Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་སངས་རྒྱས་པའི་ལྟ་གྲུབ་འདིས་འཛམ་གླིང་སྤྱི་ལ་ཕན་པ་འགྲུབ་ཡག་ཡོད་སྟབས་མི་རབས་གསར་པ་ཚོས་བོད་སྐད་ཡིག་ཤེས་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་འདུག

བོད་མིའི་བླ་ན་མ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཉི་མའི་ཉིན་རྒྱབ་ཏུ་ཨ་རིའི་California མངའ་སྡེ་དང་San diego གྲོང་ཁྱེར་དང་ཉེ་འཁྲིས་Portland དང་ Seatle བཅས་ནས་བཅར་བའི་བོད་མི་༦༥༠ཙམ་ལ་ཞིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེའི་འདུ་འཛོམ་ས་ཐོག་ས་གནས་བོད་མི་རྣམས་ལ་དེ་རིང་སང་གི་འཛམ་གླིང་འདིའི་ནང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་གལ་གནད་དང་བོད་སྐད་ཡིག་གི་རིན་ཐང་། བོད་མིའི་མི་རབས་གསར་རྙིང་གི་འོས་འགན་དང་མང་ཚོགས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་པའི་དགེ་མཚན་སོགས་ཀྱི་སྐོར་ལ་ལམ་སྟོན་རྒྱ་ཆེ་བསྩལ་འདུག་པ། དེ་ཡང་༸གོང་ས་མཆོག་གིས་ཐོག་མར་ང་ཚོ་ད་བར་ལོ་ངོ་༥༨ རིང་ལ་བོད་མི་རིགས་རིག་གཞུང་དང་བཅས་པ་ཛ་དྲག་གཉེན་འཕྲང་ཅན་ཞིག་ཏུ་ལྷུང་བའི་དུས་ཡུན་འདིའི་ཁྲོད། གཙོ་ཆེ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་དང་མི་རིགས་ཀྱི་ཞེན་ཁོག་གཡོ་བ་མེད་པ་དང་། དེ་བཞིན་བཙན་བྱོལ་ནང་དུའང་རང་ཉིད་བོད་པའི་་འདུ་ཤེས་འགྱུར་བ་མེད་པ་གནས་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག ད་དུང་མུ་མཐུད་ང་ཚོའི་མི་རབས་གསར་པ་ཚོས་བོད་སྐད་ཡིག་ཤེས་དགོས་ཡག་གལ་ཆེན་པོ་ཞེ་དྲགས་ཡིན་པ་དེ་ལྟར་ཡང་། དེ་རིང་སང་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཆ་ནས་འཛམ་གླིང་སྤྱི་ལ་ཕན་པ་འགྲུབ་ཡག་གི་གོ་སྐབས་དང་ཆ་རྐྱེན་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་ལམ་སྟོན་བཀྲིན་བསྩལ་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་དགོན་པ་གྲྭ་ཚང་དང་དགེ་འདུན་པ་གཅིག་པུས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་སྔར་ལམ་ཁག་ཅིག་འགྱུར་བཅོས་བཏང་ནས། མང་ཚོགས་དང་སྤྱི་ཚོགས་སྤྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་ཚེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནང་ཐུབ་རྒྱུའི་དགེ་མཚན་སྐོར་ལའང་བཀའ་གནང་འདུག ད་དུང་༸གོང་ས་མཆོག་གིས་ས་གནས་བོད་མི་རྣམས་པ་འཛོམས་ཡོད་པ་དེའི་ཐོག་སྔ་ལོའི་འོས་བསྡུ་སྐབས་ཀྱི་གནས་ཚུལ་ཁག་ཅིག་ལས་༸གང་ཉིད་ཐུགས་ཕམ་བྱུང་ཡོད་པ་བཀའ་གནང་དང་འབྲེལ། ད་ཆ་གནས་སྟངས་ཡག་ཐག་གཅོད་ཡོད་སྟབས། ང་ཚོ་བོད་མི་ཚོས་དེ་སྔ་ཆོས་རྒྱལ་ཚོའི་སྐབས་ནས་ཆོལ་གསུམ་གཅིག་ཏུ་གནས་པ་བཞིན། ད་དུང་མུ་མཐུད་བསམ་བློ་རྒྱ་ཆེ་ནས་བཏང་ནས་རྡོག་གཅིག་ཏུ་སྒྲིག་གལ་ཡིན་པ་ལས་རྐྱེན་ངན་ཆུང་ཚག་རིགས་ཀྱི་གཞན་དབང་དུ་འགྲོ་རྒྱུ་མེད་པའི་ལམ་སྟོན་བླ་ན་མེད་པ་མཛད་འདུག