Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

༸གོང་ས་མཆོག་གིས་ PM cares fund ཞེས་པའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་ཞལ་འདེབས་བསྩལ་འདུག

༸གོང་ས་མཆོག་གིས་ PM cares fund ཞེས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་ཆེད་ཉེ་ལམ་རང་གསར་འཛུགས་གནང་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་མ་དངུལ་གྱི་ཞལ་འདེབས་གནང་བ་མ་ཟད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐབས་རྩར་ཞལ་འདེབས་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག དེ་རིང་སྔ་དྲོ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཏེ་སྲིན་བློན་མཆོག་གིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་གར་གྱི་ནང་དུ་རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་གནང་བཞིན་པར་རྒྱབ་སྐྱོར་མཛད་འདུགའཚམས་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་གོ་ལ་འདིའི་འགྲོ་བ་སྤྱི་ཡོངས་ལ་གོད་ཆག་ཆེན་པོ་ཕོག་པར་གདོང་ལེན་གྱིས་ཐབས་ཤེས་བྱེད་རྒྱུར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་པ་དང་། སྲིད་བློན་མཆོག་གིས་ལྷོ་ཨ་ཤ་ཡིའི་ཁུལ་གྱི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་ཛ་དྲག་གི་མ་དངུལ་ཆེད་འཛུགས་དང་གནས་ཚུལ་བརྗེ་ལེན། ཤེས་ཡོན་དང་འཇོན་རྩལ་སོགས་བརྒྱུད་ནས་རིམས་ནད་ཁྱབ་བརྡལ་ལ་སྔོན་འགོག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་བ་དང་སྦྲགས། འདི་ལྟ་བུའི་མཉམ་ལས་ཀྱི་རིགས་འདིས་མ་འོངས་པའི་དུས་སྐབས་སུ་ཡང་ཐེངས་འདིའི་དཀའ་ངལ་དང་འདྲ་བའི་དུས་སྐབས་སུ་གདོང་ལེན་གནང་ཕྱོགས་མིག་དཔེ་བཟང་པོ་ཞིག་བསྐྲུན་ཡོད་ཅེས་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཐེངས་འདིའི་རིམས་ནད་ཁྱབ་བརྡལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པར་བཀའ་གནང་སྟེ། ༸གང་ཉིད་མཆོག་གིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གིས་ PM cares fund ཞེས་པའི་སྲིད་བློན་མཆོག་གི་ཐེབས་རྩར་ངལ་སེལ་གྱི་ཞལ་འདེབས་གང་འཚམས་ཤིག་གནང་རྒྱུ་ཡིན་པར་ཡོངས་གྲགས་གནང་བ་དང་འབྲེལ། ༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཀྱང་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐེངས་འདིའི་སྲིད་བློན་མཆོག་གི་ཛ་དྲག་གི་མ་དངུལ་གསོག་སྒྲུབ་ཀྱི་ལས་གཞི་དེར་ཞལ་འདེབས་སུ་འབུལ་རྒྱུ་ཡིན་པར་བཀའ་བསྩལ་འདུགགཞན་ཡང་མགོན་པོ་གང་གིས་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་ཁྲོད། འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་གི་བྱེད་ལས་དང་འགྲོ་འདུག་ལ་སྟངས་འཛིན་བྱེད་དགོས་པའི་དུས་སྐབས་ཤིག་ཤར་བའི་མཇུག་འབྲས་སུ་མི་མང་པོ་ཞིག་གི་འཚོ་གནས་བརླགས་ཏེ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། སྒོས་སུ་གཏན་འཇགས་ཀྱི་ཡོང་འབབ་ཡག་པོ་མེད་པའི་མི་རྣམས་ལ་དཀལ་ངལ་འཕར་མ་ཞིག་འཕྲད་ཀྱི་ཡོད་སྟབས། སྲིད་བློན་མཆོག་གི་ཐེབས་རྩ་གཙོས་པའི་ཁེ་མེད་ཀྱི་ཐེབས་རྩ་ཁང་རྣམས་ཀྱིས་དཀའ་ངལ་ཁྲོད་ཀྱི་མི་རྣམས་ལ་རོགས་སྐྱོར་གནང་ཐུབ་པར་ཐུགས་རེ་གནང་གི་ཡོད་ཅེས་བཀའ་བསྩལ་འདུགམཇུག་ཏུ་མགོན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གིས་རིམས་ནད་ཁྱབ་བརྡལ་སྔོན་འགོག་ལ་དམིགས་པའི་བྱེད་ལས་དེར་ཡིད་ཆེས་བརྟན་པོ་ཡོད་པ་དང་དེ་བཞིན་མགོན་པོ་མཆོག་གིས་རིམས་ནད་དེ་ཁྱབ་བརྡལ་མི་འགྲོ་བའི་ཐུགས་སྨོན་མཛད་འདུག

ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་རྒྱ་ནག་གིས་བཟོས་པའི་ཅ་དངོས་རྣམས་ལ་ངོས་ལེན་གནང་མི་འདུག

