ཤུགས་ཆེ་བྱེད་དགོས་པའི་གནད་དོན་ཞིག་ཆགས་སྐོར་ Global Risk Insights ཞེས་པའི་ཆབ་དཔལ་རིག་གསུམ་དང་འབྲེལ་བའི་དཔྱད་ཞིབ་གསར་ཤོག་སྟེང་བཀོད་ཡོད་པ་རེད།

བསྟན་འཛིན་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཛིན་བཟུང་འོག་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག

བོད་ཀྱི་ཤར་ཕྱོགས་སུ་གནས་པ་ནག་ཆུ་ཁུལ་ཤག་རོང་རྟ་ཆེན་ཡུལ་ཚོ་ལྔ་པ་སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ལགས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་རྒྱ་གཞུང་གིས་བཙན་ཁྲིད་འོག་ད་བར་ཟླ་བ་བཞི་ལྷག་འགྲོ་བཞིན་ཡོད་ཀྱང་ད་ལྟའི་ཆར་ཁོང་བཙོན་ཁང་གང་ཞིག་ཏུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་སྟབས་འབྲེལ་ཡོད་ཚོས་ཁོང་གི་བདེ་འཇགས་ལ་སེམས་ཁྲལ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག འདི་ལོ་ཕྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་བསྟན་འཛིན་ཆོས་འཕེལ་ལགས་རྒྱ་ནག་ནས་ལྷ་སར་ལོག་པའི་ལམ་བར་དུ་ལྷོ་ཁ་གོང་དཀར་གནམ་ཐང་ནས་རྒྱ་གཞུང་གིས་གློ་བུར་དུ་འཇུ་བཟུང་བྱས་ནས་ཅ་དངོས་བསྔོག་གཤེར་སྐབས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་དང་སྡོད་ཁྱིམ་དུ་བསྔོག་གཤེར་སྐབས་༸གོང་ས་མཆོག་གི་༸སྐུ་པར་བཅས་ཐོན་པའི་གནས་ཚུལ་ཙམ་ལས་འཛིན་བཟུང་བྱེད་དོན་གང་ཡིན་ཤེས་རྟོགས་ཐུབ་མེད་པ་མ་ཟད་ད་ལྟའི་ཆར་ས་གནས་གང་ཞིག་ཏུ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་ཐབས་བྲལ་ཡོད་པ་རེད། བསྟན་འཛིན་ཆོས་འཕེལ་ལགས་ནི་རྒྱུན་དུ་རང་རིགས་ལ་ཞེན་པ་དཀར་ཞིང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བོད་མི་ཉམ་ཐག་ལ་རོགས་སྐྱོར་དང་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གང་ཞིག་ཡོད་ཀྱང་དེའི་ཐད་ལ་དཔལ་འབྱོར་གྱི་ཞལ་འདེབས་འབུལ་བ་དང་། བོད་མི་ནང་ཁུལ་ལ་མཐུན་སྒྲིལ་སོགས་ཀྱི་ཆེད་དུ་ལྷག་བསམ་གཡོ་བ་མེད་པར་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་ལོ་ཤས་སྔོན་ནས་ནག་ཆུ་བྱི་ནགས་འཁོར་གསུམ་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁ་སོགས་ལ་སྲུང་སྐྱོབ་ཆེད་དུ་རྫོང་དང་ལྗོངས་རིམ་པ་བརྒྱུད་ནས་གནས་རི་དང་། གནས་ས་མང་པོ་ཞིག་རྒྱ་ནག་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡིག་ཆ་བཞག་པ་དང་ལོ་རྒྱུས་ཀྱི་རྡོ་རིང་སློང་བ་སོགས་ཀྱི་ལས་གཞིའི་ཐད་ལའང་དཔལ་འབྱོར་གྱི་འགྲོ་གྲོན་མང་དག་བཏང་མྱོང་འདུག བསྟན་འཛིན་ཆོས་འཕེལ་ལགས་ནི་ད་ལྟའི་ཆར་ལོ་ན་བཞི་བཅུ་ཞེ་གྲངས་སོན་ཡོད་པ་དང་། ནག་ཆུ་གྲོང་ཁྱེར་དུ་གཏན་སྡོད་བྱེད་བཞིན་ཡོད་པ་མ་ཟད་ཁོང་ལ་བཟའ་ཟླ་དང་བུ་ཕྲུག་མེད་པར་རྒྱུན་དུ་ཚོང་ལས་གཉེར་གནང་གི་འདུག

རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆུང་ནས་རྒྱ་ནག་ལ་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་དྲི་བ་ཕུལ་འདུག

རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་གཞུང་གི་སྙན་ཐོར་བསྐྱར་ཞིབ་དང་འབྲེལ་ནས་ཡུལ་དེའི་ནང་གི་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་གནད་དོན་ཐོག་དྲི་བ་ཁག་ཅིག་གནང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་འདྲ་མིན་རྩ་འགོག་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལག་བསྟར་ཐོག་དཔྱད་ཞིབ་གནང་མཁན་གྱི་ཚོགས་ཆུང་ནས་དེ་སྔོན་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ལྷན་ཚོགས་ཐེངས་ ༩༦ ཐོག་ཕུལ་བའི་སྙན་ཐོ་དེར་བསྐྱར་ཞིབ་གནང་རྗེས་ཉེ་ལམ་ཕྱི་ཟླ་ ༦ ནང་རྒྱ་གཞུང་ལ་བོད་གཙོ་གྱུར་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དྲི་བ་ཁག་ཅིག་གནང་ཡོད་པ་རེད། རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་ཀྱི་ཚོགས་ཆུང་ནང་མི་རིགས་དབྱེ་འབྱེད་ཐོག་གི་ཆེད་ལས་མི་སྣ་ ༡༨ ཡོད་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ནས་རིང་མིན་ཟླ་ ༨ ཚེས་ ༡༠ དང་ ༡༣  བར་ཚོགས་ཆུང་དེའི་མདུན་དུ་བཅར་ནས་དྲི་བ་ཁག་ཅིག་ལ་ལན་འདེབས་གསལ་བཤད་བྱ་རྒྱུ་ཡིན་པ་རེད། ད་ལན་རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་ཕུལ་བའི་དྲི་བ་དེ་དག་མང་ཆེ་བ་དེ་སྔ་ནས་གནང་བའི་རྒྱུན་ལྡན་གྱི་དྲི་བ་ཆགས་ཀྱི་ཡོད་ཀྱང་ཐེངས་འདིའི་དྲི་བའི་ཁོངས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོ་བཟུང་ཐོག་སོག་པོ་དང་ཡུ་གུར་གྲངས་ཉུང་མི་རིགས་རྣམས་ཀྱི་སྤྱི་མང་དང་ཆབ་སྲིད་ཐོབ་ཐང་བཅས་ཀྱི་སྐོར་དྲི་བ་ཕུལ་ཡོད་པ་མ་ཟད། ལྷག་དོན་གྲངས་ཉུང་མི་རིགས་དེ་དག་གི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་སོགས་སྲུང་སྐྱོབ་གནང་རྒྱུ་ཐད་རྒྱ་ནག་གཞུང་ཕྱོགས་ནས་ཐབས་ཤེས་གང་དང་གང་གནང་ཡོད་མེད་སྐོར་དང་། བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ལ་གང་བྱུང་དུ་དོ་དམ་དང་། བཀག་ཉར་འོག་འདས་གྲོངས་སུ་གྱུར་བའི་གནད་དོན། དེ་བཞིན་གྲངས་ཉུང་མི་རིགས་རྣམས་ཀྱི་ས་ཞིང་བཙན་འཕྲོག་བྱས་པར་གུན་གསབ་སྤྲོད་མེད་པ་སོགས་ཀྱི་གནད་དོན་མང་དག་ཐོག་དྲི་བ་ཕུལ་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་གཞུང་གིས་ད་བར་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་དྲི་བ་ཁག་ལ་ལན་འདེབས་རྩ་བ་ནས་གནང་མེད་པར་སྐྱོན་བརྗོད་དང་འབྲེལ། རྒྱ་གཞུང་ནས་ངེས་པར་དུ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་ཕུལ་བའི་དྲི་བ་ཁག་ལ་དམིགས་བསལ་སེམས་འཚབ་བྱས་ཐོག་རྒྱལ་ཚོགས་དང་མཉམ་ལས་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་སོང་། ལྷག་དོན་རྒྱ་གཞུང་དེ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་འབྲུ་དོན་ཁག་ལ་བརྩི་བཀུར་ཞུས་ཐོག་ཚོགས་ཆུང་དེས་ཕུལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་པོ་གནང་དགོས་པའི་འོས་འགན་ཡོད་སྐོར་ནན་བརྗོད་གནང་