ཁ་སང་ཉིན་རྒྱབ་མགོན་པོ་༸གང་ཉིད་མཆོག་གིས་ད་རེས་ California མངའ་སྡེ་དང་San diego གྲོང་ཁྱེར་དུ་ཁུལ་དེའི་བོད་མི་རྣམས་ལ་བཀའ་སློབ་བསྩལ་བའི་མཐའ་མཇུག་ཏུ་གཞིས་བྱེས་བོད་མི་ཡོངས་ལ་གཏམ་བཟང་ཞིག་ལ། ༸གང་ཉིད་མཆོག་ཟླ་བ་འདིའི་ཚེས་༡༣དང་༡༤་བཅས་སུ་Mayo་སྨན་ཁང་དུ་༸སྐུའི་འཕྲོས་བཞེས་བརྟག་དཔྱད་གང་ལེགས་ཀྱིས་སྐུ་གཟུགས་གསལ་ཐང་ཡིན་པ་བཀའ་གནང་འདུག གྲོང་ཁྱེར་ San Diego ནང་གི་མཛད་འཕྲིན་ལེགས་གྲུབ་དང་འབྲེལ་དེ་རིང་ཚེས་༡༩དང་སང་ཉིན་ཕྱི་ཚེས་༢༠བཅས་ཁུལ་དེའི་ Orange county Beach ས་གནས་སུ་ཆིབས་སྒྱུར་གྱིས་འཚོང་པ་འབྱོར་ལྡན་དང་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་མི་སྣ་ཁག་ཅིག་དང་མཇལ་མོལ་གྱིས་སློབ་གྲྭ་དང་སྤྱི་ཚོགས་ནང་བྱམས་བརྩེ་གོང་སྤེལ་གནང་ཐབས་སྐོར་ལམ་སྟོན་བཀའ་སློབ་སྩལ་གྱི་འདུག་པ་དང་། ཕྱི་ཚེས་༢༡ནས་༸གོང་ས་མཆོག་Minnesota ཆིབས་སྒྱུར་གྱིས་ཉིན་བཞི་རིང་བཞུགས་ཞག་མཛད་འཆར་འདུག་པ་མ་ཟད། ཚེས་༢༥ཉིན་༸གང་ཉིད་མཆོག་ Boston གྲོང་ཁྱེར་དུ་ཆིབས་སྒྱུར་མཛད་ནས་ཁུལ་དེའི་ནང་གི་ Healthy mind ལྟེ་གནས་ཁང་དུ་ཚན་རིག་པ་དང་མཁས་པ་ཁག་ཅིག་དང་ལྷན་དུ་བྱམས་པ་དང་སྙིང་རྗེ། དེ་བཞིན་བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་ཚོགས་འདུར་དབུ་བཞུགས་མཛད་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་འདུག

༸གོང་ས་མཆོག་གིས་སེན་ཌི་ཡ་གོ་གྲོང་ཁྱེར་ནང་མང་ཚོགས་ ༢༥༠༠༠ ལྷག་ལ་བཀའ་སློབ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་སེན་ཌི་ཡ་གོ་ནང་མང་ཚོགས་ ༢༥༠༠༠ ལྷག་ལ་བཀའ་སློབ་སྩལ་བ་དང་འབྲེལ། འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་འདྲ་མིན་འཕྲད་བཞིན་པའི་དུས་སྐབས་འདིར་ངལ་བ་དེ་དག་སེལ་བར་ཚང་མས་ཁྱིམ་ཚང་གཅིག་གི་ནང་མི་ལྟར་འདུ་ཤེས་འཛིན་ཏེ་ཤུགས་སྣོན་བསྐྱོན་དགོས་པའི་དུས་ལ་བབ་འདུག་ཅེས་བཀའ་བསྩལ་འདུག ཨ་རིའི་ཁེལ་ཕོ་ནི་ཡ་མངའ་སྡེ་ནང་རྟེན་གཞི་བྱས་པའི་སེན་ཌི་ཡ་གོ་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁ་སང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་རིགས་དང་རྒྱབ་ལྗོངས་འདྲ་མིན་གྱི་སྤྱི་ཚོགས་འཆམ་མཐུན་གོང་བུ་གཅིག་ཏུ་གནས་ཐབས་སྐོར་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཚང་མར་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་རྒྱུའི་ཐོབ་ཐང་གཅིག་མཚུངས་ཡོད་པ་དང་། མི་ཚེའི་དོན་སྙིང་དེའང་བདེ་སྐྱིད་ཅིག་ཡིན་པ་རེད། འོན་ཀྱང་རང་འབྱུང་གི་གནོད་འཚེ་ཕུད་པའི་དེ་མིན་མི་འདོད་བཞིན་དུ་འཕྲད་པའི་ངལ་བ་མང་དག་ཞིག་ནི་འགྲོ་བ་མི་རང་གིས་བཟོས་སྟབས་དེར་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་རེད་ཅེས་ལམ་སྟོན་གནང་འདུག