རྒྱལ་སྤྱི།
ཨོསྟྲེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ནང་དོན་ཚན་བཞི་ཅན་གྱི་བོད་དོན་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས།
ཨོསྟྲེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ནང་དོན་ཚན་བཞི་ཅན་གྱི་བོད་དོན་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས།
རྒྱ་གར་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སྲུང་བརྩི།
དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་དང་བསྟུན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་དབུས་པའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ཤུགས་ཆེ་བརྒྱུད་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་དང་བྱེད་མུས་རེད་འདུག
https://youtu.be/ZE3OMtMdj-0?si=inm3zAxMk_6l3rWo
དེ་ཡང་བཞུགས་སྒར་དུ་མཚོན་ན་དེ་རིང་སྔ་དྲོ་གཞུང་འབྲེལ་གྱི་མཛད་སྒོ་གྲུབ་མཚམས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག ས་གནས་བོད་མི་གཙོས་པའི་གཞན་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞལ་རས་ལ་བོད་ཀྱི་རྒྱལ་དར་བྲིས་གནང་བ་དང་། ཕྱག་ལ་བོད་ཀྱི་རྒྱལ་དར་བསྣམས་ནས་ཀ་ཅ་རི་བར་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སྲུང་བརྩི་ཞུས་སོང་བ་དང་། གཞན་ཡང་རྒྱ་གར་རྒྱལ་ས་ལྡི་ལི་ལ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་རྒོལ་མཆོངས་ལས་འགུལ་སྤེལ་བའི་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་འདུག
ཕྱོགས་མཚུངས་དེ་རིང་གི་ཉིན་མོ་དང་བསྟུན་རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་ས་ལུ་གྷ་ར་གྲོང་ཁྱེར་ནས་ཀ་རྡོར་སྒང་གསུམ་གྱི་བོད་མི་བརྒྱ་ཁྲག་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གནང་བ་མ་ཟད། རྡོ་རྗེ་གླིང་ཁུལ་ནས་བོད་མི་སྐྱེས་པ་ནོར་བུ་ལགས་དང་ཁོང་གིས་བཟའ་ཟླ་བདེ་སྐྱིད་དཔལ་འཛོམས་ལགས་གཉིས་དང་ལྷན་དུ་ཁུལ་དེའི་ས་གནས་ཡུལ་མི་གཅིག་ནས་མཉམ་ཞུགས་ཀྱིས། ཁོང་གསུམ་ནས་ས་ལུ་གྷ་ར་བར་རྒྱང་རྒྱུགས་གནང་འདུག་པ་མ་ཟད། བྱང་ཤར་ཀ་སྦུག་ནས་བོད་མི་བསྟན་འཛིན་དབང་འདུ་ལགས་ཀྱིས་ཀྱང་ས་ལུ་གྷ་ར་བར་གོམ་བགྲོད། དེ་བཞིན་བྱང་ཤར་ས་གནས་གཞོན་ནུའི་གོ་སྒྲིག་འོག་མི་རིགས་ Mirik ནས་ས་ལུ་གྷ་ར་ Salugara བར་ Freedom Ride ཞེས་རང་དབང་ཆེད་སྦག་སྦག་སྐོར་སྐྱོད་ལས་འགུལ་ཞིག་ཀྱང་གོ་སྒྲིག་གནང་འདུག་ཅིང་། ལས་འགུལ་དེར་སྦག་སྦག་ཁྱོན་ ༡༡༣ ཙམ་ལྷན་ཞུགས་ཀྱིས་སྤྱི་ལེ་ ༧༥ ཙམ་སྐོར་སྐྱོད་གནང་འདུག
སྤྱིར་དེ་རིང་གི་ཉིན་མོ་འདིར་རྒྱ་གར་ཙམ་མིན་པར་རྒྱལ་སྤྱིའི་ཁྲོད་དུ་གནས་སྡོད་བོད་མི་རྣམས་ནས་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུ་བཞིན་པར་ལྟར། དེ་རིང་སྔ་དྲོ་ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པ་དང་ཨོ་སི་ཊི་ལི་ཡ་བོད་དོན་ལྷན་ཁང་གཉིས་ཀྱིས་གོ་སྒྲིག་འོག ཨོ་གླིང་གི་རྒྱལས་ས་ཁེན་བྷེ་ར་ Canberra ནང་ལས་འགུལ་གོ་སྒྲིག་གནང་འདུག་པ་དང་། དེའི་ཐོག་སྐུ་མགྲོན་དུ་གཙོ་བོ་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། གཞན་ཡང་ཡུལ་དེར་གནས་སྡོད་བོད་མི་རྣམས་ཀྱིས་ལྷན་ཞུགས་གནང་འདུག་པ་མ་ཟད། ལྷག་དོན་དུ་ལས་འགུལ་དེའི་ཐོག ཨོ་གླིང་གྲོས་ཚོགས་ནང་ནས་སྲིད་དོན་ཚོགས་པ་མི་འདྲ་བ་ཁ་ཤས་ཤིག་ནས་འཐུས་མི་ Steph Hodgins-May ལགས་དང་། འཐུས་མི་ David Shoebridge ལགས་ཀྱིས་གཙོས་འཐུས་མི་བདུན་གྱིས་བོད་དོན་རྒྱབ་སྐྱོར་ཆེད་ངོ་རྒོལ་སྐད་འབོད་ནང་མཉམ་ཞུགས་གནང་འདུག
འདི་ག་རླུང་འཕྲིན་ཁང་གི་གནད་དོན་དེ་འབྲེལ་ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པ་དང་ཨོ་གླིང་ས་གནས་ནེའུ་ཁས་ཊེལ་གྱི་ཚོགས་གཙོ་ལུང་རྟོགས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱིར་ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཨོ་གླིང་བོད་དོན་ལྷན་ཁང་གཉིས་ཀྱིས་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩི་ལས་རིམ་ཁྲོད་ད་ལན་ས་གནས་ Canberra ནང་ལས་འགུལ་ཞིག་སྤེལ་ཐུབ་ན་ཡག་པོ་འདུག་ཅེས་གྲོས་མོལ་བྱུང་བཞིན། རྒྱལ་ས་ཁེན་བྷེ་ར་ཡི་གྲོས་ཚོགས་མདུན་ཐང་དུ་༸གོང་ས་མཆོག་དགུང་ལོ་དགུ་བཅུ་བདག་གིར་བཞེས་པ་ལྟར་རླུང་རྟ་ ༩༠ འགྲེངས་འཛུགས་གནང་ཡོད་པ་དང་། སྐབས་དེར་ཨ་གླིང་གྲོས་ཚོགས་འཐུས་མི་ ༧ ལྷན་ཞུགས་ཀྱིས། བོད་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནད་དོན་དང་ཁོང་ཚོས་ངོས་རྟག་ཏུ་བོད་མི་དང་བོད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་བ་མ་ཟད། དམིགས་བསལ་གྱིས་༸སྐུའི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གི་ཐེ་བྱུས་བྱེད་བཞིན་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་གསུངས་ཡོད་པ་འགྲེལ་བརྗོད་གནང་སོང་།