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་རིམས་ནད་དེ་ད་ཆ་འཛམ་བུ་གླིང་གི་རྒྱལ་ཁབ་ ༡༩༠ ལྷག་ནང་ཁྱབ་གདལ་ཆེས་ཆེར་དུ་འགྲོ་བཞིན་པའི་ཁྲོད་འདིར་འགོས་ཁྱབ་སླ་བའི་ནད་དུག་སྔོན་འགོག་སླད་རྒྱལ་ཁབ་མང་པོའི་ནང་ཁ་རས་དང་དུག་སེལ། དེ་བཞིན་གཉན་རིམས་བརྟག་དཔྱད་གནང་རྒྱུའི་མཁོ་ཆས་རྣམས་ཉུང་དྲག་རྐྱེན་མ་འདང་བའི་ངལ་བ་ཆེས་ཆེ་བའི་གནས་སྟངས་སུ་གྱུར་ཡོད་ཀྱང་། ཡོ་རོབ་རྒྱལ་ཁབ་གཙོ་བོར་གྱུར་པའི་གཞན་ཁག་གཅིག་གིས་རྒྱ་ནག་གིས་བཟོས་པའི་རིམས་ནད་བརྟག་དཔྱད་དང་འབྲེལ་བའི་ཅ་དངོས་རྣམས་ལ་ངོས་ལེན་གནང་མེད་པ་རེད་འདུགཁ་སང་ BBC གསར་ཁང་གཙོས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་ཡོ་རོབ་རྒྱལ་ཁབ་སེ་པིན་དང་ཊར་ཀི། དེ་བཞིན་ནི་ཐ་ལན་ཌི་སོགས་ཀྱིས་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་བརྟག་དཔྱད་གནང་རྒྱུའི་མཁོ་ཆས་ཅ་དངོས་དང་ཁ་རས་རྣམས་སྤུས་ཚད་ལེགས་པོ་མེད་པར་བརྗོད་འདུག ལྷག་པར་དུ་རེས་གཟའ་སྤེན་པའི་ཉིན་ Dutch འཕྲོད་བསྟེན་ལས་ཁུངས་ཀྱིས་ཟླ་ ༣ ཚེས་ ༢༡ ཉིན་རྒྱ་ནག་ནས་བྱུང་བའི་ཁ་རས་འབུམ་དྲུག་ལྷག་དེ་གའི་སྨན་ཁང་ཁག་ཏུ་བགོ་འགྲེམས་གནང་འདུག་ཀྱང་། ཁ་རས་དེ་དག་གཉན་རིམས་སྔོན་འགོག་སླད་འོས་འཚམས་པ་མེད་པ་ཤེས་རྟོགས་བྱུང་བར་བརྟེན་ཁ་རས་དེ་དག་བེད་སྤྱོད་གནང་རྒྱུ་དང་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་ཚོར་བགོ་འགྲེམས་གནང་མཚམས་བཞག་འདུག གཞན་ཡང་སེ་པེན་གཞུང་གིས་ཀྱང་རྒྱ་ནག་གི་བཟོ་ཚོང་ཁང་ནས་རིམས་ནད་བརྟག་དཔྱད་བྱེད་རྒྱུའི་ཅ་དངོས་སྟོང་ཕྲག་མང་པོ་མངགས་ཡོད་པ་དེ་དག་ཁྲོད་ཁྲི་དྲུག་མན་ཙམ་ཞིག་ནད་པར་ཏོག་དབྱིབས་ནད་དུག་ཕོག་ཡོད་མེད་ཤེས་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་བ་དང་ཆབས་ཅིག་ཏུ་རེས་གཟའ་ཕུར་བུའི་ཉིན་སི་པེན་གྱི་གྲོང་ཁྱེར་མེཌ་རིཌ་ལ་རིམས་ནད་བརྟག་དཔྱད་ཀྱི་ཅ་དངོས་ ༨༠༠༠ ལྷག་གཏང་རྒྱུ་ཕྱིར་འཐེན་དང་དེ་བཞིན་ཅ་དངོས་སྟོང་ཕྲག་མང་པོ་ཞིག་རྒྱ་ནག་གི་བཟོ་བསྐུན་ཁང་ལ་ཕྱིར་སློག་གནང་འདུག མེཌ་རིཊ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སི་པེན་ནས་ཅ་དངོས་དེ་དག་མངགས་ཉོ་བྱེད་སའི་རྒྱ་ནག་བཟོ་ཚོང་ཁང་ Shenzhen Bioeasy Biotechnology ཞེས་པ་དེ་རྒྱ་ནག་གཞུང་ནས་སྨན་དང་འབྲེལ་ཡོད་ཅ་དངོས་ཚོང་འགྲེམས་བྱ་བར་ཆོག་མཆན་སྤྲད་མེད་པར་བརྗོད་འདུག དེ་དང་ཕྱོགས་མཚུངས་ཊར་ཀིས་ཀྱང་རྒྱ་ནག་ནས་བྱུང་བའི་རིམས་ནད་དེར་བརྟག་དཔྱད་གནང་རྒྱུ་དང་འབྲེལ་བའི་ཅ་དངོས་འབུམ་གསུམ་ལྷག་ཞིག་ཚད་ལྡན་ཡོད་པར་བརྗོད་ཡོད་ཀྱང་མང་པོ་ཞིག་ནད་པར་ནད་ཕོག་ཡོད་མེད་བརྟག་དཔྱད་ཚད་ལྡན་ཞིག་གནང་ཐུབ་ཀྱི་མེད་པ་བརྗོད་འདུགརྒྱ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཡིས་རྒྱ་ནག་ནང་ནད་ཡམས་ཐོག་མར་དར་བའི་སྐབས་རྒྱལ་ཁབ་གཞན་ནས་རོགས་སྐྱོར་ཚུལ་དུ་ཅ་དངོས་འབྱོར་བ་རྣམས་རྒྱ་ནག་གི་ཚད་གཞི་དང་མཐུན་གྱི་མེད་ཀྱང་རྒྱ་ནག་ནས་རྒྱལ་ཁབ་གཞན་གྱི་མཐུན་འབྲེལ་ལ་ཡིད་ཆེས་དང་གུས་བརྩི་ཞུས་ཡོད་པ་བརྗོད་འདུག གཞི་རྩའི་སི་པིན་ནི་ཨི་ཊ་ལི་རྗེས་སུ་རིམས་ནད་ཕོག་མཁན་གྱི་ཡོ་རོབ་རྒྱལ་ཁབ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། སི་པེན་ནང་ད་ཆ་རིམས་ནད་དེ་རྐྱེན་མི་ ༧༠༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་པར་མ་ཟད་མི་གྲངས་ ༨༥༠༠༠ ལྷག་ལ་གཉན་རིམས་དེ་ཕོག་ཡོད་པ་རེད།  

ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Covid-19 འམ་ཏོག་དབྱིབས་རིམས་ནད་དེ་ད་ལྟའི་ཆར་རྒྱལ་སྤྱིའི་རྒྱལ་ཁབ་ཁྱོན་ཡོངས་སུ་དར་ཁྱབ་ཆེས་ཆེར་འགྲོ་བཞིན་པར་མ་ཟད། ལྷག་པར་དུ་རྒྱ་གར་ནང་ལ་རིམ་བཞིན་རིམས་ནད་དེ་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དུས་སྐབས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་དམིགས་བསལ་ལམ་སྟོན་གྱི་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་དུ་མགོན་པོ་༧གང་ཉིད་མཆོག་གིས་དེང་སང་འཛམ་གླིང་གང་སར་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང་། སྤྱིར་ནས་འཛམ་གླིང་སྤྱིའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད།འོན་ཀྱང་རྒྱ་གར་གཞུང་གིས་མཚོན་འཛམ་གླིང་གང་ས་ནས་གདོང་ལེན་གནང་མུས་ལ་ཡི་རང་དང་བསྔགས་བརྗོད་ཞུ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཆགས་གནས་འཇིག་སྟོང་བར་མ་ཆད་དུ་བྱུང་དང་འབྱུང་མུས་དང་། འཇིག་རྟེན་འདི་འཇིག་པ་ན་མཚོན་དང་ནད་དག་གིས་འཇིག་པར་ཡང་གསུངས་པ་དེ་དག་ནི་ད་ཆར་མངོན་སུམ་ལྟ་བུར་སྣང་། གང་ལྟར་ཡང་འཇིག་རྟེན་འདིར་གོད་ཆགས་སྣ་ཚོགས་འབྱུང་བའི་སྐབས་སོ་སོར་སྲོག་ཆགས་སྤྱི་དང་། མིའི་རིགས་ཀྱིས་གདོང་ལེན་གྱིས་མུ་མཐུད་འཚོ་བཞིན་ཡོད། ཞུམ་པས་སྡུག་བསྔལ་ལས་མི་གྲོལ་བས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་བསྐྱེད་དེ་མིའི་རྣམ་དཔྱོད་དང་། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་སེལ་ཐབས་བྱེད་དགོས། ཅི་སྟེ་སེལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཞེས་པ་ལྟར་ཡིན་པས་དངངས་སྐྲག་བྱ་དགོས་མེད། ནད་ཡམས་ནི་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་། འཛམ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས། སྤྱིར་སྤྱི་སྒེར་ཀུན་གྱིས་སྔོན་འགོག་ལ་ཧུར་ཐག་དང་། རིམས་ནད་འདི་འགོག་སླད་རྒྱལ་ཁབ་དུ་མས་མཉམ་ལས་དང་། རང་རེ་གནས་ཡུལ་རྒྱ་གར་ནས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་བརྒྱད་དང་མཉམ་ལས་བྱ་འཆར་དེ་དག་ནི་ཆེས་དགོས་གལ་དུ་མཐོང་། སླད་མར་དཀའ་ངལ་གཞན་སེལ་བ་ལའང་མིག་དཔེར་འོས་པ་ཞིག་ཏུ་མངོན། དུས་འདིར་ང་ཚོས་སྣང་མེད་དུ་ཤོར་མི་རུང་བ་ཞིག་ནི། ད་ཐེངས་ནད་ཡམས་སྔོན་འགོག་གི་རྐྱེན་པས་བཟོ་པ་སོགས་དང་འཚོ་རྟེན་ངེས་མེད་ཀྱི་ཉམ་ཐག་རྣམས་ལ་དཀའ་ངལ་འཕར་མ་འཕྲད་པར་ཀུན་གྱིས་ཡིད་གཟབ་ལྟ་སྐྱོང་ལྷོད་མེད་ཡོང་བ་དང་། དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་གནང་བཞིན་པའི་སྨན་པ་དང་སྨན་ཞབས་སོགས་འབྲེལ་ཡོད་ལས་བྱེད་ཀུན་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་ཆབས་ཅིག འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་གྱི་གནས་སུ་ལྷུང་བའི་མཆེད་གྲོགས་ཕོ་མོ་རྣམས་ལ་དེ་བས་གདུང་སེམས་མཉམ་བསྐྱེད་དང་། ནད་ཡམས་འདི་མྱུར་དུ་ཆད་ནས་འཛམ་གླིང་སྔར་བཞིན་བདེ་སྐྱིད་དང་ལྡན་པར་ཡོང་བའི་རེ་བ་དང་གསོལ་འདེབས་སྨོན་ལམ་རྟག་ཏུ་བྱེད་མུས་བཅས་ཏཱ་ལའི་བླ་མས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠  ཉིན་ལ་ཞེས་གཉན་རིམས་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན་བསྩལ་ཡོད་པ་རེད།

ཧི་མཱ་ཅལ་མངའ་སྡེ་གཞུང་གིས་རིམས་ནད་སྔོན་འགོག་སླད་ཐབས་ཤེས་གང་ཡོང་གནང་བཞིན་པར་བསྔགས་བརྗོད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་ངོས་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ Covid19 སྔོན་འགོག་སླད་ཐབས་ཤེས་གང་ཡོང་གནང་བཞིན་པར་བསྔགས་བརྗོད་པ་དང་སྦྲགས། རིམས་ནད་དེའི་ཁྲོད་མང་ཚོགས་དབུལ་ཕོངས་རྣམས་ལ་ཟ་ཆས་དང་སྨན་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆེད་མ་དངུལ་གསོལ་བསྩལ་མཛད་འདུགདེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་བའི་ནང་སྤྱི་ཁྱབ་བློན་ཆེན་མཆོག་ནས་ཧི་མཱ་ཅལ་མངའ་ཁུལ་དུ་རྟོག་དབྱིབས་རིམས་ནད་སྔོན་འགོག་སླད་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་བཞིན་པར་རྒྱབ་སྐྱོར་ཡོད་པར་བཀའ་བསྩལ་འདུགམངའ་སྡེ་འདི་ནི་འདས་པའི་ལོ་ངོ་ ༦༠ རིང་ལ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་གནས་ཆགས་ཡོད་པ་དང་། མངའ་སྡེ་འདིའི་མང་ཚོགས་དང་སེམས་ཐག་ཉེ་བོ་ཞིག་ཚོར་གྱི་ཡོད་སྟབས་མངའ་སྡེའི་མང་ཚོགས་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཚུལ་དུ་༧དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩས་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ལ་ཡོད་པའི་ངལ་སེལ་རོགས་སྐྱོར་ཐེབས་རྩར་མ་དངུལ་གསོལ་བསྩལ་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག དེའང་དཀའ་ཚེགས་ཆེ་བའི་དུས་ཚིགས་འདིར་མང་ཚོགས་དབུལ་ཕོངས་རྣམས་ལ་ཟ་ཆས་དང་སྨན་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆེད་ཡིན་པར་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་དབུ་ཁྲིད་ནས་རྒྱ་གར་དབུས་གཞུང་གིས་ཀྱང་རིམས་ནད་སྔོན་འགོག་སླད་ཛ་དྲག་གི་ཁྲིམས་སྒྲིག་ཁག་ཕྱག་བསྟར་གནང་བཞིན་པ་དེ་དག་ནུས་ཕན་སོན་ངེས་ཡིན་སྐོར་བཀའ་བསྩལ་ཡོད།གཞི་རྩའི་ཧི་མཱ་ཅལ་ཀཱངྒ་རཱ་རྫོང་ཁོངས་སུ་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་ཕོག་མཁན་ནད་པ་ཁྱོན་གསུམ་བྱུང་ཡོད་པའི་ཁོངས་ནས་བོད་མི་གཅིག་བྱུང་ཡོད་པ་དེ་འདས་གྲོངས་སུ་གྱུར་ཟིན་རྗེས། ད་ལྟའི་ཆར་ནད་པ་གཉིས་ཡོད་པ་དེ་དྷརྨ་སཱ་ལཱའི་ཉེ་འཁྲིས་ཊན་ཌ་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་རེད། ཛ་དྲག་གི་གནས་སྟངས་འོག་ད་ཆ་ཧི་མཱ་ཅལ་མངའ་སྡེ་ཙམ་མ་ཟད་རྒྱ་གར་རྒྱལ་ཡོངས་སུ་ཕྱི་ཚེས་ ༢༤ ཉིན་གྱི་ཐོ་རེངས་ཚོུད་ ༡༢ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༢༡ རིང་མང་ཚོགས་ཕྱི་ལ་བསྐྱོད་མི་ཆོག་པའི་བཀོད་ཁྱབ་འོག་རིམས་ནད་ཁྱབ་བརྡལ་འགོག་ཐབས་གནང་བཞིན་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ལ་ངེས་པར་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་དཔྱོད་དགོས་པའི་གྲོས་ཆོད།