ལྷག་དོན་འགྲོ་བ་མི་རྣམས་ནས་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་མི་འཛིན་པར་རང་ཉིད་ཀྱི་ཆོས་ལུགས་དང་མི་རིགས། དེ་བཞིན་རྒྱལ་ཁོངས་སོགས་གལ་ཆེ་བར་འཛིན་པའི་དབང་ལས་དེ་ལྟར་ཡོང་གི་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ཚང་མའི་ངོས་ནས་འཛམ་གླིང་སྟེང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་པ་དང། འགྲོ་བ་མི་སུ་འདྲ་ཞིག་ཡིན་རུང་བྱམས་བརྩེ་མི་འདོད་མཁན་མེད་པ་ལྟར། རང་རྒྱུད་ལ་ཡོད་པའི་བྱམས་བརྩེ་དེ་མུ་མཐུད་ནས་རྒྱུན་སྐྱོང་གནང་ཚེ་མ་འོངས་པར་རང་ཉིད་ཀྱི་དགྲ་བོ་དེ་ཡང་རང་ཉིད་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཏུ་འགྱུར་གྱི་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་འཛམ་གླིང་ནང་གི་མི་འབོར་འཕར་བཞིན་པ་དང་བསྟུན་གོ་ལ་སྤྱི་དང་སྒོས་སུ་རྒྱལ་ཁབ་སོ་སོའི་ནང་དུ་དབུལ་ཕྱུག་དབར་གྱི་ཁྱད་པར་ཆེན་པོ་ཡོད་པ་རེད། སྟོབས་ཆེན་རྒྱལ་ཁབ་ཨ་རི་ཡིན་ཡང་དེའི་སྤྱི་ཚོགས་ཁྲོད་དུ་དབུལ་ཕྱུག་གཉིས་ཀྱི་དབར་ཁྱད་པར་ཡོད་པ་དང་། དེ་ནི་བཟང་སྤྱོད་ཀྱི་ཆ་ནས་ནོར་བ་ཞིག་མིན་པར་དོན་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་པ་རེད། དེས་ན་སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་དབུལ་པོ་རྣམས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བསྩལ་བ་མ་ཟད། ལྷག་པར་དུ་མགོན་པོ་མཆོག་གིས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་འགྲོ་བཞིན་ཡོད་པ་ལྟར། གོ་ལ་ཧྲིལ་པོ་འཕོ་འགྱུར་འགྲོ་བཞིན་པའི་དུས་མཚམས་འདིར་ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མའི་བྱམས་བརྩེའི་རིན་ཐང་གལ་ཆེར་ངོས་འཛིན་གྱིས་ཁྱིམ་ཚང་གཅིག་གི་ནང་མི་ལྟར་འདུ་ཤེས་འཛིན་ཏེ་ཤུགས་སྣོན་བསྐྱོན་དགོས་པའི་དུས་ལ་བབ་འདུག་ཅེས་བཀའ་བསྩལ་འདུག སྐབས་དེར་མགོན་པོ་མཆོག་གིས་ཚོུད་གཅིག་མན་ཙམ་གྱི་བཀའ་སློབ་བསྩལ་གྲུབ་རྗེས་མང་ཚོགས་ནས་མགོན་པོ་མཆོག་ལ་སྤྱི་ཚོགས་ལ་བྱམས་བརྩེ་ཁྱབ་སྤེལ་བྱེད་ཕྱོགས་དང། རང་རྒྱུད་ཀྱི་སེམས་ལ་ཞི་བདེ་བསྐྲུན་ཐབས། མགོན་པོ་མཆོག་གི་ཡིད་སྨོན་གནང་ཡུལ་གྱི་མི་སྣ་སུ་ཡིན་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ངོས་ཀྱི་ཡིད་སྨོན་ཆེ་ཤོས་ཞུ་ཡུལ་ནི་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷཱི་མཆོག་དང། ཨ་རིའི་མི་རིགས་ནག་པོའི་རང་དབང་རྩོད་ལེན་པ་སྐུ་ཞབས་ Martin Luther king དེ་བཞིན་ལྷོ་ཨ་ཧྤི་རི་ཀའི་ཡི་ཤུ་ཆོས་དཔོན་ཌེས་མིན་ཊུ་ཊུ་མཆོག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ Václav Havel  མཆོག་དང་རྒྱ་གར་གྱི་སྲིད་འཛིན་དང་པོ་ Rajendra Prasad བཅས་ཡིན་ཞེས་བཀའ་ལན་མཛད་པ་དང་ཆབས་ཅིག མགོན་པོ་མཆོག་ནི་མེས་པོ་དམ་པ་གྷན་དྷཱི་མཆོག་གི་རྗེས་འབྲང་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད། ཁ་སང་༸གོང་ས་མཆོག་གིས་ San Diego མང་ཚོགས་ལ་ ༢༥༠༠༠ བརྒལ་བར་བཀའ་སློབ་བསྩལ་རྒྱུའི་ལས་རིམ་ཐོག་ གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Kevin Faulconer མཆོག་ནས་མགོན་པོ་ད་ལན་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་མཛད་པར་ཐུགས་རྗེ་བླ་མེད་དུ་ཆེ་ཞུས་པ་དང་འབྲེལ། སེན་ཌི་ཡ་གོ་གཞུང་མང་གཉིས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་ཚུལ་དུ་གྲོང་ཁྱེར་གྱི་ལྡེ་མིག་ཡང་ཕུལ་ཡོད་པ་རེད། རྩ་བའི་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ San Diego མང་ཚོགས་རྣམས་ལ་བཀའ་སློབ་མ་བསྩལ་གོང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གཙོ་བོ་མགོན་པོ་མཆོག་གི་ཐུགས་ཀྱི་མཛད་འཁུར་གསུམ་དང། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་མིའི་ཆོས་རིག་དང་སྐད་ཡིག  ཁོར་ཡུག་སྲུང་སྐྱོབ་བཅས་ནི་བོད་མི་ཙམ་མིན་པར་འབྲེལ་ཡོད་ཚང་མར་ལ་འོས་འགན་ཡོད་པ་བཀའ་བསྩལ་བ་མ་ཟད། ལྷག་དོན་ད་ལྟའི་དུས་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་སྣེ་ཁྲིད་པའི་འོག་བྱམས་བརྩེ་གཞི་རྩར་ཟིན་པའི་རིག་གནས་གསར་བརྗེ་ཞིག་ཡོང་དགོས་པར་བཀའ་སློབ་བསྐྱར་ནན་མཛད་འདུག

༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕེབས་བསུ་ཞུ་རྒྱུ་བྱུང་བ་ནི་ང་ཚོའི་གཟི་བརྗིད་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་རུ་ཆེ་སི་ཊར་ནང་རྟེན་གཞི་བྱས་པའི་མཱ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་ལ་སྨན་པས་བརྟག་དཔྱད་ལེགས་པར་གྲུབ་སྟེ། ཁ་སང་ ཁེལ་ཕོ་ནི་ཡ་གྲོང་ཁྱེར་སེན་ཌི་ཡ་གོར་༸ཞབས་སོར་བདེ་བར་འཁོད་གནང་འདུག མགོན་པོ་༸གང་ཉིད་མཆོག་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་སེན་ཌི་ཡ་གོའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Kevin Faulconer མཆོག་དང་། San Diego གཙུག་ལགས་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ Pradeep Khosla མཆོག་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་དང་། མགོན་པོ་༸གང་ཉིད་མཆོག་གནམ་ཐང་ནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་མཛད་སྐབས་སུ་ས་གནས་བོད་མི་རྒན་གཞོན་དར་གསུམ་གྱིས་གཙོས། རྒྱ་རིགས་སོགས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཡང་ཞུས་ཡོད་པ་རེད། ཁ་སང་༸གོང་ས་མཆོག་སེན་ཌི་ཡ་གོ་ནང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Faulconer མཆོག་གིས་བརྒྱུད་ལམ་ཐོག་ཏུ་ད་རེས་མགོན་པོ་༸གང་ཉིད་མཆོག་ཁུ ལ་དེར་ཆིབས་བསྒྱུར་བཀྲིན་བསྐྱངས་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིའི་ནང་དུ་འགྲན་ཟླ་བྲལ་བའི་ཞི་བདེའི་མཚོན་རྟགས་དང། དེ་བཞིན་གོ་ལ་སྤྱིའི་མང་ཚོགས་ཀྱི་ཆེ་བསྟོད་ཞུ་ཡུལ་གྱི་དབུ་ཁྲིད་ཅིག་ཡིན་སྟབས། ༸གོང་ས་ཏཱ་ལའི་བླ་མ་མཆོག་སེན་ཌི་ཡ་གོ་ནང་དུ་སླར་ཆིབས་བསྒྱུར་མཛད་པ་དང་། མགོན་པོ་མཆོག་ལ་ཕེབས་བསུ་ཞུ་རྒྱུ་བྱུང་བ་ནི་ང་ཚོ་ San Diego གྲོང་ཁྱེར་མང་ཚོགས་རྣམས་ཀྱི་གཟི་བརྗིད་ཡིན་ཞེས་གསུངས་འདུག རྩ་བའི་༸གོང་ས་མཆོག་ཐེངས་འདིའི་སེན་ཌི་ཡ་གོ་གྲོང་ཁྱེར་ནང་ཆིབས་བསྒྱུར་གནང་པ་འདི་ནི་ San Diego གཙུག་ལག་གཉེར་ཁང་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། ཉེ་སྔོན་གཙུག་ལག་ཁང་དེའི་རྒྱ་རིགས་སློབ་མ་ཁག་ཅིག་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་རྗེས་སློབ་གཉེར་བ་གཞན་ཁག་ཅིག་ནས་ཀྱང་ཁོ་ཚོར་སྐྱོན་བརྗོད་ཀྱིས་གདོང་ཐུག་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་ས་གནས་ཀྱི་མཐོ་རིམ་སློབ་མ་དང་མང་ཚོགས་ཁྲི་ཚོ་མང་པོས་རྒྱ་ནག་གཞུང་ནས་ངོ་རྒོལ་དང་འགོག་རྐྱེན་བཟོ་ཐབས་བྱས་པར་ལྟོས་མེད་ཀྱིས་མགོན་པོ་མཆོག་གི་ཞལ་མཇལ་དང་གསུང་ཐོས་རྒྱུར་ངང་སྒུག་ཞུ་བཞིན་འདུག དེ་བཞིན་ད་ལན་གྱི་བརྒྱུད་ལམ་ཐོག་ཏུ་སེན་ཌི་ཡ་གོ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ Pradeep Khosla མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུས་ཐུབ་པ་འདི་ནི་ང་ཚོའི་གཟི་བརྗིད་ཅིག་ཡིན། ༸གོང་ས་མཆོག་ནས་སློབ་ཐོན་སློབ་མ་དེ་དག་གི་ནང་མི། དེ་བཞིན་མང་ཚོགས་ཚོ་ལ་བཀའ་སློབ་བཀྲིན་བསྩལ་རྒྱུ་བཅས་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་གསུངས་ཡོད་པ་རེད། མཛད་འཆར་ལྟར་ན། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་ཁེལ་ཕོ་ནི་ཡ་མངའ་སྡེའི་ San Diego གྲོང་ཁྱེར་ནང་མང་ཚོགས་གསུམ་ཁྲི་ཙམ་ལ་མི་རིགས་དང་རྒྱབ་ལྗོངས་འདྲ་མིན་གྱི་སྤྱི་ཚོགས་འཆམ་མཐུན་གོང་བུ་གཅིག་ཏུ་གནས་ཐབས་སྐོར་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་ San Diego གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་དང་ཕ་མ་ཉིས་ཁྲི་བརྒལ་བའི་སློབ་ཐོན་མཛད་སྒོར་དབུ་བཞུགས་ཀྱིས་སློབ་ཐོན་སློབ་མ་ཚོར་བླང་དོར་བཀའ་སློབ་བཀྲིན་བསྩལ་གྱི་འདུག གྲོང་ཁྱེར་ San Diego ནང་གི་མཛད་འཕྲིན་ལེགས་པར་གྲུབ་བསྟུན་ཚེས་ ༡༩ དང་ ༢༠ བཅས་ཁུལ་དེའི་ Orange county Beach ས་གནས་སུ་ཆིབས་སྒྱུར་གྱིས་ཚོང་པ་འབྱོར་ལྡན་དང་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་མི་སྣ་ཁག་ཅིག་དང་མཇལ་མོལ་གྱིས་སློབ་གྲྭ་དང་སྤྱི་ཚོགས་ནང་བྱམས་བརྩེ་གོང་སྤེལ་གནང་ཐབས་སྐོར་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད། དེ་བཞིན་ཚེས་ ༢༡ ནས་༸གོང་ས་མཆོག་མི་ནེ་སོ་ཊར་ཆིབས་སྒྱུར་གྱིས་ཉིན་བཞིའི་རིང་བཞུགས་ཞགས་མཛད་འཆར་འདུག་པ་དང་ཚེས་ ༢༥ ཉིན་མགོན་པོ་༸གང་ཉིད་མཆོག་བོས་ཊོན་གྲོང་ཁྱེར་ནང་ཆིབས་སྒྱུར་མཛད་ནས་ཁུལ་དེའི་ healthy mind ལྟེ་གནས་ཁང་དུ་ཚན་རིག་པ་དང་མཁས་པ་ཁག་ཅིག་གི་ལྷན་དུ་བྱམས་པ་དང་སྙིང་རྗེ། བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་ཚོགས་འདུར་དབུ་བཞུགས་མཛད་གཏན་འཁེལ་འདུག

