Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ ༡༥༤ ནས་སྐུ་ཞབས་ལིའུ་ཞའུ་པའོ་ལགས་དང་ཁོང་གི་སྐུ་ཟླ་གཉིས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག

དེ་ཡང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་སྨན་བཅོས་ཀྱི་ཐོབ་ཐང་འོག་བཙོན་ཁང་ནས་གློད་བཀྲོལ་བཏང་པའི་གནས་ཚུལ་ཡོངས་ཁྱབ་བྱུང་པ་དང་བསྟུན། ཁ་སང་རྒྱལ་སྤྱིའི་ཐོག་ནོ་སྦེ་གཟེངས་རྟགས་བཞེས་མྱོང་མཁན་ ༡༥༤ འི་མཚན་རྟགས་འཁོད་པའི་ཞུ་འབོད་ཀྱི་ཡི་གེ་ཞིག་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་བཏང་འདུག་པ་དང་། དེའི་ནང་གཙོ་བོ་ད་བར་ནོ་སྦེལ་གཟེངས་རྟགས་བཞེས་མཁན་རྣམས་ནས་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་ཐད་ལ་སེམས་ཚབས་ཆེན་པོ་ཡོད་པ་འགྲེལ་བརྗོད་དང་སྦྲགས། སྲིད་འཛིན་ Xi Jiping གི་ངོས་ནས་མཛའ་གྲོགས་ཀྱི་ངོ་བོ་ཐོག་ནས་སྐུ་ཞབས་ Liu Xiaobo ལགས་དང་ཁོང་གི་བཟའ་ཟླ་ Liu Xia ལགས་གཉིས་རང་དབང་ལུང་པར་སྨན་བཅོས་ཞུ་བར་བསྐྱོད་འདོད་ཡོད་པ་ལྟར་བསྐྱོད་བཅུག་དགོས་ཞེས་རེ་སྐུལ་ཞུས་འདུག ཞུ་འབོད་དེ་ནི་ཕྱི་ལོ་ ༡༩༩༣ ལོར་སྨན་གྱི་སྡེ་ཚན་ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Richard Roberts ལགས་ཀྱིས་ཕྱག་བྲིས་གནང་འདུག་པ་དང་། ཞུ་འབོད་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་ Jody Williams ལགས་དང་། James Watson ལགས་སོགས་ཞི་བདེ་དང་སྨན་སྦྱོར། དེ་བཞིན་དཔལ་འབྱོར་དང་ཚན་རིག་སོགས་ད་བར་སྡེ་ཚན་འདྲ་མིན་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ ༡༥༤ ནས་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་འདུག གཞན་ཡང་སྐུ་ཞབས་ Liu Xiaobo ལགས་ཀྱི་ད་ལྟའི་གནས་སྟངས་དང་འབྲེལ། ཁ་ཉིན་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གཞུང་ནས་སྐུ་ཞབས་ Liu Xiaobo ལགས་དང་ཁོང་གི་བཟའ་ཟླ་ Liu Xia ལགས་གཉིས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་བཏང་དགོས་པ་མ་ཟད། ཁོང་རྣམ་གཉིས་ལ་རང་ཉིད་ཀྱི་འདོད་མོས་ལྟར་སྨན་བཅོས་ཀྱི་ཐོབ་ཐང་དང་། རང་ཉིད་ཀྱི་ནང་མི་སྤུན་མཆེད་དང་གྲོགས་ཕོ་མོ་སོགས་དང་ལྷན་དུ་རང་དབང་ངང་ཐུག་འཕྲད་བྱེད་བཅུག་དགོས་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག གྲོས་ཆོད་དེ་གྲོས་ཚོགས་ཀྱི་ཚོགས་དུས་དང་པོའི་སྐབས་ཨ་རིའི་མངའ་སྡེ་ New Jersey ནས་ཡིན་པའི་གྲོས་ཚོགས་འཐུས་མི་དང་ཨ་རི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་  Chris Smith ལགས་ཀྱིས་བསྣམས་པ་ཞིག་རེད་འདུག  གྲོས་ཆོད་དེའི་ནང་སྐུ་ཞབས་ Liu Xiaobo ལགས་ནས་ཕྱི་ལོ་ ༢༠༠༨ ལོར་རྒྱ་རིགས་ཤེས་ལྡན་མི་སྣ་དང་ཁྲིམས་རྩོད་པ་སོགས་ ༣༠༠ ལྷག་དང་ལྷན་དུ་རྒྱ་ནག་གི་མང་གཙོ་བཅོས་བསྒྱུར་དང་རངདབང་། དེ་བཞིན་ཁྲིམས་ལུགས་དབང་འཛིན་སོགས་ཀྱི་ཁྲིམས་འཆར་ཨང་བརྒྱད་པ་ཞེས་པའི་རྩ་འཛིན་ཡིག་ཆ་ལ་མཚན་རྟགས་བསྐྱོན་པ་སོགས་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་པ་ཁག་ཅིག་ཟུར་ཆེད་དུ་བཀོད་དང་སྦྲགས། རྒྱ་ནག་གཞུང་ནས་སྐུ་ཞབས་ Liu Xiaobo ལགས་ཀྱིས་ད་བར་གནང་པའི་ཕྱག་ལས་ཁག་ལ་བསམ་ཤེས་གནང་སྟེ། ཁོང་དང་ཁོང་གི་བཟའ་ཟླ་གཉིས་སྨན་བཅོས་ཆེད་ཕྱིར་བསྐྱོད་གནང་རྒྱུའི་རང་དབང་སྤྲོད་དགོས་པ་སོགས་གསུངས་འདུག

བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་རྒྱལ་སྤྱིའི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཁོངས་སུ་བཅུག་པ་དེས་བོད་མི་དང་རི་སྐྱེས་སྲོག་ཆགས་རྣམས་ཉེན་ཁའི་ནང་ལྷུང་པ་རེད་ཅེས་བརྗོད་འདུག

ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ནས་ Kokoxili བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་མིང་གཞུང་ཁོངས་སུ་བཅུག་འཆར་ཡོད་པ་དེས་ཁུལ་དེའི་ནང་གི་བོད་མི་དང་རི་སྐྱེས་སྲོག་ཆག་རྣམས་ཉེན་ཁའི་ནང་ལྷུང་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག དེའང་ཟླ་ ༧ ཚེས་ ༢ ཉིན་ཡུ་རོབ་ Poland གྱི་གྲོང་ཁྱེར་ Krakow ནང་དུ་ 41th UNESCO World Heritage Committee Meets འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག དཔལ་འབྱོར། རིག་གཞུང་སྲུང་སྐྱོབ་སྡེ་ཚབ་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་ཚོགས་ཆེན་ཐེངས་ ༤༡ པ་ཚོགས་ཀྱི་ཡོད་པ་རེད། ཚོགས་ཆེན་དེའི་ཐོག་རྒྱ་ནག་གཞུང་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་སྤྱི་ལི་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པའི་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་དེ་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་ཕྱིར་རྒྱལ་ཚོགས་ཀྱི་ UNESCO སྡེ་ཚན་དུ་མིང་འབོད་ཞུ་རྒྱུ་ཡིན་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཚོགས་ཆེན་དེ་དང་བསྟུན། དེ་རིང་ཚེས་ ༣༠ ཉིན་རྒྱ་ནག་གཞུང་ནས་བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་མིང་གཞུང་ཁོངས་སུ་བཅུག་འཆར་ཡོད་པ་དེས་ཁུལ་དེའི་བོད་མི་དང་རི་སྐྱེས་སྲོག་ཆགས་རྣམས་ཉེན་ཁའི་ནང་ལྷུང་པ་རེད་ཅེས་སྙན་ཐོ་ཞིག་འདོན་སྤེལ་བྱས་འདུག སྙན་ཐོའི་ནང་གཙོ་བོ་ལྟེ་གནས་ཁང་གི་ངོས་ནས་ལོ་མང་རིང་རྒྱ་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་འོག་ས་ཁུལ་དེ་དག་ནང་དུ་འཚོ་རྟེན་བྱེད་བཞིན་པའི་བོད་མིའི་འབྲོག་པ་དང། རི་སྐྱེས་སྲོག་ཆགས། རྩ་ཐང། གནམ་གཤིས་ཚ་དྲོད་རྒྱས་པ་སོགས་ད་བར་ངལ་བ་འཕྲད་ཁག་ཆེད་བཏོན་བྱས་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་འདིའི་འཛུགས་སྐྲུན་ལས་འཆར་དེའི་ཁོངས་སུ་རྒྱ་གཞུང་ནས་བོད་མཐོ་སྒང་གི་ལོ་རྒྱུས་རང་བཞིན་ལྡན་པའི་སྲོལ་རྒྱུན་འབྲོག་པ་རྣམས་ཀྱི་འཚོ་རྟེན་དང། ས་ཁུལ་དེའི་ནང་རི་སྐྱེས་སྲོག་ཆགས་རྩ་གཏོར་དུ་འགྲོ་ཉེན་ཡོད་པ་སོགས་མངོན་གསལ་བྱས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་རྒྱ་ནག་གཞུང་ནས་ UNESCO