ཆེས་ཛ་དྲག་གི་རང་བཞིན་ལྡན་པའི་རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་དང་འབྲེལ་ཏེ་ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ལ་ངེས་པར་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་དཔྱོད་གནང་དགོས་པ་དང་། ནད་ཡམས་དེ་རྐྱེན་གནོད་འཚེ་ཕོག་ཡུལ་རྣམས་ལ་གུན་གསབ་སྤྲོད་དགོས་པའི་གྲོས་ཆོད་བཞག་འདུག ཐེངས་འདིའི་གྲོས་ཆོད་ཆེད་འདོན་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Josh Hawley ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་ནད་ཡམས་དེ་ངོ་རྟགས་ཆོད་པའི་ཉིན་དང་པོ་ནས་འཛམ་གླིང་ཡོངས་ལ་བསླུ་ཁྲིད་བཏང་ཡོད་པར་མ་ཟད། སྔ་ལོའི་ཕྱི་ཟླ་ ༡༢ ནང་ནད་ཡམས་དེ་ཛ་དྲག་གི་རང་བཞིན་ཡིན་པར་ཤེས་རྟོགས་བྱུང་ཡོད་ཀྱང་སྐབས་དེར་ཟུངས་ཁྲག་བརྟག་དཔྱད་གནང་མཁན་གྱི་སྨན་ཁང་གཙོས་སྨན་པ་རྣམས་ལ་སྦས་གསང་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་དཔྱོད་གནང་དགོས་པར་བརྗོད་འདུགདེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Hawley ལགས་དང་ལྷན་དུ་གྲོས་ཆོད་འདོན་གནང་མཁན་གྲོས་ཚོགས་འཐུས་མི་ལྕམ་ Elise Stefanik ལགས་ཀྱིས་ཀྱང་ཏོག་དབྱིབས་ཀྱི་ནད་ཡམས་དེ་དང་འབྲེལ་ནས་རྒྱ་གཞུང་གིས་སྦས་གསང་བྱས་འབྲས་སུ་ད་ཆ་ཨ་རིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་ཛ་དྲག་གི་རང་བཞིན་དུ་གྱུར་ཡོད་སྐོར་གསུངས་པར་མ་ཟད་ཐེངས་འདིའི་གྲོས་ཆོད་བརྒྱུད་དེ་རྒྱ་ནག་གཞུང་གིས་བྱ་ངན་དང་རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་ནད་ཡམས་དེ་རྐྱེན་གནོད་འཚེ་ཕོག་ཡུལ་དང་གྱོང་གུད་ཕོག་ཡུལ་གྱི་རྒྱལ་ཁབ་ཡོངས་ལ་གུན་གསབ་སྤྲོད་དགོས་པར་བརྗོད་འདུག ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Banks ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ནོར་འཁྲུལ་གཅིག་ཙམ་མིན་པར་ཆེས་ཛ་དྲག་གི་ནོར་འཁྲུལ་མང་དག་ཅིག་བཟོས་ཡོད་པ་དང་། ལྷག་པར་དུ་ཏོག་དབྱིབས་རིམས་ནད་དེ་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་སྦས་གསང་བྱ་རྒྱུའི་སླད་གནས་ཚུལ་རྫུན་མ་ཁྱབ་བརྡལ་བྱས་ཡོད་པ་གཙོས་རྒྱལ་སྤྱི་འཕྲོད་བསྟེན་ལྷན་ཚོགས་དང་མཉམ་ལས་བྱ་རྒྱུ་ཁས་ལེན་མ་བྱས་པ་དང་། དེ་བཞིན་ཁུལ་དེར་ཡོད་པའི་སྨན་པ་དང་གསར་འགོད་པ་རྣམས་ལ་གསོ་མྱུལ་བྱས་པ་སོགས་ནོར་འཁྲུལ་མང་དག་ཅིག་བཟོས་ཡོད་སྟབས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་དཔྱོད་གནང་དགོས་པར་བརྗོད་འདུགགཞི་རྩའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཁ་སང་འདོན་སྤེལ་གནང་བའི་སྙན་ཐོར་གཞིགས་ན་ད་བར་ཁྱོན་འཛམ་གླིང་གྱི་རྒྱལ་ཁབ་དང་ས་གནས་ ༡༩༦ ལ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་ཁྱབ་བརྡལ་བྱུང་ཡོད་པ་དང་། ད་བར་མི་གྲངས་ ༤༡༦༦༨༦ ལ་ནད་དེ་ཕོག་ཡོད་པར་མ་ཟད། མི་གྲངས་ ༡༨༥༨༩ འདས་གྲོངས་སུ་གྱུར་ཡོད་པར་བཀོད་འདུག