བྷོ་ཙ་ཝ་ན་གཞུང་ནས་༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་སྒྱུར་བསྐྱང་རྒྱུའི་ཐད་འབྲེལ་བ་མེད་ཅེས་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་ ༨ པའི་ནང་ Africa ཁུལ་གྱི་བྷོ་ཙ་ཝ་ནའི་རྒྱལ་ས་ Gaborone ནང་དུ་ཆིབས་བསྒྱུར་གནང་གཏན་འཁེལ་བ་དང་བསྟུན། ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ Gaeimelwe Goitsemang ལགས་ཀྱིས་གནད་དོན་དེ་དང་བྷོ་ཙ་ཝ་ནའི་གཞུང་དབར་འབྲེལ་བ་གང་ཡང་མེད་ཅེས་གསུངས་འདུག དེ་ཡང་བྷོ་ཙ་ཝ་ན་ནང་གི་གསར་ཁང་ Mmegi ཞེས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར། ཁ་སང་ཡུལ་དེའི་མང་ཚོགས་ལས་དོན་ཚོགས་ཆུང་གི་དྲི་བར་ལེན་འདེབས་ཁྲོད་བྷོ་ཙ་ཝ་ནའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Gaeimelwe Goitsemang ལགས་ཀྱིས་༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་གི་ཡོད་པ་དེ་ནི་ཚོགས་པ་སྒེར་གྱིས་གདན་ཕུལ་དོན་ལྟར་ཕེབས་ཀྱི་ཡོད་པ་ལས་གཞུང་གི་སྐུ་མགྲོན་གྱི་གནས་བབ་ཐོག་ནས་ཕེབས་ཀྱི་མེད་སྟབས། ༸གོང་ས་མཆོག་གི་ཆིབས་བསྒྱུར་གནད་དོན་དང་བྷོ་ཙ་ཝ་ནའི་གཞུང་དབར་འབྲེལ་བ་གང་ཡང་མེད་ཅེས་གསུངས་འདུག ད་དུང་ཁོང་གིས་ Botswana གཞུང་གི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་གི་ཡོད་སྟབས། གཞུང་གིས་ཡུལ་འདིའི་ནང་༸གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་གནང་སྟེ་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ལ་དོ་ཕོག་གཏང་གི་མ་རེད་ཅེས་གསུངས་པ་མ་ཟད། བྷོ་ཙ་ཝ་ན་གཞུང་གི་ངོས་ནས་རང་ཉིད་ཀྱི་ལངས་ཕྱོགས་གང་ཡིན་རྒྱ་ནག་ལ་ཁ་གསལ་བརྗོད་སྐོར་ཡང་བཤད་འདུག གཞན་ཡང་ལས་རིམ་དེའི་ཐོག་ནས་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་མཐུད་འགན་འཛིན་སྐུ་ཞབས་ Daphne Kadiwa ལགས་ཀྱིས་༸གོང་ས་མཆོག་གི་ཆིབས་བསྒྱུར་གནད་དོན་དང་འབྲེལ་ཏེ་ Botswana གཞུང་གི་ངོས་ནས་༸གོང་ས་མཆོག་ལ་མཐོང་མཆན་ཕུལ་དང་མ་ཕུལ་སྐོར་ལན་འདེབས་གནང་པར་ཁོང་གིས་སྐུ་ཞབས་ Daphne ཁོང་གཞུང་འབྲེལ་ཐོག་ནས་མ་ཡིན་པར་སྒེར་གྱི་ཐོག་ནས་གནད་དོན་དེ་དང་འབྲེལ་བ་ཆགས་པ་ཞིག་རེད་མ་གཏོགས་དེ་མིན་མགོན་པོ་མཆོག་ལ་མཐོང་མཆན་ཕུལ་མ་ཕུལ་གྱི་གནད་དོན་དེ་རྒྱལ་ཁབ་ཀྱི་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་ཐག་གཅོད་གནང་དགོས་སྐོར་གསུངས་འདུག རྩ་བའི་ Botswana ཡི་རྒྱལ་ས་ Gaborone ནང་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་ ༣ རིང་ལུས་སེམས་སྲོག་གི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་བའི་ཐོག Africa གླིང་ཆེན་ནང་གི་ཆོས་ཕྱོགས་དང་མང་ཚོགས་ཀྱི་དབུ་ཁྲིད། ཚན་རིག་པ་དང་ཤེས་ལྡན་མི་སྣ། སྨན་པ་སོགས་མང་དག་ཞིག་ལྷན་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། དབང་རྩའི་རིག་པའི་ཚན་རིག་པ་རྣམ་པའི་དབར་ Botho/Ubuntu ཞེས་པའི་ Africa འི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག དེའང་ Botho/Ubuntu རིག་གཞུང་གི་ལྟ་གྲུབ་གཙོ་བོ་སྟེ་ I am because you are ཞེས་ཁྱེད་ལ་བརྟེན་ནས་ང་ཞེས་གཅིག་ལ་གཅིག་བརྟེན་གྱི་བསམ་བློའི་ཐོག་ནས་འགྲོ་བ་མིའི་རིན་ཐང་བརྩི་བཞིན་པ་དེ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བཀའ་སློབ་ལམ་སྟོན་གནང་བཞིན་པ་དང་ཕྱོགས་ཀུན་ནས་མཐུན་གྱི་ཡོད་པ་རེད། ཉིན་གྲངས་ ༣ རིང་གི་ལྷན་ཚོགས་དེའི་ཐོག་ Botho/Ubuntu ལྟ་གྲུབ་ལག་བསྟར་ཐོག་ནས་གླིང་ཆེན་དེར་ལོ་མང་རིང་གཞན་གྱི་དབང་བསྒྱུར་དང་དམག་འཁྲུག་གི་ཤུལ་ངན་རྣམས་མེད་པ་བཟོ་རྒྱུར་ཕན་ཐོགས་ཡོད་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་འདུག དེ་རིང་ཚེས་ ༡༥ ཉིན་ SundayStandard ཞེས་པའི་ Botswana བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་ལུས་སེམས་སྲོག་གི་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་དུ་རིང་མིན་ Gaboron དུ་ཚོགས་གཏན་འཁེལ་བའི་ལུས་སེམས་སྲོག་གི་ལྷན་ཚོགས་སྐབས་སུ་བྷོ་ཙ་ཝ་ནའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་ནས་དབུ་འབྱེད་ཀྱི་གསུང་བཤད་གནང་གཏན་འཁེལ་ཡོད་བཀོད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཡུལ་གྲུ་གང་ཞིག་གི་ནང་དུ་ཆིབས་བསྒྱུར་མཛད་ཀྱང་རྒྱ་གཞུང་གིས་དེར་ངོ་རྒོལ་ཤུགས་ཆེ་བྱས་པ་མ་ཟད། རྒྱལ་ཁབ་དེ་དག་གི་དབུ་ཁྲིད་ཚོར་༸གོང་ས་མཆོག་དང་ལྷན་མཇལ་ཞུ་རྒྱུ་མེད་སྐོར་གནོན་ཤུགས་སྤྲོད་མུས་ཡིན་པ་རེད། དེར་བརྟེན་དེ་སྔ་བྷོ་ཙ་ཝ་ནའི་ཁྱིམ་མཚེས་རྒྱལ་ཁབ་ Africa འི་ནང་གི་ཆིབས་བསྒྱུར་ཐེངས་གསུམ་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད།    

པེ་ཅིང་གི་གནོན་ཤུགས་ལ་ལྟོས་མེད་ཁེལ་ཕོ་ནི་ཡའི་སློབ་མ་དང་མང་ཚོགས་ཁྲི་ཚོ་མང་པོས་༸གོང་ས་མཆོག་ལ་ངང་སྒུག་ཞུ་བཞིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་ཚེས་ ༡༣ ནས་ཨ་རིའི་མི་ནེ་སོ་ཊ་མངའ་སྡེར་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན་ཁུལ་དེའི་མཱ་ཡོ་སྨན་ཁང་དུ་རྣམ་ཀུན་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་། དེ་རྗེས་ཚེས་ ༡༦ ནས་མགོན་པོ་༸གང་ཉིད་མཆོག་གིས་ California དང་ Boston