རྩ་བའི་བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་མ་སླེབས་སྔོན་གྱི་ཉིན་ཤས་སྔོན་ནས་ཐེ་ཝན་དང་སུད་སི་གཙོས་པའི་རྒྱལ་ཁབ་འདྲ་མིན་ནང་ཞི་བའི་གོམ་བགྲོད་དང་། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཉེ་ལམ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་དབུས་པའི་རྒྱབ་སྐྱོར་བ་རྣམས་ཀྱིས་རེ་འཛེགས་བརྒྱུད་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་དང་ཞུ་མུས་རེད་འདུག
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་མཇུག་སྒྲིལ།
དེ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་མཇུག་སྒྲིལ་དང་འབྲེལ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་གཡོ་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་པ་དང་། བོད་ཀྱི་དངོས་བདེན་ར་སྤྲོད་ཀྱིས་རྒྱའི་འཁྱོག་བརྗོད་ལ་ཁ་གཏད་གཅོག་རྒྱུ། དེ་བཞིན་བོད་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་དང་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་གྲོས་གཞི་དོན་ཚན་ ༣ ཐོག་གོ་བསྡུར་ལྷུག་པོ་གནང་འདུག
https://youtu.be/PWuKw3WN-Ug?si=a0LeJy4BCTREFokM
དེ་ཡང་ཟླ་བ་འདིའི་ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་འཚོགས་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུས་ ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Jiri Oberfalzer ལགས་དང་ཇར་མན་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Michael Brand ལགས། གཞན་ཡང་། འཛམ་གླིང་རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་ཙམ་དང་གནད་ཡོད་མི་སྣ་སོགས་མཉམ་ཞུགས་ཀྱིས་མཇུག་སྡོམ་མཛད་སྒོ་འཚོགས་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། བོད་ལ་འཕྲད་བཞིན་པའི་ཛ་དྲག་གནད་དོན་དང་རྒྱལ་སྤྱིའི་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་གལ་ཆེའི་རང་བཞིན་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་རྒྱུར་དམིགས་ཏེ་བོད་པའི་བྱིས་པ་རྣམས་བཙན་དབང་ཐོག་རང་གི་ཕ་མ་དང་ཁ་བྲལ་གྱིས་གཏན་འཇགས་སློབ་གྲྭའི་ནང་དུ་གཏོང་བཞིན་ཡོད་པར་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་སོང་།
བཀའ་བློན་མཆོག་གིས་ད་དུང་བོད་མཐོ་སྒང་གི་ཁོར་ཡུག་དང་འཐབ་བྱུས་ཀྱི་གལ་ཆེའི་རང་བཞིན་སྐོར་ནན་བཤད་གནང་སྟེ་དེའི་ཆུ་བོ་རྣམས་ཨེ་ཤི་ཡའི་མི་དུང་ཕྱུར་མང་པོའི་འཚོ་བར་རྒྱབ་སྐྱོར་གནང་གི་ཡོད་པས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་པ་དང་ལྷག་པར་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་སྟེ་བོད་མི་དང་རྒྱ་ནག་གཉིས་ཀར་ཕན་པའི་ཞི་བདེའི་ཐག་གཅོད་ཅིག་ཡོང་བར་འབད་བརྩོན་གནང་དགོས་པ་མ་ཟད། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ས་གནས་གསར་པ་དང་འཛམ་གླིང་གི་གྲོས་ཚོགས་ཁག་ཏུ་གླེང་སློང་བྱེད་དགོས་པར་འབོད་སྐུལ་ཞུས་སོང་།
དེ་རིང་མཇུག་སྡོམ་མཛད་སྒོའི་ཐོག་གཞན་ཡང་ཇར་མན་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Michael Brand ལགས་དང་། ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Jiri Oberfalzer ལགས་རྣམ་གཉིས་ཀྱིས་དམིགས་བསལ་གསུང་བཤད་གནང་བའི་ནང་། རྒྱ་ནང་དུ་བརྟན་ལྷིང་མེད་པའི་རྟགས་མཚན་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་སྔ་ས་ནས་གདོང་ལེན་བྱེད་དགོས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་བྱེད་པར་མཐུན་སྒྲིལ་གནང་དགོས་པ་མ་ཟད། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་མིན་པ་བསྐྱར་ཟློས་གནང་བའི་ཐོག་ནས་རྒྱ་ནག་གི་བྱ་སྤྱོད་ཁག་འཛམ་གླིང་གི་རྒྱལ་ཁབ་དྲང་བདེན་དག་གི་རིན་ཐང་དང་མི་མཚུངས་པ་སྟོན་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རང་ཉིད་ཀྱི་ཁེ་ཕན་འགའ་ཞིག་བློས་གཏོང་གནང་དགོས་པའི་འབོད་སྐུལ་ཞུས་སོང་།
གཞི་རྩའི་ད་རེས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་འདི་ཉིད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་གོ་སྒྲིག་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག་གནང་བ་ཞིག་ཡིན་པ་དང་དེའི་ཐོག་རྒྱ་གར་དང་ཨ་རི། ཁེ་ན་ཌ། ཡུ་རོབ། Australia, Brazil, Taiwan, Latvia སོགས་འཛམ་གླིང་རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་མཉམ་བཞུགས་ཡོད་པ་དང་དེ་རིང་སྔ་དྲོ་ཚོགས་བཅར་བ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད།
འདི་ག་རླུང་འཕྲིན་ཁང་གིས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་མཇུག་སྒྲིལ་དང་འབྲེལ་ནས་བཀའ་འདྲི་ཞུས་པར། ཁོང་གིས་ཚོགས་འདུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་གྱི་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་རིམ་དང་བསྟུན་ནས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་རྒྱུ་དང་སྦྲགས། འཛམ་གླིང་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་གསུངས་སོང་།
རི་འཛེགས་དང་གོམ་བགྲོད། རྔམ་སྟོན་ཁྲོམ་སྐོར་ལམ་ནས་བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།
བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སླེབས་ལ་ཉེ་བ་དང་བསྟུན། ཐེ་ཝན་དང་སུད་སི་གཙོས་པའི་རྒྱལ་ཁབ་འདྲ་མིན་ནང་ཞི་བའི་གོམ་བགྲོད་དང་། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་དབུས་པའི་རྒྱབ་སྐྱོར་བ་རྣམས་ཀྱིས་རེ་འཛེགས་བརྒྱུད་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུས་འདུག
དེའང་ཟླ་བ་འདིའི་ཚེས་ ༧ ཉིན། ཅེག་གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་ར་བྷ་སི་ Přemysl Rabas ལགས་དང་། ཇི་རི་རུ་ཛི་ཀ་ Jiri Ruzicka ལགས་གཉིས་ཀྱིས་གཙོས་ཅེག་བོད་དོན་རྒྱབ་སྐྱོར་བ་ ༣༠ ལྷག་ནས་ Sněžka ཞེས་ཡུལ་དེའི་རི་བོ་མཐོ་ཤོས་སྟེང་འཛེགས་ཏེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བརྒྱུད་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་སྤེལ་ཡོད་ཅིང་། ལས་འགུལ་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་ Martin Bursik མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བྷོལ་ཊོན་ Blatno གྲོང་སྡེ་སྤྱི་ཁྱབ་པ་ཨི་ཝ་ཏ་རོ་བྷ་སོ་ཊ་ཧོ་ཕོ་ཝ་ Iveta Rabasová Houfová ལགས། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཅེཀ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཀེ་ཊི་རི་ན་བྷུར་སིག་ཇེག་ Katerina Bursik ལགས། སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་མཉམ་ཞུགས་གནང་འདུག
ལས་འགུལ་དེ་བཞིན་ཅེག་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ Sněžka ཞེས་པར་རི་འཛེགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་བོད་མིའི་རང་དབང་སྒེར་ལངས་རྗེས་དྲན་སྲུང་བརྩི་ཞུས་པ་ཐེངས་ ༨ པ་ཆགས་ཀྱི་ཡོད་པ་དང་། ལས་འགུལ་འདིའི་བརྒྱུད་ཅེག་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་རྒྱུན་མཐུད་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་གྱི་ཡོད་པ་རེད་འདུག རིའི་འདབས་སུ་ཅེག་གྲོས་ཚོགས་གོང་མའི་འཐུས་མི་ར་བྷ་སི་ལགས་ཀྱིས་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེ་སྔོན་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ནང་དྷ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཅེག་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་ཆེད་ཕེབས་གནང་བའི་སྐོར་གསུངས་གྲུབ་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་མཆོག་གིས་ལས་འགུལ་འདིའི་བརྒྱུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྣམས་གསལ་འདོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་བ་མ་ཟད། འཛམ་གླིང་ནང་མང་གཙོ་ལམ་ལུགས་ཡོད་ནའང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་བཙན་གནོན་འོག་ཡོད་པ་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག
མ་ཟད་ཉིན་དེ་རང་ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ཐེ་ཝན་བོད་རིགས་ཚོགས་པའི་གོ་སྒྲིག་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ལམ་སྟོན་འོག་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་འདུག་པ་དང་། སྐབས་དེར་ཐེ་ཝན་གྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་གཉིས་དང་ཐེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན། དེ་བཞིན་རྒྱ་ནག་ནང་སྡུག་སྦྱོང་མནར་སྤྱོད་མྱོང་ཡོད་མཁན་གྲངས་ཉུང་མི་རིགས་ཁག་གཅིག དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་ས་གནས་མི་མང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་འདུག
བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་གསར་འཛུགས་གནང་མཁན་དང་ཚོགས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། སྤྱིར་ཐེ་ཝན་ནང་རྒྱལ་ཁབ་གཞན་ལྟར་རྒྱ་ནག་གཞུང་ཚབ་ཁང་མེད་པ་སོང་ཙང་། གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་སྐབས་ལམ་ཟུར་ལ་ཡོད་པའི་རྒྱ་ནག་གི་དངུལ་ཁང་ཞིག་གི་མདུན་དུ་སྐད་འབོད་དང་ལས་འགུལ་དང་འབྲེལ་བའི་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག་པ་དང་། སྐབས་དེར་གཏམ་བཤད་པ་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དང་སྦྲགས། སྔ་ལོར་ཟླ་ ༧ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་དང་འབྲེལ་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་བཞིན་ཐེ་ཝན་ནས་ཀྱང་གསལ་བསྒྲགས་དེ་བཞིན་༸སྐུའི་ཡང་སྲིད་ཀྱི་ཐག་གཅོད་དེ་ཉིད་༸གོང་ས་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་གཞན་སུས་ཀྱང་གནད་དོན་དེར་ཐེ་བྱུས་བྱས་ཚེ་ངོས་ལེན་མེད་ཅེས་གསལ་བསྒྲགས་གནང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
མ་ཟད་ཁོང་གིས་ཐེ་ཝན་ནང་གཞོན་སྐྱེས་རྣམས་ཀྱིས་ཀྱང་བོད་དོན་ཐོག་ལ་དོ་སྣང་ཧ་ལས་པ་གནང་གི་ཡོད་སྐོར་དང་འབྲེལ། བོད་དོན་གྱི་ལས་འགུལ་ཐོག་ཐེ་ཝན་ནང་གི་གསར་ཁང་མང་པོ་ནས་ཀྱང་དོ་སྣང་ཡག་པོ་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་བ་མ་ཟད། ཐེ་ཝན་དེ་བཞིན་རྒྱ་སྐད་བེད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། བོད་དོན་དང་འབྲེལ་བའི་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རྒྱ་ནག་གི་མི་མང་དཀྱུས་མ་ཚོ་ལའང་ཤུགས་རྐྱེན་ཐེབས་ཐུབ་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཕྱོགས་མཚུངས་ཟླ་འདི་ཚེས་ ༥ ཉིན་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་ཉིན་གྲངས་བདུན་རིང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཉིན་དྲུག་པར་ལས་འགུལ་བ་རྣམས་སུད་སི་གྲོང་ཁྱེར་བྷ་དྷན་ནང་འབྱོར་ཡོད་ཅིང་། སང་ཉིན་སུམ་ཅུ་དུས་དྲན་དངོས་ཀྱི་ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་འབྱོར་ཏེ་གཞུང་འབྲེལ་མཛད་སྒོ་བརྒྱུད་ལས་འགུལ་མཇུག་བསྒྲིལ་གནང་གི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་ལས་འགུལ་སྣེ་ཁྲིད་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་འབྲོང་པ་ཚང་ངེས་དོན་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། སང་ཉིན་གྱི་མཛད་སྒོ་སྐབས་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་པོ་ Mario Fehr ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་གི་ཡོད་པ་མ་ཟད། སུད་སི་སྐུ་ཚབ་དོན་ཁང་གི་སྐུ་ཚབ། རི་དཀོན་དགོན་པའི་མཁན་པོ་དང་བླ་སྤྲུལ་རྣམ་པ། དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་ཀྱི་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་འབྲེལ། གསར་འགོད་གསལ་བསྒྲགས། སུད་སི་གྲོས་ཚོགས་འཐུས་མིའི་གསུང་འཕྲིན་སོགས་སྒྲོག་སྦྱང་གནང་རྒྱུ་ཡིན་སྐོར་གསུང་བ་མ་ཟད། ཛུ་རིག་ནང་དུ་ཆུ་ཚོད་གཅིག་རིང་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་སྐོར་སོགས་གསུངས་གནང་སོང་།
ཕྱོགས་མཚུངས་ད་ལན་གྱི་ཉིན་བདུན་གྱི་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་མིག་དམར་ཚེ་རིང་ལགས་སུ་ལས་འགུལ་དེ་དང་འབྲེལ་ནས་རང་ཉིད་ཀྱི་ཚོར་བ་དང་ཉམས་མྱོང་ཇི་བྱུང་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལན་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བཙན་བྱོལ་དུ་བཞུགས་པའི་བོད་མི་རྣམས་ནི་བོད་ནང་གི་བོད་མི་རྣམས་ཀྱི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་པའི་ཆ་ནས་ང་ཚོས་བོད་དོན་ལས་འགུལ་གང་མང་སྤེལ་དགོས་པ་དང་། བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་གནས་སྟངས་སོགས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དྲིལ་བསྒྲགས་དང་གླེང་དགོས་རྒྱུ་ནི་གལ་ཆེ་ཞིག་ཆགས་ཀྱི་ཡོད་པར་མཐོང་སྟེ། དེ་འདྲ་བའི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་གལ་ཆེ་བ་མཐོང་ཞེས་གསུངས་སོང་།
རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྡ་རམ་ས་ལའི་སྤྱི་བསྒྲགས་སྤེལ་བའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་སོང་།
རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྡ་རམ་ས་ལའི་སྤྱི་བསྒྲགས་སྤེལ་བའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་སོང་།
བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་དབུ་འཛུགས།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་འཆར་ལ་ཉེ་བ་དང་བསྟུན། ཁ་སང་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་ཉིན་གྲངས་བདུན་རིང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་གནང་བའི་ཞི་བའི་གོམ་བགྲོད་ལས་འགུལ་དེའི་ནང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གཙོས་པའི་བོད་མི་ཕོ་མོ་ ༡༣ ཙམ་གྱིས་མཉམ་བཞུགས་གནང་བ་མ་ཟད། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་ཉིན་གཅིག་རིང་ཁོང་རྣམ་པ་དང་ལྷན་དུ་མཉམ་ཞུགས་གནང་ཡོད་ཅིང་། གོམ་བགྲོད་པ་རྣམས་ཀྱིས་སྐབས་དེར་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འདྲ་མིན་བསྣམས་ཏེ་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་དང་བོད་ནང་གི་བཅའ་སྡོད་སློབ་གྲ ཁྲིམས་འགལ་ཐོག་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་བཅས་པ་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག
རྒྱལ་ས་བན་གྱི་གྲོས་ཚོགས་མདུན་ཐང་དུ་གོ་སྒྲིག་ཞུས་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ Katharina Prelicz-Huber ལགས་དང་དམིགས་བསལ་སྐུ་མགྲོན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དེ་བཞིན་རི་དགོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་གཙོས་སེར་སྐྱ་མི་མང་སོགས་འདུ་འཛོམས་གནང་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་ཚོགས་ཆུང་དང་མཉམ་ཞུགས་བ་ཡོངས་ལ་དང་བླངས་ཐོག་ནས་༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་དང་བསྟུན་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་ལམ་ལྷོང་ཡོང་བར་བོད་མི་ཡོངས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། གཙོ་བོ་ལས་འགུལ་དེ་ནི་བོད་ནང་གི་བོད་མི་རྣམས་དང་བོད་དོན་བདེན་མཐའ་གསལ་ཐབས་སུ་སྤེལ་གྱི་ཡོད་པ་ནམ་ཡང་བརྗེད་རྒྱུ་མེད་པའི་དྲན་སྐུལ་ཞུས་འདུག
མཛད་སྒོ་ཐོག་ཆེད་བཅར་ཞུས་པའི་སུད་སི་གྲོས་ཚོགས་འཐུས་མི་ Katharina ལགས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་ཐོག་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཞུས་པའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྐྱངས་པའི་བརྒྱུད་སུད་སི་བོད་མི་རིགས་དང་ཆོས་ལུགས་ཀྱི་རང་དབང་ཆེད་དུ་སུད་སི་རྒྱལ་ས་བེན་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་ལས་འགུལ་འདི་འགོ་འཛུགས་གནང་བར་འབྲེལ་ཡོད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཁོ་མོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོས་འཛིན་མཛད་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ཁག་ལ་གུས་ཞབས་བྱེད་པ་དང་ཁོང་ཚོའི་མཐུན་སྒྲིལ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ལས་འགུལ་སྣེ་ཁྲིད་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་འབྲོང་པ་ཚང་ངེས་དོན་རྒྱ་མཚོ་ལགས་ཀྱིས། ཉིན་གྲངས་བདུན་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་འཆར་ལ་ཉེ་བ་དང་བསྟུན་ནས་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་ཡོད་པ་དང་དེའི་བརྒྱུད་རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དྲག་ཤུལ་ངང་ལག་བསྟར་བྱེད་པའི་བརྒྱུད་བོད་མི་རྣམས་རྒྱ་བསྒྱུར་བྱེད་བཞིན་པར་སེམས་འཚབ་ཀྱིས་སྲིད་བྱུས་དེ་ཉིད་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པ་མ་ཚད་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་ཁྲིམས་དང་སྲིད་བྱུས་དག་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་རིག སྐད་ཡིག བོད་མིའི་ངོ་བོ་བཅས་པ་རྩ་བརླག་གཏོང་བཞིན་ཡོད་པར་མངོན་གསལ་གནང་སོང་།
རྩ་བའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣེ་ཁྲིད་གནང་བའི་ལས་འགུལ་དེ་ཁ་སང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་ཉིན་སུད་སི་ཛུ་རིག་གྲོང་ཁྱེར་དུ་མཇུག་སྒྲིལ་གནང་རྒྱུ་རེད་འདུག
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ Scottish སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་གསུང་བཤད་གནང་འདུག
དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་ཁ་སང་ཡུ་རོབ་རྒྱལ་ཁབ་སི་ཁོ་ཊི་ལེན་ཌི་གྲོས་ཚོགས་ནང་ཇི་ལྟར་མགྲོན་འབོད་ཞུས་པ་ལྟར། དོན་དམ་པའི་སྙིང་རྗེ་དང་ཞི་བདེའི་སྐོར་གསུང་བཤད་གནང་བ་དང་འབྲེལ། འཛམ་གླིང་དབུ་ཁྲིད་གཙོས་པའི་མང་ཚོགས་ཚང་མས་ཕྱིའི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ལས་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ལ་འབད་དགོས་གལ་ཡིན་པ་གསུངས་འདུག་པ་དང་། དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡུལ་དེར་ཆིབས་བསྒྱུར་དང་འབྲེལ་གྲོས་ཚོགས་དེའི་ནང་གསུང་བཤད་སྩལ་རྗེས་ཀྱི་བོད་མི་མགྲོན་འབོད་གནང་སྟེ་གསུང་བཤད་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་གསུངས་སོང་།
དེ་ཡང་སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་གསུང་བཤད་ལས་རིམ་དེ་བཞིན་ Scottish གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Rose Greer ལགས་ནས། ཡུལ་དེའི་གྲོས་ཚོགས་ཀྱི་ལས་རིམ་མ་འཚོག་གོང་དུ་ Time for Reflection ཞེས་རྒྱལ་ཁབ་དང་ཆོས་ལུགས་རྒྱབ་ལྗོངས་འདྲ་མིན་གྱི་གནད་ཡོད་མི་སྣས་བཟང་སྤྱོད་དང་ཆོས་ཕྱོགས། སྤྱི་ཚོགས་ཀྱི་གནད་དོན་ཐོག་སྐར་མ་ ༤ ཡི་གཏམ་བཤད་ཀྱི་དུས་ཚོད་ཟུར་དུ་ཡོད་པ་དེའི་ཐོག་འོས་གཞིར་བཏོན་ཏེ་བགྲོན་འབོད་གནང་བ་ཞིག་རེད་འདུག
གསུང་བཤད་ཀྱི་ལས་རིམ་ཐོག་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས། དམངས་གཙོའི་ཀ་བ་གྲོས་ཚོགས་འདི་ལྟ་བུའི་ནང་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་ཅེས། ཁོང་སྐུ་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཡོད་མཁན་ཞིག་ཡིན་པའི་ཆ་ནས། སྙིང་རྗེ་ནི་གང་ཟག་སྒེར་གྱི་བདེ་སྐྱིད་སྐྲུན་ཆེད་ཙམ་མིན་པར། གོ་ལ་སྤྱི་ཡོངས་སུ་ཞི་བདེ་ལྷིང་འཇགས་ཡོང་བར་གནད་འགག་ཆེན་པོ་ཡིན་པ་སོགས་མགོན་པོ་༸གང་ཉིད་མཆོག་གི་དེ་འབྲེལ་བཀའ་སློབ་ཁག་གཅིག་ལུང་འདྲེན་གྱིས། སྙིང་རྗེའི་བསམ་བློའི་གལ་གནད་དང་ཕན་ཡོན་སྐོར་འགྲེལ་བརྗོད་དང་འབྲེལ། འཚེ་བ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། དམག་འཁྲུག་ཁྲོད་དུས་ནམ་ཡང་སུ་ལའང་རྒྱལ་ཁ་ཐོབ་ཀྱི་མེད་པ། དེ་བཞིན་ཁ་ནང་དུ་ཕྱོགས་པའི་རྣམ་དཔྱོད་ཐོག་ནས་ང་ཚོས་འདས་པའི་ཉམས་མྱོང་ལས་སློབ་སྦྱོང་ལེན་ཏེ་ལོ་རྒྱུས་ཀྱི་ནོར་འཁྲུལ་བསྐྱར་ཟློས་ལ་འཛེམས་ཐུབ་དགོས་པ་བཅས། འཛམ་གླིང་དབུ་ཁྲིད་གཙོས་པའི་ང་ཚོ་ཚང་མས་ཕྱིའི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ལས་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ལ་འབད་དགོས་གལ་དང་། བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་ཤེས་ཁོ་ན་ལས་ང་ཚོའི་འགྲོ་བ་མི་རིགས་ཀྱི་མ་འོངས་མདུན་ལམ་བཟང་པོ་ཞིག་བསྐྲུན་ཐུབ་ངེས་ཡིན་པ་གསུངས་འདུག
རྩ་བའི་སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་ Time for Reflection ཞེས་པའི་གསུང་བཤད་ཀྱི་ལས་རིམ་དེ་ཉིད་རེས་གཟའ་མིག་དམར་དང་ལྷག་པ་ཕུར་བུ་བཅས་སུ་འཆར་ཅན་གྲོས་ཚོགས་མ་འཚོག་གོང་དུ་འཚོག་གི་ཡོད་པ་གང་ལྟར་ཡང་། དེ་ནི་ཆབ་སྲིད་ཀྱི་བགྲོ་གླེང་ལྟ་བུ་ཞིག་མ་ཡིན་པར། སི་ཁོ་ཊི་ལེན་ཌིའི་རྒྱལ་ཁབ་ནང་དུ་ཆོས་དང་རིག་གཞུང་སྣ་མང་ཡོད་པ་དེར་ཆེ་མཐོང་མཚོན་བྱེད་ཅིག་ཡིན་པ་རེད།
འདི་ག་རླུང་འཕྲིན་ཁང་ནས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་སུ། སི་ཁོ་ཊི་ཤིའི་གྲོས་ཚོགས་ནང་བོད་ཀྱི་སྐུ་ཚབ་དོན་གཅོད་གཅིག་ནས་གསུང་བཤད་གནང་བ་དེའི་གནད་འགག་དང་མཚོན་དོན་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡུལ་དེར་ཆིབས་བསྒྱུར་དང་འབྲེལ་གྲོས་ཚོགས་དེའི་ནང་གསུང་བཤད་སྩལ་རྗེས་ཀྱི་བོད་མི་མགྲོན་འབོད་གནང་སྟེ་གསུང་བཤད་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་སྡིངས་ཆ་གལ་ཆེན་འདི་ལྟ་བུའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་མཚོན་པའི་བྱམས་སྙིང་རྗེ་དང་ཞི་བདེའི་སྐོར་གསུང་བཤད་གནང་བ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་ཡིན་པ་གསུངས་སོང་།
ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པ་ཁག་གི་ལོ་འཁོར་ཚོགས་འདུ་སྐོང་འཚོགས་དང་འབྲེལ་རྒྱ་གཞུང་ལ་ཞུ་འབོད་དོན་ཚན་གསུམ་ཆེད་འདོན།
ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ Save Tibet Network འམ་ཉི་འོང་བོད་སྐྱོབ་ཚོགས་པའི་གོ་སྒྲིག་འོག་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པ་ཁག་གི་ལོ་འཁོར་ཚོགས་འདུ་སྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་མ་འོངས་པའི་ལས་འཆར་སྐོར་གྲོས་བསྡུར་གནང་རྗེས། མང་མོས་ཐོག་རྒྱ་ནག་དམར་གཞུང་ལ་ཞུ་འབོད་དོན་ཚན་གསུམ་དང་། ཉི་འོང་གྲོས་ཚོགས་དང་གཞུང་ལ་ཞུ་འབོད་དོན་ཚན་གསུམ་བཏོན་ཡོད་འདུག