ཏོག་དབྱིབས་རིམས་ནད་སྔོན་འགོག་སླད་རྒྱ་གར་རྒྱལ་ཡོངས་ཉིན་གྲངས་ ༢༡ རིང་སྒོ་བརྒྱབ་པ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Covid-19 འམ་ཏོག་དབྱིབས་རིམས་ནད་དེ་ད་ལྟའི་ཆར་རྒྱལ་སྤྱིའི་རྒྱལ་ཁབ་ཁྱོན་ཡོངས་སུ་དར་ཁྱབ་ཆེས་ཆེར་འགྲོ་བཞིན་པར་མ་ཟད། ལྷག་པར་དུ་རྒྱ་གར་ནང་ལ་རིམ་བཞིན་རིམས་ནད་དེ་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་གར་དབུས་གཞུང་གིས་གཉནནརིམས་སྔོན་འགོག་སླད་རྒྱ་གར་རྒྱལ་ཡོངས་དེ་རིང་ཐོ་རེངས་ཆུ་ཚོད་ ༡༢ ནས་དབུ་འཛུགས་ཀྱིས་ཉིན་མ་ ༢༡ རིང་སྒོ་བརྒྱབ་སོང་། ཁ་སང་དགོང་དྲོའི་ཆུ་ཚོད་བརྒྱད་པའི་ཐོག་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་ཏོག་དབྱིམས་རིམས་ནང་སྔོན་འགོག་དང་འབྲེལ་བའི་རྒྱལ་ཡོངས་གསུང་བཤད་ཐེངས་གཉིས་པ་དེ་གནང་ཡོད་པ་དང་། སྐབས་དེར་སྲིད་བློན་མཆོག་གིས་ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་འཕེལ་ཤུགས་ཆེ་འགྲོ་བཞིན་པའི་གཉན་རིམས་དེར་གདོང་ལེན་དང་སྔོན་འགོག་གི་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་ Social Distancing ཞེས་མི་ཚོགས་འདུ་འཛོམས་ཀྱི་བྱ་བ་སྤངས་ཏེ་རང་ཉིད་སོ་སོའི་སྡོད་ཁང་དུ་བཞུགས་རྒྱུ་དེ་ཡིན་སྟབས་ཁ་ནུབ་མཚན་གུང་ཆུ་ཚོད་ ༡༢ ནས་འགོ་བཙུགས་ཏེ་ཉིན་མ་ ༢༡ གི་རིང་རྒྱ་གར་རྒྱལ་ཡོངས་སྒོ་རྒྱག་རྒྱུ་ཡིན་ཞེས་བཀའ་རྒྱ་དང་བསྒྲགས་པ་དང་། མི་མང་ཚོས་ཀྱང་དེར་བརྩི་འཇོག་གནང་སྟེ་རང་ཁྱིམ་དུ་བཞུགས་པ་ལས་ཕྱིར་རྩ་བ་ཉིད་ནས་མ་ཕེབས་རོགས་ཞེས་འབོད་སྐུལ་ནན་པོ་གནང་སོང་། སྲིད་བློན་མཆོག་ནས་རྒྱལ་ཁབ་ཡོངས་སུ་སྒོ་བརྒྱབ་ཚེ་དེས་དཔལ་འབྱོར་གྱི་ཆ་ནས་རྒྱལ་ཁབ་ལ་གྱོང་གུད་ཆེན་པོ་ཕོག་ངེས་ཡིན་པ་རེད། འོན་ཏང་ད་ལྟའི་ཛ་དྲགས་ཀྱི་དུས་སྐབས་འདིར་དབུས་གཞུང་གི་འགན་འཁྲི་གཙོ་བོ་དེ་ཀོ་ཝིཌ་གཉན་རིམས་ནས་མི་མང་གི་ཚེ་སྲོག་སྐྱོབ་ཐབས་གནང་རྒྱུ་དེ་རེད་ཅེས་གསུངས་པ་དང་ཆབས་ཅིག གལ་སྲིད་རིམས་ནད་དེར་ད་ལྟ་ནས་གདོང་ལེན་མ་གནང་བ་ཡིན་ན་འབྱུང་འགྱུར་གྱི་དུས་ཚོད་ནང་རྒྱལ་ཁབ་དང་མི་སེར་སྤྱིར་བཟོད་དཀའ་བའི་ངལ་བ་ཅིག་འཕྲད་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་སྐབས་དེར་སྲིད་བློན་མཆོག་གིས་རིམས་ནད་འདིར་དངོས་སུ་གདོང་ལེན་གནང་མཁན་སྨན་པ་དང་སྨན་ཞབས་པ་གཙོས་པའི་འཕྲོད་བསྟེན་ཞབས་ཞུ་བ་ཡོངས་ལ་རྗེས་སུ་ཡི་རང་གནང་བ་དང་སྦྲགས། རྒྱ་གར་དབུས་གཞུང་གིས་རིམས་ནད་འདིེར་གདོང་ལེན་དང་སྔོན་འགོག་གི་ལས་དོན་ཆེད་དུ་ཧིར་སྒོར་ས་ཡང་ ༡༥༠༠༠ གསོལ་བསྩལ་གནང་རྒྱུར་ཞལ་བཞེས་གནང་ཡོད། ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་སྒོ་བརྒྱབ་པའི་དུས་སྐབས་འདིའི་རིང་སྨན་ཁང་དང་དངུལ་ཁང་། གློག་དང་ཆུ་ལས་ཁང་། དེ་བཞིན་དགོས་མཁོའི་ཟ་ཆས་ཚོང་ཁང་། གསར་འགོད་ལས་ཁང་སོགས་ཛ་དྲགས་དགོས་ངེས་སྡེ་ཚན་ཁག་ཅིག་མ་གཏོགས་གནམ་གྲུ་དང་མེ་འཁོར་གྱིས་གཙོས་པའི་འགྲུལ་བཞུད་སྡེ་ཚན་སྤྱི། སྒེར་གཉེར་ཚོང་ཁང་དང་བཟོ་གྲྭ་ཁག་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་རེད། གཞི་རྩའི་འདས་ལོའི་ལོ་མཇུག་ཙམ་ལ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Covid-19 འམ་ཏོག་དབྱིབས་རིམས་ནད་འདི་ད་ཆ་རྒྱལ་སྤྱིའི་རྒྱལ་ཁབ་ ༡༩༦ ལྷག་གི་ནང་ལ་ཁྱབ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོར་གཞིགས་ན་ད་ལྟའི་ཆར་རྒྱལ་སྤྱི་ཁྱོན་ཡོངས་སུ་རིམས་ནད་དེ་ཕོག་པ་ ༣༧༥༤༩༨ བྱུང་པའི་ཁྲོད་ནས་མི་ ༡༦༣༦༢ འདས་གྲོངས་སུ་གྱུར་འདུག་པ་དང་། ད་ཆ་རྒྱ་གར་ནང་རིམས་ནད་དེ་ཕོག་པའི་མི་ ༥༧༠ དང་འདས་གྲོངས་སུ་གྱུར་བ་མི་ ༡༠ བཅས་ཆགས་ཀྱི་འདུག

རྒྱ་ནག་གི་དཔོན་རིགས་ཀྱིས་འཕྲལ་དུ་ཛ་དྲག་གི་ཚོགས་འདུ་འཚོགས་དགོས་པའི་ཞུ་སྐུལ།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་དང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་སྒེར་གྱི་ངོ་དེབ་སྟེང་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་དེ་རིང་རྒྱ་ཡིག་གི་གསར་འགྱུར་ཆེ་ཁག་ནང་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ཆེན་པོ་ཞིག་ཐོན་པ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་འཕར་མ་ཞིག་ཛ་དྲག་ཐོག་བསྐོང་འཚོགས་བྱེད་དགོས་པའི་རེ་སྐུལ་ཡི་གེ་ཞིག་དྲྭ་ལམ་ཐོག་ཤུགས་ཆེན་པོ་ཁྱབ་བཞིན་པར་མངོན་གསལ་གནང་སྟེ་ཕྱོགས་ཡོངས་ནས་གནད་དོན་དང་འབྲེལ་བའི་དབྱེ་ཞིབ་ཀྱི་རྩོམ་ཡིག་ཅིག་སྤེལ་འདུག