རང་བྱུང་ཤུལ་བཞག་ཁོངས་སུ་ཨ་ཆེན་གངས་རྒྱབ་ས་ཁུལ་བཅུག་རྒྱུའི་དམིགས་ཡུལ་དེར་རྒྱབ་སྐྱོར་ཡོད་ཀྱང་། ད་ལན་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ཐོག་ཡུན་རིང་ནས་ས་ཁུལ་དེའི་ནང་དུ་འཚོ་རྟེན་བྱེད་བཞིན་པའི་བོད་མིའི་འབྲོག་རྣམས་སྲུང་སྐྱོབ་ས་ཁུལ་ཁོངས་ནས་ཕྱིར་ཕུད་བྱེད་རྒྱུ་དང། རྒྱ་གཞུང་གིས་ UNESCO རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཀྱི་མིང་སྤྱོད་ནས་ཁུལ་དེར་འཛུགས་བསྐྲུན་དང་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་རྒྱ་སྐྱེད་བྱ་རྒྱུ་བཅས་ཀྱི་རྒྱུ་མཚན་ལྡན་པ་ཞིག་མི་འདུག་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད། དེ་བཞིན་ལས་འགུལ་ཁང་དེས་ད་ལན་རྒྱལ་ཚོགས་སུ་མིང་འབོད་ཞུས་པའི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་ UNESCO རང་བྱུང་ཤུལ་བཞག་ས་ཁོངས་སུ་འདེམས་ཐོན་བྱ་རྒྱུའི་ཐག་གཅོད་ཕྱིར་འཐེན་བྱེད་དགོས་པའི་ཞུ་འབོད་བྱས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་ལམ་སྟོན་རྩ་འཛིན་གཞི་བཟུང་གནད་ཆེ་བའི་རང་བྱུང་ས་ཁུལ་ཐོག་བསྐྱར་དུ་ཆེད་ལས་མི་སྣ་དང། མཁས་དབང་སོགས་ཀྱི་བརྒྱུད་ནས་ཞིབ་འཇུག་ནན་པོ་ཡོང་བར་འབོད་སྐུལ་ཞུས་འདུག གཞི་རྩའི་དངོས་གཞིའི་ཚོགས་ཆེན་དང་འབྲེལ་དེ་རིང་ 4th International Civil Society Forum on World Heritage at Risk ཞེས་པའི་འཛམ་གླིང་ནང་གི་ཉེན་ཚབས་ཆེ་བའི་གནའ་བོའི་རིག་གནས་ཤུལ་བཞག་ཞེས་པ་ཚོགས་ཀྱི་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ད་རེས་འདོན་སྤེལ་བྱས་པའི་སྙན་ཐོ་དེའི་ཕུལ་གྱི་ཡོད་པ་རེད་འདུག གཞི་རྩའི་རྒྱ་གཞུང་གིས་དུས་ད་ལྟར་བར་དུ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞིར་ཁ་གཡར་ནས་བོད་ནང་གི་འབྲོག་པ་ས་ཡ་ ༢ ལྷག་གནས་སྤོས་ཟིན་ཡོད་པ་རེད། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མཐོ་སྒང་ས་ཁུལ་ཆ་ཚང་ Third pole National Park ཞེས་འཛམ་གླིང་སྣེ་མོ་གསུམ་པའི་རྒྱལ་ཡོངས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བསྒྱུར་རྒྱུའི་ཞུ་སྙན་ UNESCO ཕུལ་ཏེ། ས་ཁུལ་དེ་འཛམ་གླིང་ནང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཁོངས་སུ་ཚུད་རྒྱུར་འབད་བརྩོན་བྱེད་བཞིན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སེཀོརྚ་ལན་ཌི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། དབྱིན་ཡུལ་བོད་རང་དབང་ཚོགས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་པ་ཁག་ནས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད།

རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་དབར་སྔར་ལྷག་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ཚེ་བོད་ཀྱི་གནད་དོན་ལ་འགག་རྩ་ཆགས་ཡོད།

ཉེ་ཆར་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པ་བོད་ནང་དུ་འཚམས་གཟིགས་ལ་ཕེབས་བཞིན་པའི་ཁྲོད། སྦར་སེལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་དབར་སྔར་ལྷག་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ཚེ་བོད་ཀྱི་གནད་དོན་ལ་འགག་རྩ་ཆགས་ཡོད་ཅེས་གསུངས་སོང། རྒྱ་ནག་ནང་དུ་ཡོད་པའི་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་སྐུ་ཞབས་ Hans Dietmar Schweisgut མཆོག་གིས་སྣེ་ཁྲིད་པའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་མི་སྣ་ཁག་ཅིག ཟླ་བ་འདིའི་ཕྱི་ཚེས་ ༢༦ ནས་ ༣༠ བར་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དང། ཐེངས་འདིའི་འཚམས་གཟིགས་ནི་རྒྱ་གཞུང་རང་གིས་མགྲོན་འབོད་བྱས་པ་ཞིག་ཡིན་པ་རེད། ཡུ་རོབ་མཐུན་ཚོགས་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་ལ་གཞིགས་ཚེ་འཚམས་གཟིགས་དེའི་ཁྲོད་སྐུ་ཚབ་རྣམ་པས་བོད་ཀྱི་རྒྱལ་སར་ཡོད་པའི་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་སློབ་གསོ་ཚན་པ་དང། འཕྲོད་བསྟེན་དང་ཁྱིམ་ཚང་འཆར་འགོད་ལས་ཁང། བཅོས་བསྒྱུར་དང་ཡར་རྒྱས་གོང་འཕེལ་ཚན་པ། དེ་བཞིན་གྲངས་ཉུང་མི་རིགས་དང་ཆོས་དོན་ལས་ཁང་བཅས་ཀྱི་འགོ་གཙོ་དང་དང་ཐུག་འཕྲད་གནང་རྒྱུ་དང་འབྲེལ། བོད་རང་སྐྱོང་ལྗོངས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གནས་བབ་དང། ས་གནས་མང་ཚོགས་ཀྱི་ཤེས་ཡོན་དང་ཆོས་ཕྱོགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་པ་བརྗོད་འདུག གཞན་ཡང་ཐེངས་འདིའི་འཚམས་གཟིགས་ཁྲོད་སྐུ་ཚབ་རྣམས་ནས་ཁུལ་དེར་ཡོད་པའི་ཤེས་ཡོན་དང་རིག་གཞུང་ལྟེ་གནས་ཁང་དང། དགོན་སྡེ་ཁག་ཏུ་གཟིགས་སྐོར་དུ་ཕེབས་རྒྱུ་རེད་འདུག བོད་ཀྱི་རྒྱལ་ས་ལྷ་ས་ཕུད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ཕྱོགས་ས་ཁུལ་ཉིང་ཁྲི་ཕེབས་ཏེ་ས་གནས་འགོ་གཙོ་དང་ཞིང་འབྲོག་མང་ཚོགས་རྣམས་དང་ཐུག་འཕྲད་ཀྱིས་སོ་ནམ་འདེབས་ལས་དང་ཐོན་སྐྱེད་བཅས་ཀྱི་ཐོག་གླེང་མོལ་གནང་རྒྱུ་ཡིན་པ་འཁོད་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་སུ་འཚམས་གཟིགས་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་དབར་སྔར་ལྷག་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ཚེ་བོད་ཀྱི་གནད་དོན་ལ་འགག་རྩ་ཆགས་ཡོད་ཅེས་གསུངས་སོང། རྩ་བའི་བོད་རང་སྐྱོང་ལྗོངས་ཀྱི་ངོས་ནས་མགྲོན་འབོད་བྱས་དོན་ལྟར། ཡུ་རོབ་མཐུན་ཚོགས་ཀྱི་རང་སྐྱོང་ས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་མཐའ་མ་དེ་ཡུ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ སི་ཊབ་རོ་སི་ལམ་བྷི་རི་ནི་དི་སི་ལགས་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༩ པའི་ནང་ཕེབས་ཡོད་པ་རེད། སྐབས་དེར་ཁོང་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ས་ཁུལ་ཁག་ཅིག་ཏུ་ཕེབས་པ་དང་འབྲེལ། བོད་ནང་གི་རང་ལུས་མེར་སྲེག་གནད་དོན་དང་བོད་མིའི་སྨྲ་བརྗོད་དང་ཆོས་དད་རང་དབང། སྐདཡིག ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ཐད་རྒྱ་ནག་གཞུང་ནས་ཁྲིམས་ལུགས་དང་མཐུན་པའི་སྟངས་འཛིན་བྱེད་དགོས་པར་ནན་བརྗོད་གནང་ཡོད་པ་རེད།

ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་རྒྱ་ནག་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པ་གསུངས་འདུག

ཡུ་རོབ་རྒྱལ་ཁབ་ Belgium འི་རྒྱལ་ས་ Brussels ནང་དུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་གྱི་ལོ་གཉིས་རེའི་ནང་ཚོགས་སྲོལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་བཞིན་པ་དང་བསྟུན། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Pier Antonio Panzeri ལགས་ཀྱིས་རྒྱ་ནག་ཞུང་ལ་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བློ་ཚབས་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་སྐུ་ཞབས་ Pier Antonio Panzeri ལགས་ཀྱིས་ཁ་སང་ཡུ་རོབ་གྲོས་ཚོགས་ཀྱི་དྲ་གནས་ཐོག་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པར། ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་རྒྱལ་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ། དེ་བཞིན་ཁྲིམས་རྩོད་པ་སོགས་ལ་དམ་གནོན་མུ་མཐུད་བྱེད་བཞིན་ཡོད་པ་མ་ཟད། མང་ཚོགས་ལ་ཁྲིམས་ཐོག་ནས་ཐོབ་ཐང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་པས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པོ་ཡོད་པར་བློ་ཚབས་ཆེན་པོ་ཡོད་པ་གསུངས་པ་དང་ཆབས་ཅིག དེ་སྔོན་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གྲོས་ཆོད་བཞག་པའི་ནང་ Ilham Tohti དང་ Liu Xiabo གཉིས་ཀྱི་གནད་དོན། དེ་བཞིན་ཧོང་ཀོང་དང་བོད་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་མུས་ཡིན་པ་སོགས་ཀྱི་གནད་དོན་དང་བོད་ནང་ཆེས་ཛ་དྲག་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་སེམས་ཚབས་ཡོད་པ་གསུངས་ཡོད་པ་རེད། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པར་འབོད་སྐུལ་བསྐྱར་ནན་གནང་ཡོད་པ་གསུངས་འདུག ལྷག་དོན་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱི་ངོས་ནས་ཀྱང་རྒྱ་ནག་དང་ཚོང་འབྲེལ་སོགས་གནང་རིགས་གནད་དོན་དེ་དག་གི་ཐོག་ལ་གླེང་མོལ་ཤུགས་ཆེ་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག

གྲོས་ཚོགས་འཐུས་མི་ ༣༧ ནས་སྲིད་འཛིན་ཊམ་མཆོག་ལ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པ་ཞུས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Christopher H Smith ལགས་དང་སྐུ་ཞབས་ Eliot Engel ལགས། དེ་བཞིན་ལྕམ་ Pramila Jayapal ལགས་སོགས་འཐུས་མི་སུམ་ཅུ་སོ་བདུན་ནས་ཁ་སང་ཚེས་ ༢༡ ཉིན་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ལ་བོད་མིའི་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་ཨ་རིིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་འདུག གྲོས་ཚོགས་འཐུས་མི་ ༣༧ ནས་མཚན་རྟགས་བཀོད་པའི་ཕྱག་ཡིག་དེའི་ནང་དུ་འཐུས་མི་རྣམས་པས་སྲིད་འཛིན་ཊམ་མཆོག་ལ་བོད་ཀྱི་ཐོུང་མིན་པའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གཅེས་སྲུང་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་ཆེད་ད་བར་ཨ་རིའི་མི་དམངས་དང་། ལྷག་པར་གྲོས་ཚོགས་ཀྱི་ཆབ་སྲིད་པ་གཉིས་ཀས་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༢ ནས་གཏན་འབེབས་གནང་པའི་ཨ་རིའི་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་འོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཅིག་བསྐོ་གཞག་གནང་ནས་གཞི་རྐང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་མངོན་འདོད་ལ་རྒྱབ་སྐྱོར་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་ཡར་རྒྱས་གང་ལེགས་ཡོང་རྒྱུར་ཕྱག་ལས་གནང་གི་ཡོད་སྟབས། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི་གལ་ཆེ་ཆགས་ཀྱི་ཡོད་པ་འབོད་སྐུལ་ཞུས་འདུག ལྷག་པར་དུ་གྲོས་ཚོགས་མི་རྣམས་ནས་སྲིད་འཛིན་ཊམ་མཆོག་ལ་ད་ལྟའི་བོད་མིའི་ཛ་དྲག་གི་གནས་སྟངས་སྐོར་ལ་སྙན་གསེང་དང་སྦྲགས། རྒྱ་ནག་གཞུང་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐབ་ཐང་དང་ཆོས་དད་རང་དབང་བརྡལ་བཤིག་བཏང་གི་ཡོད་པས་དཔེ་མཚོན་ཉེ་ས་ནས་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་མུས་ཀྱི་གནས་སྟངས་ཡིན་པ་དང་། ཕྱི་རྒྱལ་བ་ཉུང་ཤས་ཤིག་བོད་ནང་དུ་བསྐྱོད་ཐུབ་མཁན་ཚོས་གསུངས་གསལ། ཁོང་ཚོ་ལམ་བར་དང་འགག་སྒོ་སོགས་སུ་དམ་བསྒྲགས་ཧ་ཅང་ཆེན་པོའི་འོག་ས་གནས་ཚང་མ་ཉེན་རྟོག་པས་བཏུམ་ནས་འཇིགས་དངངས་ཀྱི་ཁོར་ཡུག་ཅིག་ཏུ་བཟོས་ཡོད་པ་གསུངས་པ་མ་ཟད། ཁྱད་པར་དུ་ད་བར་བོད་ནང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་ཕྱི་ལོ་ ༢༠༡༠ ནས་ད་བར་རྒྱ་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་ལ་འབྲེལ་མོལ་བྱུང་མེད་སྟབས། སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་ཨ་རིས་ད་བར་རྒྱབ་སྐྱོར་ཆེན་པོ་གནང་བཞིན་པའི་བོད་རྒྱ་གྲོས་མོལ་ཡོང་རྒྱུའི་གོམ་པ་དང་པོ་སྟེ་གཞུང་འབྲེལ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བཞིན་བསྐོ་གཞག་གནང་གལ་ཡིན་པ་རེད་ཅེས་གསུངས་འདུག ད་དུང་ཕྱག་བྲིས་དེའི་ཐོག་ནས་གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་འཛིན་མཆོག་ལ་སེམས་སྐུལ་དང་སྦྲགས་ཏེ་སྲིད་འཛིན་ Trump མཆོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཁོང་གི་དབུ་ཁྲིད་པའི་འཛིན་སྐྱོང་ནས་ཀྱང་། དེ་སྔའི་འཛིན་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམ་པ་ལྟར་བོད་མིའི་རང་དབང་དང་བདེ་སྡུག་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་བཞེངས་ཕྱོགས་འཛིན་གནང་གི་ཡོད་པ་བསྟན་གནང་གལ་ཡིན་པ་ཡང་ཞུས་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་གོང་མ་སྐུ་ཞབས་ཨོ་བྷ་མ་མཆོག་གིས་འཛིན་སྐྱོང་སྐབས་སུ་ལྕམ་ Sarah Sewall མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་རེད། ད་ལྟའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་འདི་ལོའི་ཕྱི་ཟླ་ ༡ པོ་ནས་སྲིད་འཛིན་ཐུགས་འགན་བཞེས་གནང་ཡོད་ནའང་ད་བར་འདས་པའི་ཟླ་བ་ལྔ་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་མེད་པ་རེད།

རྒྱལ་སྤྱིའི་རྒྱལ་ཁབ་ལྔ་ནས་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་འདུག