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ལ་ད་བར་རྒྱལ་སྤྱིའི་ཁྲོད་ཀྱི་སྤྱི་མང་ཚོགས་པ་འདྲ་མིན་ནས་བོད་མི་གཙོ་གྱུར་གྲངས་ཉུང་མི་རིགས་རྣམས་རྒྱ་གཞུང་གིས་བཙན་གནོན་འོག་སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བེད་སྤྱོད་བྱ་རྒྱུའི་ཐད་དཀའ་ངལ་ཆེན་པོ་འཕྲད་མུས་ཡིན་པའི་དངོས་ཡོད་གནས་སྟངས་འཁོད་པའི་གནས་ཚུལ་མང་པོ་ཞིག་མགོ་འབུལ་ཞུས་ཡོད་པ་མ་ཟད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཀྱང་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེར་རྒྱ་གཞུང་གིས་བོད་མི་ཞིང་འབྲོག་རྣམ་པའི་ས་ཞིང་བཙན་འཕྲོག་གིས་ཁོང་ཚོར་གུན་གསབ་སྤྲད་ཀྱི་མེད་པ་དང་ལྷག་དོན་རྒྱའི་དོ་དམ་བཀག་ཉར་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གཙོས་པའི་ད་བར་བོད་མི་བདུན་ཙམ་འདས་གྲོངས་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་མགོ་འབུལ་ཞུས་ཡོད་པ་རེད།

སྲིད་བློན་ལི་ཁ་ཆཱང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནང་ཕྱིན་པ་དེ་ས་མཚམས་ས་ཁུལ་ཁག་ཏུ་སྲ་བརྟན་བསྐྲུན་ཆེད་རེད།

གཟའ་འཁོར་སྔོན་མའི་ཚེས་ ༢༥ ནས་ ༢༧ བར་ཁྱོན་ཉིན་གྲངས་གསུམ་རིང་རྒྱ་ནག་གི་སྲིད་བློན་ Li Keqiang རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་ཆགས་པའི་རྒྱལ་ས་ལྷ་ས་དང་ལྷོ་ཁ། དེ་བཞིན་ཉིང་ཁྲི་ས་ཁུལ་བཅས་སུ་གཞུང་འབྲེལ་བསྐྱོད་པ་དང་སྦྲགས། ས་གནས་བོད་རིགས་དང་གྲྭ་བཙུན་རྣམས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་དང་ཆབ་སྲིད་ལངས་ཕྱོགས། ལྷག་པར་དུ་གྲངས་ཉུང་མི་རིགས་རྣམས་མཐུན་སྒྲིལ་ཐོག་རྒྱ་ཆིག་སྒྲིལ་གནས་ཐབས་སུ་ནུས་པ་མཉམ་སྤུངས་གནང་གལ་ཡིན་པ་སོགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད། གཞི་རྩའི་རྣམ་ཀུན་རྒྱ་གཞུང་གི་གནད་ཡོད་འགོ་ཁྲིད་དང་སྲིད་བློན་ལས་ཐོག་རྣམས་བོད་རང་སྐྱོང་ལྗོངས་ཁུལ་ལ་དེ་ཙམ་བསྐྱོད་ཀྱི་མེད་པ་དང་། ཐེངས་འདིའི་ལི་ཁ་ཆཱང་གི་སྐོར་བསྐྱོད་དེ་ནི་རྒྱ་ནག་གི་སྲིད་བློན་ལས་ཐོག་ཞིག་བོད་ནང་བསྐྱོད་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་མ་ཟད། ཁོ་པས་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ནན་བརྗོད་དང་སྦྲགས། ས་གནས་མི་མང་གི་འཚོ་ཐབས་ཡར་རྒྱས་སོགས་ལ་དམིགས་ཏེ་བོད་ཀྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་མུ་མཐུད་གཏོང་བཞིན་ཡོད་སྐོར་སོགས་བཤད་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་ནས་ད་རེས་སྲིད་བློན་ Li Keqiang གློ་བུར་དུ་བོད་ཀྱི་ས་གནས་དེ་དག་ནང་བསྐྱོད་པའི་དམིགས་ཡུལ་སོགས་དང་འབྲེལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་ཁོང་གིས་ Li Keqiang བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དེ་དག་ནང་ཡོང་དོན་ནི་འདས་པའི་ལོ་དུས་ནས་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་གྱི་གནད་དོན་གཙོས་ས་མཚམས་དང་འབྲེལ་བའི་དོན་རྐྱེན་མི་ཉུང་བ་ཞིག་བྱུང་ཡོད་སྟབས། ས་མཚམས་ས་ཁུལ་གི་བོད་རིགས་རྣམས་ཀྱི་བློ་བཀུག་ནས་རྒྱ་ནག་རང་ཉིད་ལ་ཕན་པའི་ས་མཚམས་སྲ་བརྟན་བསྐྲུན་ཐབས་སུ་ཆེད་དུ་དམིགས་པ་རེད་ཅེས་གསུངས་འདུག ཁོང་གིས་རྒྱ་གཞུང་གི་འཛུགས་སྐྲུན་སྤྱི་དང་ལྷག་དོན་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེ་དག་ས་གནས་བོད་མི་ལ་ཕན་གྱི་ཡོད་སྐོར་བཤད་པ་དེ་ཁ་ཙམ་ལས་དོན་དངོས་ཐོག་བོད་ཀྱི་ས་ཁུལ་དེ་དག་ནང་རྒྱ་ནག་གི་མི་སེར་མང་དུ་གཏང་རྒྱུ་དང་། རྒྱ་རང་ཉིད་ཀྱི་ཚོང་དོན་དང་འབྲེལ་བའི་ One Belt One Road ཞེས་བརྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ལ་ཕན་པའི་ལས་དོན་སོགས་བྱེད་བཞིན་ཡོད་པ་གསུངས་ཡོད། སྲིད་བློན་ Li Keqiang ཡིས་སྐོར་བསྐྱོད་ཁྲོད་ཀྱི་གཏམ་བཤད་དང་འབྲེལ་ Hong kong གཙུག་ལག་སློབ་གཉེར་ཁང་གི་གྲངས་ཉུང་མི་རིགས་ཐོག་གི་མཁས་པ་ Barry Sautman ལགས་ནས་རྒྱ་གཞུང་འགོ་ཁྲིད་བོད་ནང་བསྐྱོད་སྐབས་གྲངས་ཉུང་མི་རིགས་ཤིག་དགོས་སྐོར་གསུང་བཞིན་ཡོད་ཀྱང་། དོན་ངོ་མའི་དྲི་བ་ནི་རྒྱ་ནག་གཞུང་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་དང་འབྲེལ་བའི་སྲིད་བྱུས་ཁག་ལག་བསྟར་དོན་ཕན་ལྡན་པ་ཞིག་གནང་གི་ཡོད་མེད་དེ་རེད་ཅེས་གསུངས་འདུག  ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིགས་ལགས་ནས་རང་ཉིད་ཀྱི་ Tweeter དྲྭ་གནས་ཐོག་སྲིད་བློན་ Li Keqiang ནས་ས་གནས་བོད་མི་རྣམས་རྒྱ་གཞུང་གྱི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་གྱི་ཨུ་ཚུགས་བརྒྱབ་རྒྱུ་ལས་ས་གནས་བོད་མིའི་མངོན་འདོད་གང་ཡིན་རྒྱུས་ལོན་གནང་སྟེ་དོན་ཕན་ལྡན་པའི་ཕྱག་ལས་གནང་གལ་ཡིན་པའང་གསུངས་འདུག

ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཞེས་ཁ་ལ་ཁྱེར་ནས་སྤྱི་ཚོགས་ཀྱི་ལས་དོན་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མངོན་གསལ་གནང་འདུག

རྒྱ་ནག་གཞུང་གི་ཁྲིམས་འགལ་ཉེས་གསོག་པར་རྡུང་རྡེག་ཚ་ནན་ཞེས་ཁ་ལ་ཁྱེར་ནས་ཆབ་སྲིད་ཐད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་དང་སྤྱི་དམངས་ཀྱི་ཆེད་དུ་ལས་འགུལ་སྤེལ་མཁན་རྣམས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མ་ཟད་བོད་མིའི་སྤྱི་ཚོགས་ནང་ཕན་ཚུན་དབར་འགལ་ཟླའི་རིགས་བྱུང་སྐབས་བར་འདུམ་བྱ་རྒྱུ་ཡན་ཆད་ཁྲིམས་དང་མི་མཐུན་པ་ཞིག་ཏུ་བཟོས་ཡོད་པ་མངོན་གསལ་གནང་འདུག ཁ་སང་ཟླ་ ༧ ཚེས་ ༢༩ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཤོག་ལྷེ་ ༡༠༡ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་གཞི་རིམ་མང་ཚོགས་ཁྲོད་བླ་མའི་ཤུགས་རྐྱེན་མེད་པ་བཟོ་བཞིན་པ་རྣམས་གསལ་བཏོན་དང་འབྲེལ་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ ལས་འགུལ་སྤེལ་མཁན་རྣམས་རྒྱ་ནག་གཞུང་གིས་གང་བྱུང་དུ་འཛིན་བཟུང་བྱས་པ་དང། དཀའ་སྡུག་མྱངས་ཟིན་པའི་མི་སྣ་དང་ལྷན་བཅར་འདྲི་བྱས་པ་སོགས་ཕྱོགས་སྒྲིག་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་དང་ཉེན་རྟོག་པས་བོད་མིའི་ཉིན་རེའི་འཚོ་བའི་ཐོག་རྣམ་ཀུན་ནས་སྟངས་འཛིན་བྱེད་མུས་ཡིན་པ་དེ་ལྟར་ཡང། ད་ཆ་བོད་མི་རྣམས་རྒྱ་གཞུང་གི་བཀའ་འཁྲོལ་མེད་པ་དང་གཞུང་གི་ལས་དོན་དང་འབྲེལ་བ་མེད་པའི་ཐོག་འདུ་འཛོམས་ཙམ་ཡང་བྱེད་མི་ཆོག་པ་བཟོས་ཡོད་སྐོར་འགྲེལ་བརྗོད་གནང་འདུག སྙན་ཐོའི་ནང་དེ་བཞིན་འདི་ལོའི་ཕྱི་ཟླ་ ༢ ནང་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ལས་དོན་ཁག་ཅིག་ཡོངས་ཁྱབ་བྱས་པའི་ནང་སྐད་ཡིག་དང་། རིག་གཞུང་། ཁོར་ཡུག་བཅས་ལ་སྲུང་སྐྱོབ་དང་གོང་འཕེལ་གྱི་ལས་གཞི་ཁག་ཙམ་མ་ཟད་སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་མ་དངུལ་བསྡུ་རུབ་དང་རྩོད་རྙོག་རིགས་ལ་བར་འདུམ་གནང་བ་སོགས་སྲོལ་རྒྱུན་གྱི་སྤྱི་ཚོགས་ལས་དོན་ཁག་ཅིག་ཁྲིམས་འགལ་བཟོས་ཡོད་པ་ལུང་འདྲེན་དང་སྦྲགས། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་དམར་ལྷོའི་ཁུལ་དུ་མི་སྣ་ལྔ་ལས་གྲུབ་པའི་ཚོགས་པ་གསར་འཛུགས་བྱ་ཆོག་གི་མེད་པ་དང་། བོད་ཀྱི་རིག་གནས་གོང་སྤེལ་གྱི་ཆེད་དུ་སྐད་ཡིག་དང་། རིག་གཞུང་། ཁོར་ཡུག་བཅས་ལ་སྲུང་སྐྱོབ་བྱ་རྒྱུའི་ལས་འགུལ་རྣམས་བོད་རང་བཙན་གྱི་ལས་འགུལ་དང་འབྲེལ་བ་ཡོད་པ་མ་ཟད་ཕྱིའི་དགྲ་བོའི་སྟོབས་ཤུགས་དང་མཉམ་ལས་བྱས་པར་ངོས་འཛིན་རྒྱུར་ཐེར་བཏོན་བྱས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་དེ་སྤེལ་དང་འབྲེལ་རྒྱ་ནག་དེ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གཅིག་ཡིན་སྟབས། སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཁས་བླངས་དགོས་ཀྱང་། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་དེ་དག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་གསལ་པོ་ཡིན་སྐོར་གསུངས་པ་མ་ཟད་བོད་ནང་རང་དབང་ལྡན་པའི་ཚོགས་པ་ཁག་ལ་ཁྲིམས་མཐུན་མིན་པའི་ཐོག་སྟངས་འཛིན་བྱ་རྒྱུའི་ལས་དོན་དེ་དག་མཚམས་འཇོག་དགོས་པ་བརྗོད་འདུག གཞུང་དང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ངོས་ནས་རྒྱ་ནག་གི་འགོ་ཁྲིད་ལ་གནོན་ཤུགས་སྤྲད་དེ་མང་ཚོགས་ཀྱི་འདུ་འཛོམས་རད་དབང་དང་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱས་པའི་སྲིད་བྱུས་ལ་བསྐྱར་བཅོས་དགོས་པ་དང་། རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལ་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་གནང་དགོས་པ་མ་ཟད། རྒྱལ་ཚོགས་ནང་ཚོགས་ལ་ཉེ་བའི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུའི་སྐབས་གནད་དོན་དེ་དག་ཐོག་ངེས་པར་དུ་གླེང་དགོས་པ་གསུངས་འདུག རྩ་བའི་རྒྱ་ནག་གཞུང་གི་ངོས་ནས་བོད་མི་རིགས་འདི་གྲངས་ཉུང་མི་རིགས་ཤིག་ཆགས་ཀྱི་ཡོད་སྟབས། གྲངས་ཉུང་མི་རིགས་ལ་དབང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་འཐུས་ཚང་སྤྲད་ཀྱི་ཡོད་པ་བཤད་དོན་དེ་ལྟར་ཡང་། དོན་དངོས་ཐོག་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་རྒྱ་ནག་གཞུང་གིས་དམ་དྲག་ཇེ་ཆེར་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོ་རོལ་བཏང་དང་གཏོང་མུས་ཡིན་པ་རེད།