དེ་ཡང་ཚོགས་འདུའི་ཐོག་ཉི་འོང་བོད་སྐྱོབ་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཟུར་པ་ Makino Seishu ལགས་དང་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Yamada Hiroshi ལགས། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Yamatani Eriko ལགས་དང་དྲུང་ཆེ་སྐུ་ཞབས་ Yamada Hiroshi ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སོགས་ནས་མཉམ་ཞུགས་ཀྱིས། གཙོ་བོ་རྒྱ་ནག་གཞུང་གིས་བོད་དང་རྒྱལ་ཁབ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་མང་མོས་ཐོག་རྒྱ་ནག་དམར་གཞུང་ལ་ཞུ་འབོད་དོན་ཚན་གསུམ་བཏོན་པའི་ནང་། བོད་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱ་རྒྱུ་མཚམས་འཇོག་དང་བོད་མི་རྣམས་ལ་བོད་ཡིག་སྦྱོང་བའི་ཐོབ་ཐང་སྤྲོད་དགོས་པ། བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དང་བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་སྤྲོད་དགོས་པ། དེ་བཞིན་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་བདག་དབང་ཡོད་སྐོར་བརྗོད་པ་རྣམས་མཚམས་འཇོག་བྱེད་དགོས་པའི་ཐོག ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་སྐུ་ཚབ་རྣམས་ནས་རྒྱ་ནག་དམར་གཞུང་གི་ངོས་འཛིན་བྱེད་པའི་བླ་མ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་མཐའ་གཅིག་ཏུ་ངོས་ལེན་མེད་ཅེས་དོན་ཚན་གསུམ་ཅན་གྱི་ཞུ་འབོད་གནང་འདུག
མ་ཟད། ཚོགས་འདུའི་ཐོག་མ་འོངས་པའི་ལས་འཆར་སྐོར་གྲོས་བསྡུར་གནང་རྗེས། ཉི་འོང་གི་གྲོས་ཚོགས་དང་གཞུང་ལ་ཞུ་འབོད་དོན་ཚན་གསུམ་བཏོན་པའི་ནང་། ཉི་འོང་གཞུང་ནས། རྒྱ་ནག་གཞུང་ནས་གོང་གི་དོན་ཚན་གསུམ་པོར་ལག་བསྟར་དགོས་པའི་འབོད་སྐུལ་གྱི་བསྒྲགས་གཏམ་སྤེལ་དགོས་པ་དང་རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ས་ཁུལ་གཞན་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་ལྟ་ཞིབ་ཆེད་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པའི་ཚན་པ་བསྐོ་བཞག་གནང་དགོས་པ། དེ་བཞིན་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་པར་སྐྱོན་བརྗོད་ཀྱིས་བསྒྲགས་གཏམ་ཤུགས་ཆེ་སྤེལ་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག
དེ་བཞིན་ཚོགས་འདུའི་ཐོག་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དེ་སྔར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ དེ་བཞིན་ལེགས་གྲུབ་བྱུང་བར་ཚང་མས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐུ་ཚབ་དོན་ཁང་གི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་བ་དང་འབྲེལ། ཚོགས་མི་རྣམས་ནས་བོད་དོན་ཐོག་ཐུགས་སྣང་གིས་རྒྱབ་སྐྱོར་གནང་སྟེ་སོ་སོའི་ས་གནས་སུ་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པར་བཀའ་དྲིན་ཆེ་ཞུས་གནང་འདུག
མ་ཟད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་བཞིན་དྷ་རམ་ས་ལར་ཚོགས་རྒྱུ་ཡིན་པས་ཡི་རངས་བསྔགས་བརྗོད་ཞུས་པ་དང་སྦྲགས། ཚོགས་འདུའི་ཐོག་ཉི་འོང་ནས་ཚོགས་མི་དྲུག་དང་ལྷོ་ཀོ་རི་ཡ་ནས་ཚོགས་མི་གཉིས་བཅས་མཉམ་ཞུགས་གནང་རྒྱུ་ཡིན་པར་ཐུགས་རྗེ་ཆེ་ཞུས་གནང་འདུག
ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་སྐུལ་གནང་འདུག
ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Charles de Courson མཆོག་གིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Jean‑Noël Barrot མཆོག་ལ། རྒྱ་ནག་གཞུང་གིས་འཐབ་ཇུས་ལྡན་པའི་ཐོག་བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་བཞིན་པར་སེམས་འཚབ་དང་འབྲེལ། ཡིག་ཐོག་ནས་བོད་ཀྱི་གནད་དོན་ཐོག་དྲི་བ་ཕུལ་བ་ལྟར་བློན་ཆེན་མཆོག་གིས་དེ་འབྲེལ་ལྗགས་ལན་གནང་བའི་ནང་། བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཀྱིས། རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་སྒོ་བརྒྱག་དགོས་པ་དང་། བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་སྐུལ་གནང་འདུག
དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། སྐུ་ཞབས་ Charles de Courson མཆོག་གིས་སྔ་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༡༤ ཉིན་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་ལ་ཡིག་ཐོག་ནས་དྲི་བ་ཞིག་ཕུལ་ཡོད་པ་དེའི་ནང་། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་མཐོ་སློབ་ཁག་ཏུ་འཛུལ་ཞུགས་ཡིག་རྒྱུགས་ཀྱི་ཆ་རྐྱེན་ནང་བོད་ཡིག་ངེས་པར་དུ་མི་དགོས་པ་བཟོས་པའི་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་དེ་ཉིད་གཙོ་བོ་མངོན་གསལ་གནང་བ་དང་འབྲེལ། སྲིད་བྱུས་དེ་ནི་རྒྱ་ནག་སྲིད་གཞུང་གིས་དམིགས་སུ་བཀར་ནས་ལོ་མང་རིང་བོད་ཀྱི་སྐད་དང་ཡི་དེའི་ཐོག་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་བྱ་འགུལ་དེའི་དཔེ་མཚོན་ཙམ་ཞིག་ཡིན་པ་གསུངས་འདུག