དེ་ཡང་ཟླ་ ༦ ཚེས་ ༦ ནས་འགོ་འཛུགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༥ ཚོགས་བཞིན་པ་དང་བསྟུན། ཁ་སང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གྲོས་བསྡུར་གནང་སྐབས། ཨ་རི་དང་དབྱིན་ཡུལ། ཇར་མ་ནི། སུད་སི། དེ་བཞིན་ཕ་རན་སི་བཅས་རྒྱལ་སྤྱིའི་རྒྱལ་ཁབ་ལྔའི་སྐུ་ཚབ་རྣམ་པས་རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་དང་སྒྱུ་རྩལ་གྱི་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་མུ་མཐུད་བློ་ཚབས་གནང་བཞིན་ཡོད་པ་གསུངས་འདུག སྐབས་དེར་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Scott Busby ལགས་ཀྱིས་ཨ་རིའི་ངོས་ནས་རྒྱ་ནག་དང་ཨི་རན། ཨུ་རུ་སུ་དེ་བཞིན་ཝེ་ནེ་ཛུ་ལ་སོགས་ཀྱི་ནང་ལ་མུ་མཐུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་པར་སེམས་ཚབས་ཆེན་པོ་ཡོད་སྐོར་གསུངས་པ་དང་། ལྷག་དོན་རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་ནག་གཙོས་པའི་བོད་དང་ཤིང་ཅང་སོགས་ཀྱི་ཞི་བའི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཁྲིམས་རྩོད་པ་རྣམས་འཛིན་བཟུང་བཙན་ཁྲིད་དང་བཀག་ཉར་བྱས་པའི་གནད་དོན་རྣམས་ཆེས་མངོན་གསལ་གནང་འདུག སྐབས་དེར་དབྱིན་ཡུལ་དང་སུད་སི། དེ་བཞིན་ཧྥ་རན་སི། ཇར་མ་ནི་བཅས་ཀྱི་སྐུ་ཚབ་ནས་ཀྱང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྱུར་བཞིན་པར་བློ་ཚབས་ཆེན་པོ་ཡོད་སྐོར་གསུངས་འདུག ཁྱད་པར་དུ་ཇར་མ་ནིའི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་སྔར་ལོ་ནས་བཟུང་སྟེ་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་དང་། ཆོས་སྒར་གྱི་གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་ཕུད་གཏོང་མུས་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བར་ངོས་འཛིན་གྱིས་ཁྲིམས་བཤེར་བྱེད་བཞིན་པ་སོགས་ཀྱི་སྐོར་ལ་གླེང་སློང་ གནང་འདུག དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ལྕམ་ Melanie Blondelle ལགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ Helsinki འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་པའི་སྐུ་ཚབ་ཀྱི་མཚན་གནས་ཐོག་ཏུ་ ༢༠༠༩ ལོ་ནས་བཟུང་སྟེ་ད་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་མི་ ༡༥༠ ལྷག་ནས་རང་ལུས་མེར་བསྲེགས་གནང་ཡོད་ཀྱང་། རྒྱ་གཞུང་གིས་གནས་ཚུལ་དེ་འདྲ་རིགས་མི་ཡོང་བའི་ཆེད་དུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར་བོད་ནང་གི་བོད་མིའི་ཐོག་སྔར་ལྷག་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། དེ་དག་ནི་རྒྱ་ནག་རང་ཉིད་ཀྱི་གཞི་རྩའི་ཁྲིམས་ལུགས་ཁག་དང་ཡོངས་སུ་འགལ་བཞིན་ཡོད་པ་རེད་ཅེས་གསུངས་འདུག ལྷག་པར་དུ་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་སྐབས་དེའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Navi Pillay མཆོག་གིས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིག་བོད་ནང་རྟོག་ཞིབ་ཆེད་བསྐྱོད་རྒྱུའི་རང་དབང་སྤྲོད་དགོས་སྐོར་གསུངས་པ་དང་། དེ་མཚུངས་སུ་ཕྱི་ལོ་ ༢༠༡༣ ལོའི་རྒྱལ་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་གྲུབ་རྗེས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་བསྐྱོད་རྒྱུར་ཆོག་མཆན་སྤྲོད་རྒྱུའི་ཁས་ལེན་བྱས་པ་སོགས་ལུང་འདྲེན་གྱིས་ད་རེས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་འདི་བརྒྱུད་ནས་རྒྱ་གཞུང་ལ་དྲག་གནོན་སོགས་གང་ཡང་མེད་པར་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་རྟོག་ཞིབ་སླད་ཆེད་བསྐྱོད་བྱེད་བཅུག་དགོས་པར་ནན་སྐུལ་གནང་གལ་ཡིན་པ་གསུངས་འདུག གཞི་རྩའི་ཇི་ནི་ཝ་ནང་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༥ ཟླ་བ་འདིའི་ཚེས་ ༦ ནས་བདུན་ཕྲག་རྗེས་མའི་རེས་གཟའ་པ་སངས་བར་ཚོགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གཙོས། ས་གནས་བོད་མི་རྣམས་ནས་ཚོགས་ཆེན་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་དགོས་པའི་ཞུ་གཏུག་གི་ལས་འགུལ་ཁག་ཅིག་སྤེལ་ཡོད་པ་རེད།