ཨ་རིའི་སྲིད་འཛིན་གཞོན་པས་བོད་ནང་གི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཇེ་ཆེར་འགྲོ་བཞིན་ཡོད་པ་གསུངས་འདུག

རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུ་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike pence ལགས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ ༧༠ རིང་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་མུས་ཀྱི་བྱ་སྤྱོད་ལོ་རེ་བཞིན་འཚབ་ཆེ་རུ་འགྲོ་བཞིན་ཡོད་པ་ཐེར་བཏོན་གནང་འདུགཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུའི་ཉིན་མཐའ་མའི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike pence ལགས་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་འཛམ་གླིང་ཁྲོད་ཀྱི་རྒྱལ་ཁབ་ཁག་སོ་སོའི་ཆོས་དད་རང་དབང་གི་གནས་སྟངས་ཁག་སྙིང་བསྡུས་སུ་འགྲེལ་བརྗོད་དང་སྦྲགས་ཏེ་འབྲེལ་ཡོད་གཞུང་འཛིན་ཁག་གིས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་གནང་དགོས་པའི་རེ་སྐུལ་གནང་འདུག ལྷག་པར་དུ་འཛམ་གླིང་ནང་མི་འབོར་མང་ཤོས་ཡིན་པའི་རྒྱ་ནག་རྒྱལ་ཁབ་ནང་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འཚབ་ཆེ་རུ་འགྲོ་བཞིན་ཡོད་པ་ཐེར་བཏོན་གནང་བ་དང། ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་ད་བར་ལོ་རེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་ནང་རྒྱ་ནག་དེ་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་མཁན་རྒྱལ་ཁབ་ལ་ངོས་འཛིན་གནང་ཡོད་པ་གསུངས་འདུག སྐུ་ཞབས་ Mike pence ལགས་ཀྱིས་འདས་པའི་ལོ་ ༧༠ ཙམ་རིང་བོད་ནང་གི་བོད་མི་ཚོ་རྒྱ་གཞུང་གི་དྲག་གནོན་འོག་གནས་ཡོད་སྟབས་ཐེངས་འདིའི་ཚོགས་འདུ་ཐོག་བོད་མི་ངོ་ཚབ་ཏུ་གཏམ་བཤད་གནང་བར་བཅར་བའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱི་མཚན་འབོད་གནང་ནས་ད་བར་རྒྱ་གཞུང་གིས་དྲག་གནོན་ལ་ངོ་རྒོལ་དང། ཁུལ་དེའི་ནང་གི་བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དང་བཞེངས་ཕྱོགས་བཅས་ལ་ཆེས་བསྟོད་གནང་འདུགརྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་ནང་པ་དང་ཁ་ཆེ། དེ་བཞིན་ཡི་ཤུའི་ཆོས་ལུགས་འཛིན་མཁན་གྱི་མང་ཚོགས་དྲག་གནོན་དང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་འགྲེལབརྗོད་གནང་བ་དང་འབྲེལ། རྒྱ་གཞུང་གིས་དེང་སྐབས་དམར་ཤོག་གི་ཆབ་སྲིད་སློབ་གསོ་ལས་འགུལ་ཤུགས་ཆེ་སྤེལ་བའི་འོག་ཡུ་གུར་གྱི་ཁ་ཆེའི་མང་ཚོགས་ས་ཡ་མང་པོའི་ཆོས་དད་རང་མོས་ལ་དོ་དམ་དང་དེ་དག་གི་ངོ་བོ་མེད་པ་བཟོ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པའང་ཐེར་བཏོན་གནང་འདུག