ཁོང་གིས་སྲིད་གཞུང་ལ་ཛ་དྲག་གི་ཚོགས་འདུ་བསྐོང་འཚོགས་དགོས་པའི་ཞུ་སྐུལ་གྱི་ཡི་གེ་དེ་ནི་ཧོང་ཀོང་ནང་གི་ཉི་འོད་སྲུང་སྐར་བརྙན་འཕྲིན་ཁང་གི་འགན་འཛིན་གྲན་ཕིང་གི་སྐད་འཕྲིན་ཐོག་བརྒྱུད་སྤེལ་བྱས་པ་ཞིག་ཡིན་པ་དང་། རེ་སྐུལ་ཡི་གེའི་ནང་དོན་གཙོ་བོ་ནི་ཏོག་དབྱིབས་ནད་ཡམས་དང་། རྒྱ་ནག་གི་དཔལ་འབྱོར། རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་བ་བཅས་ཀྱི་གནས་སྟངས་ཛ་དྲག་ཡིན་སྟབས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་འཕར་མ་ཞིག་ཛ་དྲག་ངང་བསྐོང་འཚོགས་བྱས་ཏེ་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་གཙོ་འཛིན་དང་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་བཅས་ཀྱི་འགན་མུ་མཐུད་འཁུར་རྒྱུར་འོས་འཚམས་ཡོད་མེད་ཐོག་གྲོས་བསྡུར་བྱེད་དགོས་པའི་རེ་སྐུལ་བྱས་པའི་སྐོར་ཡིན་སྐོར་ཡོངས་གྲགས་གནང་འདུག དེ་བཞིན་སྤྱི་ཚོགས་དྲྭ་ལམ་ཐོག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་རིམས་ནད་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ཐོན་པར་ད་ཆ་རྒྱ་ནག་གིས་ཕྱི་ལོགས་ཏུ་རྒྱ་ནག་གི་ནང་དུ་རིམས་ནད་དེ་དྲག་སྐྱེད་འབྱུང་བཞིན་པའི་རྣམ་པ་སྟོན་བྱེད་དུ་རིམས་ནད་འགོས་ཁྱབ་བྱུང་བའི་ནད་པའི་གྲངས་འབོར་ཇེ་མང་དུ་སོང་མེད་པར་ཕྱི་ལ་བསྒྲགས་ཀྱི་ཡོད་ཀྱང་། དོན་དངོས་སུ་ད་ཆ་རྒྱ་ནག་གིས་ཝུ་ཧུན་གྱི་ཁུལ་དུ་གསར་དུ་འགོས་ཁྱབ་བྱུང་བའི་ནད་པ་རྣམས་ལ་སྨན་ཁང་གི་སྨན་པས་བརྟག་དཔྱད་བྱེད་ཀྱི་མེད་པའི་གནས་ཚུལ་འཐོན་བཞིན་པའི་ཁྲོད་འདིར་ཝུ་ཧན་གྱི་ས་གནས་ཀྱི་ཡུལ་མི་ཞིག་གིས་གནས་ཚུལ་ཕྱིར་བསྒྲགས་པར་གཞིགས་ཚེ་རྒྱ་ནག་གིས་རིམས་ནད་ཕོག་པའི་ནད་པ་རྣམས་ལ་སྨན་བཅོས་བྱེད་ཀྱི་མེད་པ་དེ་ནི་སྨན་བཅོས་དང་འབྲེལ་བ་ཡོད་པ་ཞིག་མིན་པར་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུགwuhanདེ་བཞིན་རྒྱ་རིགས་ Ding Ding ཟེར་བ་ཞིག་གིས་རྒྱ་ནག་ཝུ་ཧན་གྱི་རིམས་ནད་དེ་ལོ་སྔོན་མའི་ལོ་མཇུག་ནས་བཟུང་ཁྱབ་གདལ་ཕྱིན་ཡོད་ཀྱང་། འདི་ལོའི་ཟླ་བ་དང་པོའི་ཟླ་དཀྱིལ་བར་དུ་རིམས་ནད་འདི་མི་བརྒྱུད་ནས་མི་ལ་འགོས་་ཡོད་པའི་དཔང་རྟགས་གཅིག་ཀྱང་ཐོན་མེད་པར་མངོན་གསལ་གནང་བ་དང་སྦྲགས། རྒྱ་ནག་གིས་ཐོག་མ་ཉིད་ནས་རིམས་ནད་འདིར་སྔོན་འགོག་བྱེད་མ་ཐུབ་པར་བརྟེན་ཁྱབ་གདལ་ཆེན་པོ་བྱུང་ཡོད་ཚུལ་འགྲེལ་བརྗོད་ཀྱིས་རྒྱ་ནག་གི་སྣང་མེད་ཀྱི་ཁྲོད་ནས་ཁོང་དང་ལས་རོགས་མང་པོ་ཞིག་གི་ཕ་མའི་ཚེ་སྲོག་ཤོར་ཡོད་སྟབས། ཁོང་གིས་སྲིད་གཞུང་གིས་འགན་ལེན་དགོས་པའི་འབོད་སྐུལ་དང་མཉམ་དུ་སྲིད་གཞུང་གིས་རིམས་ནད་ཀྱིས་ཤན་ཤུགས་ཐེབས་མཁན་རྣམས་ལ་གུན་གསབ་སྤྲོད་དགོས་པའི་ཁྲིམས་གཏུག་བྱེད་ཀྱི་ཡིན་པར་བརྗོད་འདུག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་ཀྱང་ཁྲིམས་ལུགས་ཀྱི་ཚོགས་པ་གསར་བཟོ་བྱས་ཏེ་རིམས་ནད་འགོས་ཁྱབ་བྱུང་བའི་མི་སྒེར་རྣམས་དང་ལྷན་དུ་སྲིད་གཞུང་ལ་སྤྱི་མང་གི་ཐོབ་ཐང་གི་ཐད་ནས་ཁྲིམས་གཏུག་བྱེད་རྒྱུ་ཡིན་པར་འཁོད་འདུག

ཏོག་དབྱིབས་རིམས་ནད་སྔོན་འགོག་གི་གཞུང་འབྲེལ་ལས་དོན་རུ་ཁག་ཆེད་འཛུགས།

རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid19 འམ་ཏོག་དབྱིབས་ཀྱི་རིམས་ནད་དེ་ད་ཆ་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་རྒྱལ་ཁབ་ ༡༠༠ ལྷག་ནང་ཁྱབ་གདལ་དུ་འགྲོ་བཞིན་པ་དང་དེའི་ཁྲོད་རྒྱ་གར་ནང་ད་བར་མི་ ༡༩༠ ལྷག་ལ་རིམས་ནད་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག  ཛ་དྲག་གི་གནས་སྟངས་འོག་ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གནང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་ལས་དོན་རུ་ཁག་ཅིག་དམིགས་བསལ་ཆེད་འཛུགས་གནང་སྟེ་ཚོགས་འདུ་ཚོགས་ཡོད་པ་རེད། ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་ལས་དོན་རུ་ཁག་གི་ཁོངས་སུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཕྱི་ལུགས་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས། བོད་ལུགས་ ༸སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། འཕྲོད་བསྟེན་དྲུང་ཆེས་གཙོས་པའི་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གཉིས་ཀྱི་སྨན་པ་བགྲེས་པ་ཁག་ཅིག