ཁེ་ན་ཌའི་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་གནང་འདུག

ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ Garnett Genuis ལགས་ནས་ཡུལ་དེའི་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་འདུག ཁ་སང་ཟླ་ ༦ ཚེས་ ༡༢ ཉིན་སྐུ་ཞབས་ Garnett Genuis ལགས་ནས་ཡུལ་དེའི་གྲོས་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་ཁོང་ནས་ད་བར་ས་གནས་སུ་ཡོད་པའི་བོད་རིགས་གཙོས་པའི་བོད་ཀྱི་གྲོགས་པོ་མང་དག་ཞིག་དང་ལྷན་དུ་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་ངོ་སྤྲོད་གནང་པ་དང་འབྲེལ། ཁེ་ན་ཌའི་གཞུང་གི་ངོས་ནས་ཀྱང་ས་གནས་བོད་མི་དང་བོད་དོན་སྐོར་ལ་ངེས་པར་དུ་གླེང་སློང་གནང་དགོས་གལ་ཡིན་པ་གསུངས་འདུག ཁོང་གིས་བོད་ནང་གི་ཆོས་དད་རང་དབང་གི་གནད་དོན་དང་འབྲེལ། རྒྱ་ནག་གཞུང་གིས་སྔར་ལོ་ནས་འགོ་འཛུགས་ཀྱིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་དང་། ཆོས་སྒར་གྱི་གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་ཕུད་བཏང་པ་མ་ཟད། མ་འོངས་པར་ཆོས་སྒར་དུ་ཕྱིར་ལོག་བྱ་རྒྱུ་མིན་པའི་མཚན་རྟགས་བཀོད་བཅུག་པ། དེ་བཞིན་སྔར་ལོ་ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་ནང་དུ་བོད་དེ་བཞིན་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་གཉིས་པར་ཐེར་བཏོན་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། སྔར་ལོ་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་ཐོག་ལ་གྲོས་ཆོད་བཞག་པ་དང་། ཉེ་དུས་སུ་ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་པའི་ཚོགས་མི་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས་སུ་ཆེད་ཕེབས་དང་བསྟུན་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་དང་འབྲེལ་ཨ་རི་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་བཅོས་གཏོང་རྒྱུའི་དུས་ལ་བབ་ཡོད་སྐོར་སོགས་གསུངས་པ་ལྟར། ཁེ་ན་ཌའི་གྲོས་ཚོགས་དང་གཞུང་འཛིན་ངོས་ནས་ཀྱང་རྒྱལ་རབས་ལོ་རྒྱུས་ཀྱི་དྲང་བདེན་ཕྱོགས་སུ་ལངས་ཏེ་རྒྱ་ནག་དང་གྲོས་མོལ་བྱེད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པ་མ་ཟད། ད་རེས་གྲོས་ཚོགས་འདིའི་ནང་དུ་རྒྱ་ནག་གཞུང་གིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པར་ངོ་རྒོལ་གྱི་གྲོས་ཆོད་ཅིག་བཞག་དགོས་པ་གསུངས་འདུག དེ་བཞིན་ཁོང་གིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་མི་རྣམས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་པ་ལས། རང་བཙན་རྩོད་ཀྱི་མེད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག བོད་མི་རྣམས་ནས་རྩོད་བཞིན་པའི་རང་སྲིད་རང་སྐྱོང་གི་གནས་བབས་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་གཞིགས་ཚེ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཀྱང་ཡིན་སྟབས། ཁེ་ན་ཌའི་གཞུང་གིས་རྒྱ་གཞུང་ལ་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་བྱེད་དགོས་པའི་གཏམ་བཤད་བྱས་པ་ཙམ་མིན་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོན་དངོས་ཀྱི་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པ་ཡང་གསུངས་ཡོད་པ་རེད། གཞི་རྩའི་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ Garnett Genuis ལགས་ནི་ད་ལྟའི་ཆར་རང་ལོ་ ༣༠ ཡིན་པ་དང་ཁོང་ཕྱི་ལོ་ ༢༠༡༥ ལོར་ཁེ་ན་ཌའི་ Alberta མངའ་སྡེའི་ཁོངས་ནས་མང་ཚོགས་ཀྱིས་གྲོས་ཚོགས་འཐུས་མིར་བསྐོ་གཞག་གནང་ཡོད་པ་རེད།  ཁོང་གིས་ཁོང་རང་ཉིད་གྲོས་ཚོགས་འཐུས་མིར་བསྐོ་གཞག་བྱུང་ནས་ཟླ་བ་གསུམ་ཙམ་གྱི་རྗེས་སུ་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་འདི་བཞིན་མགོན་པོ་༸གང་ཉིད་མཆོག་དང་ལྷན་དུ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་བཀའ་བསྡུར་གནང་ཡོད་པ་རེད།

ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་སུ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་དུ་ཟླ་ ༦ ཚེས་ ༦ ནས་དབུ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༥ འཚོགས་བཞིན་པ་དང་བསྟུན། དེ་རིང་རྒྱལ་ཚོགས་ཀྱི་མདུན་ངོས་སུ་ཉིན་རྒྱབ་ཚོུད་ ༡༡།༣༠ ནས་ ༤།༠༠ བར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཆིག་སྟོང་ལྷག་འདུ་འཛོམས་གནང་སྟེ། གཙོ་བོ་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོས་པའི་གསེར་རྟ་བླ་རུང་སྒར་གྱི་ཛ་དྲག་ཆེ་བའི་གནས་སྟངས་སོགས་ལ་བློ་འཚབ་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག  