སྤྱིར་ཁ་སང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་འདུ་ཉིན་མཐའ་མ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་སྤེལ་བར་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike pence ལགས་དང་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་གཉིས་དང་ལྷན་ཟུར་དུ་མཇལ་འཕྲད་ཞུས་པ་མ་ཟད་རྒྱ་གཞུང་གིས་སྟངས་འཛིན་འོག་བོད་ནང་གི་བོད་མིར་ཆོས་དད་རང་དབང་མེད་པ་དང་ཐ་ན་༸གོང་ས་མཆོག་གི་བཀའ་ཆོས་ཞུ་རྒྱར་བཀག་སྡོམ་དང་༸གང་ཉིད་མཆོག་གི་༸སྐུ་པར་ཙམ་ཡང་སྒྲིག་ཤོམ་གནང་མི་ཆོག་པའི་གནས་སྟངས་རྣམས་སྙན་སེང་ཞུས་འདུག ལྷག་པར་དུ་དབུ་ཁྲིད་རྣམ་གཉིས་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་༸གོང་ས་མཆོག་དང་ལྷན་བོད་རྒྱ་དཀའ་རྙོག་སེལ་རྒྱུར་སྐུལ་འདེབས་གནང་ནས་བོད་ནང་གི་བོད་མི་ཚོར་དངོས་ཡོད་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བར་འབོད་སྐུལ་ཡང་ཞུས་འདུག་པ་དང་ཆབས་ཅིག བོད་ནང་བོད་མི་ཚོས་དད་མོས་ཞུ་ཡུལ་གྱི་གནས་རི་རྣམས་སྲུང་སྐྱོབ་ཐུབ་ཚེ་དེས་རང་འབྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་དང་གཅིག་མཚུངས་ཡིན་སྐོར་གསུངས་འདུག རྩ་བའི་ཐེངས་འདིའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུ་ཐེངས་དང་པོ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་སྲིད་གཞུང་འོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་ཙམ་ནས་འབྲེལ་ཡོད་བློན་ཆེན་ ༤༠ ཙམ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་སྐུ་ཚབ་མི་སྣ། ཆོས་དད་རང་དབང་འོག་མནར་སྤྱོད་མྱངས་པའི་མི་སྣ་སོགས་ཚོགས་བཅར་བ་ཁྱོན་ ༤༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་མ་ཟད་ཚོགས་འདུའི་ཉིན་གཉིས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད།

བོད་ནང་རང་དབང་་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ལ་སྤྱི་མོས་ཐོག་རྒྱབ་སྐྱོར་ཞུས་པ།

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཚོགས་ཆུང་ནས་ Reciprocal Access to Tibet Act ཞེས་ཨ་རིའི་མི་སེར་རྣམས་འདྲ་མཉམ་ཐོག་ནས་བོད་ལ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་གཞིར་དཔྱད་ཞིབ་གནང་རྗེས་ཚོགས་ཆུང་གི་འཐུས་མི་ཡོངས་ནས་ཁྲིམས་འཆར་དེར་སྤྱི་མོས་ཐོག་རྒྱབ་སྐྱོར་ཞུས་འདུག ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཚོགས་ཆུང་ནས་་སྔ་ལོ་ཨ་རིའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ JimMcgovern ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ Reciprocal Access to Tibet Act ཞེས་པའི་གྲོས་འཆར་སྟོན་ཡོད་པའི་ཐོག་དཔྱད་ཞིབ་ཀྱི་ལས་རིམ་ཞིག་གནང་ཡོད་པ་དང། སྐབས་དེར་ཁྲིམས་ལུགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Bob