སྐུ་ཞབས་ཁོང་གིས་ད་དུང་བོད་ནང་རྒྱ་ནག་གཞུང་གིས་བཙན་པོའི་དབང་ཤེད་ཀྱིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་ཕྲུག་བྱིས་པ་ལོ་ན་ ༤ ཡན་ཆད་ནས་བཅའ་སྡོད་སློབ་གྲྭ་ཟེར་བར་བཅུག་སྟེ་སློབ་མ་བརྒྱ་ཆ་ ༩༠ ཙམ་རང་གི་ནང་མི་ཉེ་འབྲེལ་དང་ཁ་བྲལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་གནད་དོན་དེའི་སྐོར་གྱི་སྙན་ཐོ་ལུང་འདྲེན་གྱིས། བཅའ་སྡོད་སློབ་གྲྭར་བཅུག་པའི་བོད་ཕྲུག་རྣམས་ད་ཆ་རང་གི་ཕ་མ་དང་ཐུག་འཕྲད་སྐབས་བོད་སྐད་བཤད་མི་ཐུབ་པ་བཟོས་ཡོད་པ་དང་། གལ་ཏེ་ཕ་མ་དང་ནང་མི་དེ་དག་ནས་རྒྱ་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་འཐུབ་ཇུས་ལྡན་པའི་སློབ་གྲྭ་དེ་དག་ལ་བཅུག་འདོད་མེད་ན། འབྲེལ་ཡོད་ཕྲུ་གུ་རྣམས་གཞུང་གིས་ཆེད་འཛུགས་སློབ་གྲྭ་གང་དུ་ཡང་ཤེས་ཡོན་སློབ་གཉེར་བཞེས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་བཅས་ཀྱི་སྐོར་སེམས་འཚབ་གསལ་སྟོན་གནང་འདུག
ཡིག་ཐོག་དྲི་བ་དེའི་ནང་ལྷག་པར་དུ་ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Charles de Courson མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་ནི་གནའ་སྔ་བོ་ནས་ཡོད་པ་ཞིག་ཡིན་པ་དེ་ལྟར་ཡང་། ལོ་ངོ་བཅུ་ཕྲག་འགའ་ཤས་རིང་རྒྱ་ནག་གིས་བྱུང་ངན་དྲག་གནོན་ཡོད་ཚད་བེད་སྤྱོད་ཀྱིས་སྲིད་བྱུས་དེ་དག་ལག་བསྟར་ཇེ་ཤུགས་ཆེ་རུ་གཏོང་ཡོད་པ་གསལ་འདོན་གནང་བ་མ་ཟད། བྱ་འགུལ་དེ་ནི་རྒྱ་ནག་སྲིད་གཞུང་གིས་རང་གི་ངལ་རྕོལ་སྟོབས་ཤུགས་ཀྱི་དགོས་མཁོ་སྐོང་ཆེད་དུ་རྐང་བཙུགས་སྤེལ་བ་ཞིག་དང་། དེས་མ་འོངས་བོད་ཀྱི་སློབ་མ་ཚོར་སྤྱི་ཚོགས་ཁྲོད་ལས་ཀའི་གོ་སྐབས་ཤོར་ངེས་དང་མཐོ་སློབ་འགྲིམ་མི་ཐུབ་པའི་ཉེན་ཁ་ཆེན་པོ་ཡོད་པ་མངོན་གསལ་གནང་འདུག
སྐུ་ཞབས་ཁོང་གིས་མཐའ་སྡོམ་ཏུ་ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་ལ། ཡུལ་དེའི་ཁས་ལེན་དམ་བཅའ་ཁོངས་སུ་བྱིས་པ་སྲུང་སྐྱོབ་ཀྱི་གནད་དོན་ཡོད་པ་བཞིན། རྒྱ་ནག་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་བཀུར་དགོས་པ་དང་བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་སེལ་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཡུ་རོབ་མཐུན་ཚོགས་ངོས་སུ་ཡུལ་དེའི་སྲིད་གཞུང་ནས་ཐབས་ཤེས་གང་དང་གང་སྐུལ་མ་གནང་འཆར་ཡོད་སྐོར་བཀའ་འདྲི་གནང་འདུག
དེ་འབྲེལ་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ Jean‑Noël Barrot མཆོག་གིས་ལྗགས་ལན་ནང་། བོད་མིའི་ཚོགས་སྒེར་ཁག་གཙོས་པའི་ཞིབ་འཇུག་ལྟེ་གནས་དང་ཉམས་ཞིབ་པ་མང་དག་ཅིག་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟེར་བ་གཙོས་སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་སྐོར་སྙན་ཐོ་རིམ་པ་འབྱོར་བ་དེ་དག་རྒྱལ་ཚོགས་ཀྱི་གཏན་ལ་ཕབ་པའི་ Convention on the Rights of the Child (CRC) ཞེས་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གྲོས་མཐུན་དང་འགལ་ཡོད་པ་ངོས་ལེན་གྱིས་ཐུགས་འཚབ་ཡོད་ཅེས་འགྲེལ་བརྗོད་དང་འབྲེལ། ཕ་རན་སིའི་ངོས་ནས་རྒྱ་ནག་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སྟེགས་འདྲ་མིན་ཐོག་གླེང་སློང་གནང་ཡོད་པ་གསལ་འདོན་གནང་འདུག་པ་མ་ཟད། རྒྱ་ནག་གི་ཕྱི་ལོ་ ༢༠༢༤ ལོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཚོགས་འདུའི་ཐོག་བོད་མི་གཙོས་ཡུ་གུར་དང་རྒྱ་ནག་གི་མནར་གཅོད་འོག་མྱོང་བཞིན་པ་ཀུན་གྱི་ཆེད་དུ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཡོད་པ་བརྗོད་འདུག ལྷག་པར་དུ་བློན་ཆེན་མཆོག་གིས་ཕ་རན་སི་ནས་རྒྱལ་ཁབ་གཞན་ཁག་དང་ལྷན་དུའང་མཉམ་རུབ་ཀྱིས་འགྲོ་བ་མིའི་ཐོིབ་ཐང་སྲུང་སྐྱོབ་དགོས་པའི་རྒྱལ་སྤྱིའི་བསྒྲགས་གཏམ་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་མ་ཟད། བོད་ནང་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་སྒོ་བརྒྱག་དགོས་པ་དང་། བོད་དོན་བདེན་མཐའ་གསལ་ཆེད་དུ་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དཔོན་རིགས་དབར་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་གནང་འདུག