ཨ་རི་ Virginia མངའ་སྡེའི་སྲིད་སྐྱོང་འོས་མིར་བཞེངས་མཁན་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་དང་༸གོང་ས་མཆོག་མངའ་སྡེར་གདན་འདྲེན་ཞུ་ཐབས་གནང་་རྒྱུ་ཡིན་པར་ཞལ་བཞེས་གནང་འདུག

ཨ་རི་ Virginai མངའ་སྡེའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན། མངའ་སྡེའི་སྲིད་སྐྱོང་འོས་མིར་བཞེངས་མཁན་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ Gene Rossi ལགས་ཀྱིས་མངའ་སྡེར་གནས་བཞུགས་ས་གནས་བོད་མིར་འབྲེལ་བ་གནང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་ཞལ་བཞེས་གནང་འདུག སྐུ་ཞབས་གྷེ་ནེ་རོ་སི་ལགས་ཀྱིས་རང་གི་ངོ་དེབ་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་བར་གཞིགས་ན། རིང་མིན་ཟླ་ ༦ ཚེས་ ༡༣ ཉིན་ཨ་རི་ Virginia མངའ་སྡེའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་གནང་རྒྱུ་ཡིན་སྟབས། ས་གནས་བོད་རིགས་ཚོས་སྐུ་ཞབས་ཁོང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་པ་དང་འབྲེལ། གལ་ཏེ་ཁོང་ལ་འོག་བསྡུའི་རྒྱལ་ཁ་ཐོབ་ཚེ་ཁོང་གིས་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་ཨ་རིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་བཞིན་པ་ཁག་ལ་ངོས་འཛིན་ཞུས་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ Virginia མངའ་སྡེའི་རྒྱལ་ས་ Richmond ནང་དུ་གདན་འདྲེན་ཞུ་ཐབས་གནང་རྒྱུ་དང་དེ་བཞིན་མངའ་སྡེའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་གྲོས་འཆར་བཏོན་ངེས་ཡིན་ཞེས་ཞལ་བཞེས་གནང་འདུག སྤྱིར་ཨ་རི་ Virginia བྱང་ཕྱོགས་ཀྱི་ Fairfax དང་། Charlottesville གྲོང་སྡེ་གཉིས་ནང་དུ་བོད་མི་མི་ཉུང་བ་ཞིག་གནས་བཞུགས་གནང་མུས་ཡིན་པ་དང་ད་རེས་མངའ་སྡེའི་སྲིད་སྐྱོང་འོས་མི་ཞིག་གིས་ཐད་ཀར་བོད་རིགས་ལ་ཞུ་འབོད་གནང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་པ་ལོ་རྒྱུས་ནང་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། སྐུ་ཞབས་ Gene Rossi ལགས་ཀྱིས་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་རང་གི་ཆོས་ལ་དད་པ་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེ་ཆགས་ཀྱི་ཡོད་པ་དང་། ཁོང་ནས་བདུན་ཕྲག་གཉིས་ཙམ་གྱི་གོང་དུ་ཡི་ཤུའི་ལྷ་ཁང་ཞིག་ཏུ་མཆོད་མཇལ་གནང་ཡོད་པ་མ་ཟད། གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ཁ་ཆེའི་ Ramadan ཟླ་བ་དང་བསྟུན་ནས་ Adamas Center ཞེས་ཁ་ཆེའི་ཆོས་བྱ་ཡུལ་དུ་བཅར་ཡོད་པ་དང་། ལྷག་དོན་ད་ལྟའི་ཟླ་བ་འདི་ནི་ནང་པ་ཚོར་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་པ་བཅས་འགྲེལ་བརྗོད་གནང་འདུག རྩ་བའི་ཨ་རི་ Virginia མངའ་སྡེའི་སྲིད་སྐྱོང་སྔོན་འགྲོའི་འོས་བསྡུ་དེ་ཟླ་ ༦ཚེས་ ༡༣ ཉིན་གནང་གཏན་འཁེལ་ཡོད་པ་དང་། དེའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ལས་མང་ཚོགས་གཙོ་ཚོགས་པའི་འོས་གཞི་ཨ་རི་གཞུང་གི་སྙན་གྲགས་ཡོད་པའི་ཁྲིམས་རྩོད་པ་ཟུར་པ་སྐུ་ཞབས་ Gene Rossi ལགས་དང་། Justin E. Fairfax ལགས། དེ་བཞིན་ལྕམ་སྐུ་ Susan S. Platt ལགས་བཅས་རྣམ་པ་གསུམ་དང་། སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ Bryce E. Reeves ལགས་དང་། Glenn R. Davis ལགས། དེ་བཞིན་ལྕམ་སྐུ་ Jill H. Vogel ལགས་བཅས་ཡིན་པ་རེད།

Latest news