Goodlatte ལགས་ཀྱིས་ཁྲིམས་འཆར་དེས་འདས་པའི་ལོ་མང་རིང་རྒྱ་གཞུང་གི་བོད་རང་སྐྱོང་ཟེར་བ་གཙོས་པའི་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་བོད་མིའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། དེ་བཞིན་འགྲུལ་བསྐྱོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གྱིས་བོད་མིའི་ཐོག་དྲག་གནོན་དང་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནད་དོན་འབུར་འབུར་གནང་གི་ཡོད་པའི་ཁྲོད་ད་བར་གནད་དོན་དེའི་ཐོག་རྒྱལ་སྤྱིའི་དོ་སྣང་ཡོང་ཆེད་དུ་བོད་མི་ ༡༥༠ ལྷག་ནས་རང་ལུས་མེར་སྲེག་གནང་ཡོད་པ་ལྟར། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་མུས་ཀྱི་གནས་དོན་དེ་ཕྱིར་ལ་མ་ཁྱབ་པའི་ཆེད་དུ་བོད་ནང་ཕྱིའི་མི་སྣ་འགྲུལ་བསྐྱོད་ལ་དམ་དྲག་བྱེད་བཞིན་པའི་གནད་དོན་འབུར་འདོན་གནང་འདུག རྩ་བའི་ Reciprocal Access to Tibet Act ཞེས་པའི་གྲོས་འཆར་དེའི་ནང་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ཨ་རིའི་ས་ཕྱོགས་གང་སར་བསྐྱོད་རྒྱུའི་མཐོང་མཆན་ཕུལ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གི་ངོས་ནས་བོད་ནང་ཨ་རི་གཙོ་གྱུར་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་དང་གཞུང་འབྲེལ་མི་སྣ། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་རང་དབང་འདྲ་མཉམ་དགོས་པ་དང། གལ་ཏེ་དེ་ལྟར་མ་བྱུང་ཚེ་བོད་ནང་འགྲུལ་བསྐྱོད་དམ་དྲག་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཨ་རིའི་ནང་བསྐྱོད་རྒྱུར་བཀག་སྡོམ་གནང་དགོས་པ། བོད་ནང་ཕྱིའི་མི་སྣ་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་སྲིད་བྱུས་གསར་བཟོ་བའམ་ད་ལྟ་ཕྱི་མི་བཀག་སྡོམ་གྱི་སྲིད་བྱུས་དེར་བསྒྱུར་བཅོས་མ་བྱུང་བ་ཚེ་གྲོས་ཆོད་དེའི་འོག་ད་ལྟ་ཨ་རི་ནང་བསྐྱོད་ཆོག་པའི་མཐོང་མཆན་སྤྲད་ཟིན་པའི་རྒྱ་གཞུང་འབྲེལ་ཡོད་མི་སྣ་རྣམས་ཀྱི་མཐོང་མཆན་ཕྱིར་བསྡུ་གནང་དགོས་པ་དང། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་གྲོས་ཚོགས་དང་ཁྲིམས་ལུགས་ཚོགས་ཆུང། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་དང་སྲིད་བྱུས་ཚོགས་ཆུང་བཅས་ལ་ལོ་རེར་གྲོས་ཆོད་ཐོག་ལག་བསྟར་ཇི་ལྟར་གནང་ཡོད་མེད་ཀྱི་སྙན་ཐོ་འབུལ་དགོས་པ་སོགས་འཁོད་ཡོད་པ་རེད། གྲོས་འཆར་དེ་སྔ་ལོའི་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim Mcgovern ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་ ༥༥ ནས་རྒྱབ་སྐྱོར་གནང་ཐོག་འགོད་འབུལ་ཞུས་ཡོད་པ་དང་། ད་རེས་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཚོགས་ཆུང་གིས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཞུས་པ་དང་སྦྲགས་ཏེ་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་གཏན་འབེབས་གནང་རྒྱུར་རེ་བ་ཆེན་པོ་གནང་འོས་པ་ཆགས་ཡོད་པ་རེད།

Latest news