དེ་བཞིན་ནད་རིམས་སྔོན་འགོག་གི་སྡེ་ཚན་འགན་འཛིན་སོགས་ཡོད་པ་རེད།རླུང་འཕྲིན་ཁང་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཚོགས་འདུ་དེའི་ཐོག་རིམས་ནད་སྔོན་འགོག་དང་འབྲེལ་གཞུང་འབྲེལ་ལས་དོན་རུ་ཁག་ནས་ནད་ཡམས་སྔོན་འགོག་ཐད་བསྐྱར་ཞིབ་དང་ལས་འཆར་གསར་པ་སྤེལ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པར་ངོ་སྤྲོད་གནང་སོང་། གཞི་རྩའི་བོད་མིའི་སྤྱི་ཚོགས་ཁྲོད་ད་ཆ་རིམས་ནད་དེ་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་པ་རེད། ཉེ་ལམ་དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་ནས་ཡིན་པའི་དགེ་འདུན་པ་ཞིག་ཨི་ཊ་ལི་ནས་རྒྱ་གར་དུ་ཕེབས་འབྱོར་གནང་རྗེས་རིམས་ནད་ཀྱི་ནད་རྟགས་མེད་པར་ཤེས་རྟོགས་བྱུང་ཡོད་ཀྱང་ད་ཆ་རང་འགུལ་ཐོག་རང་ཤག་ཏུ་ཟུར་བཞུགས་གནང་བཞིན་ཡོད་པ་རེད།སྤྱིར་རིམས་ནད་དེའི་སྔོན་འགོག་སླད་སྨན་པ་དང་ཉམས་ཞིབ་པ་ཚོས་གཙང་སྦྲ་འཕྲོད་བསྟེན་གནང་དགོས་པ་དང་། ཟས་སྤྱོད་ལེགས་པོ་བསྟེན་དགོས་པ། དེ་བཞིན་འདུ་འཛོམས་སོགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་ཡོད་པ་ལྟར་རྒྱལ་ཁབ་སོ་སོའི་ནང་ཚོགས་འདུ་དང་ཟབ་སྦྱོང་། དེ་བཞིན་མང་ཚོགས་འདུ་འཛོམས་སོགས་རེ་ཞིག་མཚམས་འཇོག་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ནས་ཀྱང་གཟའ་འཁོར་འདིའི་རེས་གཟའ་ཕུར་བུ་དང་པ་སངས་གཉིས་སུ་ལས་ཁུངས་ཁག་ལ་དུག་སེལ་དང་རིམས་ནད་ཀྱི་ནད་རྟགས་ཡོད་མེད་བརྟག་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།རྩ་བའི་ད་ལྟའི་ཆར་འཛམ་གླིང་ཁྱོན་ལ་རིམས་ནད་དེ་ཕོག་མཁན་མི་འབུམ་གཉིས་ལྷག་དང་འདས་གྲོངས་སུ་གྱུར་བ་ ༡༠༠༠༠ ལྷག་བྱུང་བ་དང་རྒྱ་གར་ནང་རིམས་ནད་དེའི་རྐྱེན་གྱིས་མི་བཞི་འདས་གྲོངས་སུ་གྱུར་ཡོད་པ་དང་། དེའི་ཁོངས་མི་ ༡༩ དྲག་སྐྱེད་བྱུང་འདུག རྒྱ་གར་གྱི་སྲིད་བློན་ནཱ་རེནྡྲ་མོ་དི་མཆོག་གིས་ཁ་སང་རེས་གཟའ་ཕུར་བུའི་ཉིན་མང་ཚོགས་ནས་ཡོང་རྒྱུའི་རེས་གཟའ་ཉི་མའི་ཉིན་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་བ་དང་ཆབས་ཅིག ལྷག་པར་དུ་ཕྱི་ཚེས་ ༢༢ ནས་བདུན་ཕྲག་གཅིག་གི་རིང་རྒྱ་གར་ནང་རྒྱལ་སྤྱིའི་གནམ་གྲུ་ཁག་འབབ་རྒྱུར་བཀག་སྡོམ་གནང་ཡོད་པ་རེད།  

དྲྭ་ཐོག་བརྒྱུད་དེ་ཨ་རི་ནང་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ།  

ཨ་རིའི་ནང་ལོ་ལྟར་ Tibet lobby day འམ་ཨ་རི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག་ལས་འགུལ་ཞིག་གོ་སྒྲིག་གནང་བཞིན་པ་ལྟར་ཉེ་ལམ་ཕྱི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་ཁང་བཅས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བར་འདི་ལོའི་བོད་དོན་ཞུ་གཏུག་ཉིན་མོ་དེ་བདུན་ཕྲག་རྗེས་མའི་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་ཀྱི་རིང་ཨ་རིའི་རྒྱལ་ས་ Washington DC དུ་གྲོས་ཚོས་འཐུས་མི་དང་འབྲེལ་ཡོད་ལས་བྱེད་རྣམས་ལྷན་འཛོམས་ཐོག་འཚོགས་གཏན་འཁེལ་ཡོད་ཀྱང་ཨ་རི་གཞུང་གིས་ཕྱི་ཟླ་ ༤ ཚེས་ ༡ བར་ཨ་རི་གྲོས་ཚོགས་ཀྱི་གཙོས་གྲོས་ཚོགས་ཀྱི་ལས་ཁུངས་ཁག་ཏུ་མི་མང་བཅར་རྒྱུ་རེ་ཞིག་སྒོ་རྒྱག་པའི་གནས་ཚུལ་ཐོན་ཡོད་སྟབས། དྲྭ་ལམ་བརྒྱུད་དེ་བོད་དོན་ཞུ་གཏུག་ལས་འགུལ་འཚོགས་རྒྱུ་ཡིན་པར་གནས་ཚུལ་སྤེལ་འདུགའཕྲོད་བསྟེན་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོབ་ཐོག་ནས་བོད་དོན་ཞུ་གཏུག་ཉིན་མོ་དེ་ཨ་རིའི་རྒྱལ་ས་ Washington DC ནང་འཚོགས་མི་དགོས་པར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་འབྲེལ་ཡོད་ལས་བྱེད་དང་ལྷན་དུ་དྲྭ་ལམ་བརྒྱུད་དེ་འཚོགས་རྒྱུ་ཡིན་པ་བཀོད་འདུག་པ་དང་། ཐེངས་འདིའི་ཞུ་གཏུག་ཉིན་མོར་གཙོ་བོ་དོན་ཚོན་གསུམ་ཅན་གྱི་དགོས་འདུན་ཞིག་ཆེད་བཏོན་གནང་རྒྱུ་ཡིན་སྐོར་དང་། དེ་ཡང་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རི་གྲོས་ཚོགས་འོག་མའི་ནང་ Tibetan Policy and Support Act ཞེས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་མང་མོས་ཀྱིས་གཏན་འབེབས་གནང་བ་ལྟར་ཁྲིམས་འཆར་དེ་གང་མགྱོགས་གྲོས་ཚོགས་གོང་མར་གཏན་འབེབས་གནང་དགོས་པ་དང་། ཨ་རི་སྲིད་འཛིན་མཆོག་གིས་དེར་མཚན་རྟགས་བསྐྱོན་ཏེ་ཁྲིམས་གཞིར་གཏན་འབེབས་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་དགོས་པ། དེ་བཞིན་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་འདོན་སྤེལ་གནང་བའི་སྙན་ཐོར་གཞིགས་ཏེ་བོད་མིའི་ཆོས་དད་རང་དབང་གཙིགས་ཆེར་འཛིན་ཐོག་བོད་ཀྱི་ཆབ་སྲིད་བཙོན་པ་དག་ལ་རྒྱབ་སྐྱོར་གནང་རྒྱུ་གཙོས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་སྲིད་བྱུས་དང་འབྲེལ་བའི་བགྲོ་གླེང་གི་གོ་སྐབས་ནམ་བྱུང་ལ་བོད་དོན་གླེང་སློང་གནང་རྒྱུ་དང་ལྷག་པར་དུ་རྒྱ་ནག་གཞུང་གི་གཞུང་འབྲེལ་མི་སྣ་ནམ་ཐུག་ལ་བོད་དོན་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་དགོས་པ། གཞན་ཡང་ཨ་རིའི་སྲིད་གཞུང་གིས་བོད་ཀྱི་གནད་དོན་དང་འབྲེལ་བའི་བྱ་གཞག་གི་ཆེད་དུ་ད་བར་རོགས་དངུལ་མུ་མཐུད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་༢༠༢༠ ལོར་གནང་བའི་རོགས་དངུལ་གྱི་ཚད་གཞི་ལྟར་ཕྱི་ལོ་ ༢༠༢༡ ལོར་དེ་ལྟར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་དོན་ཚན་གསུམ་ཆེད་འབུལ་ཞུས་འདུགའདི་ལོའི་བོད་དོན་ཞུ་གཏུག་ཉིན་མོ་འཆར་ཉེ་དང་བསྟུན་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ ཞབས་ Jim Mcgovern ལགས་དང་སྐུ་ཞབས་ Marco Rubio ལགས་རྣམ་གཉིས་ནས་བརྙན་ཐུང་བརྒྱུད་བསྒྲགས་གནང་འདུག་པ་དང་། ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཚོགས་གཙོ་སྐུ་ཞབས་ Jim Mcgovern ལགས་ཀྱིས་བོད་དོན་ཞུ་གཏུག་ཉིན་མོ་དེ་ནི་བོད་དོན་ཞུ་གཏུག་གནང་རྒྱུའི་ཆེས་གོ་སྐབས་བཟང་ཤོས་ཤིག་ཡིན་པར་ངོ་སྤྲོད་གནང་བ་དང་འབྲེལ། ལོ་ཤས་ནས་བཟུང་བོད་དོན་ཞུ་གཏུག་བརྒྱུད་དེ་བོད་མིར་ཐུགས་ཕན་ཆེན་པོ་གསོས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོར་དེ་སྔ་ཁོང་གིས་ཆེད་བཏོན་གནང་བའི་ Reciprocal Access to Tibet Act ཞེས་པའི་ཁྲིམས་འཆར་དེ་ཁྲིམས་གཞིར་གཏན་འབེབ་གནང་བ་ལྟར་བདུན་ཕྲག་ཁ་ཤས་གོང་དུ་ཨ་རི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་གནང་བའི་ Tibetan Policy and Support Act ཞེས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཡང་གཏན་འབེབས་གནང་བ་བཞིན་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ། དེ་བཞིན་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་སླད་དུ་གྲོས་ཚོགས་གོང་མ་དང་ཨ་རིའི་གཞུང་ནས་ཁྲིམས་འཆར་དེ་ཁྲིམས་གཞིར་གཏན་འབེབས་གནང་རྒྱུ་དུས་ལ་བབ་ཡོད་སྟབས་ང་ཚོ་ལ་རྒྱབ་སྐྱོར་དགོས་པའི་རེ་སྐུལ་གནང་འདུགདེ་བཞིན་སྐུ་ཞབས་ Rubio ལགས་ཀྱིས་ཕྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་ཆེས་གནད་ཆེ་བའི་བོད་ཀྱི་གནད་དོན་ཐོག་ཞུ་གཏུག་ལས་འགུལ་ཞིག་འཚོགས་ཀྱི་ཡོད་པ་ལྟར་ད་བར་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་འོག་བོད་མི་ཁྲི་ཚོ་མང་པོ་སྡུག་བསྔལ་མྱོང་བཞིན་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བཙན་གནོན་ཤུགས་ཆེར་གཏོང་བཞིན་ཡོད་སྟབས། ང་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་ཕྱི་ནང་གཉིསཀྱི་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་སྲུང་སྐྱོབ་གནང་རྒྱུར་བཞེངས་དགོས་པ་གསུངས་འདུགདེ་བཞིན་སྔ་ལོར་ཁོང་གིས་ངོ་སྤྲོད་གནང་བའི་ Tibetan Policy and Support Act ཞེས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་གང་མགྱོགས་གྲོས་ཚོགས་གོང་མར་གཏན་འབེབས་ཀྱིས་ཁྲིམས་གཞིར་གཏན་འབེབ་ཡོང་རྒྱུར་རེ་བ་དང་ཚོགས་ཞུགས་པ་ཡོངས་ནས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་དང་ཞི་བདེར་སྲུང་སྐྱོབ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུགཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ནས་ཞུ་སྐུལ་གནང་བའི་བརྙན་ཐུང་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམ་གཉིས་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་གྱི་མི་སྣ་གཙོ་བོ་གཉིས་ཡིན་སྐོར་དང་། ཁོང་རྣམ་པ་གཉིས་ནས་ཚོགས་ཞུགས་པ་ཡོངས་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཏེ་ད་ཆ་ཏོག་དབྱིབས་རིམས་ནད་རྐྱེན་པས་ལྷན་འཛོམས་ཀྱི་ཚོགས་འདུ་འཚོགས་རྒྱུར་འགོག་རྐྱེན་བཟོས་ཡོད་ཀྱང་། བདུན་ཕྲག་རྗེས་མར་ Tibet lobby day འམ་ཨ་རི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག་ཉིན་མོ་དེ་དྲྭ་ཐོག་ནས་ཚགས་ཚུད་ངང་འཚོགས་ཐུབ་རྒྱུར་ཐུགས་རེ་ཡོད་ཅེས་གསུངས་འདུག

Latest news