མངའ་སྡེ་ནང་དུ་མཛད་འཆར་ཁག་ཅིག་བཀྲིན་བསྐྱང་གཏན་འཁེལ་ཡོད་པ་ལྟར། ཁེལ་ཕོ་ནི་ཡ་གཙོ་བོར་གྱུར་པའི་ཁུལ་དེའི་ནང་གི་མཛད་འཆར་ཁག་ཅིག་གི་ཐོག་ལ་རྒྱ་ནག་གཞུང་ནས་ངོ་རྒོལ་དང་འགོག་རྐྱེན་བཟོ་ཐབས་བྱས་ཡོད་ཀྱང་། ས་གནས་ཀྱི་མཐོ་རིམ་སློབ་མ་དང་མང་ཚོགས་ཁྲི་ཚོ་མང་པོས་མགོན་པོ་མཆོག་གི་ཞལ་མཇལ་དང་གསུང་ཐོས་རྒྱུར་ངང་སྒུག་ཞུ་བཞིན་ཡོད་པ་རེད་འདུག མཛད་འཆར་ལྟར་ན། སང་ཉིན་ཚེས་ ༡༦ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཁེལ་ཕོ་ནི་ཡ་མངའ་སྡེའི་ San Diego གྲོང་ཁྱེར་ནང་མང་ཚོགས་ཁྲི་གསུམ་ཙམ་ལ་མི་རིགས་དང་རྒྱབ་ལྗོངས་འདྲ་མིན་གྱི་སྤྱི་ཚོགས་འཆམ་མཐུན་གོང་བུ་གཅིག་ཏུ་གནས་ཐབས་སྐོར་བཀའ་སློབ་དང་། ཕྱི་ཚེས་ ༡༧ ཉིན་ San Diego གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་དང་ཕ་མ་ཉིས་ཁྲི་བརྒལ་བའི་སློབ་ཐོན་མཛད་སྒོར་དབུ་བཞུགས་ཀྱིས་སློབ་ཐོན་སློབ་མ་ཚོར་བླང་དོར་བཀའ་སློབ་བཀྲིན་བསྩལ་གྱི་འདུག ཉིན་ཤས་གོང་དུ་གཙུག་ལག་སློབ་གཉེར་ཁང་དེའི་ནང་གི་རྒྱ་རིགས་སློབ་མ་ཁག་ཅིག་གིས་༸གོང་ས་མཆོག་ལ་ངོ་རྒོལ་བྱས་པ་དང་དེ་རྗེས་སློབ་གཉེར་བ་གཞན་ཁག་ཅིག་ནས་ཀྱང་ཁོ་ཚོར་སྐྱོན་བརྗོད་ཀྱིས་གདོང་ཐུག་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། གྲོང་ཁྱེར་ San Diego ནང་གི་མཛད་འཕྲིན་ལེགས་གྲུབ་བསྟུན་ཚེས་ ༡༩ དང་ ༢༠ བཅས་ཁུལ་དེའི་ Orange county Beach ས་གནས་སུ་ཆིབས་སྒྱུར་གྱིས་ཚོང་པ་འབྱོར་ལྡན་དང་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་མི་སྣ་ཁག་ཅིག་དང་མཇལ་མོལ་གྱིས་སློབ་གྲྭ་དང་སྤྱི་ཚོགས་ནང་བྱམས་བརྩེ་གོང་སྤེལ་གནང་ཐབས་སྐོར་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད། དེ་བཞིན་ཚེས་ ༢༡ ནས་༸གོང་ས་མཆོག་མི་ནེ་སོ་ཊར་ཆིབས་སྒྱུར་གྱིས་ཉིན་བཞིའི་རིང་བཞུགས་ཞགས་མཛད་འཆར་འདུག་པ་དང་ཚེས་ ༢༥ ཉིན་མགོན་པོ་༸གང་ཉིད་མཆོག་བོས་ཊོན་གྲོང་ཁྱེར་ཆིབས་སྒྱུར་མཛད་ནས་ཁུལ་དེའི་ healthy mind ལྟེ་གནས་ཁང་དུ་ཚན་རིག་པ་དང་མཁས་པ་ཁག་ཅིག་གི་ལྷན་དུ་བྱམས་པ་དང་སྙིང་རྗེ། བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་ཚོགས་འདུར་དབུ་བཞུགས་མཛད་གཏན་འཁེལ་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་དེ་འབྲེལ་སྐོར་ལ་༸གོང་ས་མཆོག་གི་ཨ་རིའི་ཞི་བའི་སྐུ་ཚབ་བླ་མ་བསྟན་འཛིན་དོན་ལྡན་ལགས་སུ་བཅར་འདྲི་ཞུས་ཡོད་པ་རེད།

༸གོང་ས་མཆོག་ཨ་རིའི་རུ་ཆེ་སི་ཊར་གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཚེས་ ༡༣ ཉིན་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་ Rochester གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་གནང་འདུག མགོན་པོ་༸གང་ཉིད་མཆོག་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་མཱ་ཡོ་སྨན་ཁང་གི་འབྲེལ་ཡོད་སྐུ་ཚབ། དེ་བཞིན་སྨན་ཁང་གི་༸སྐུའི་ཕྱི་ལུགས་སྨན་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་ Rochester གཙོས་པའི་ཁུལ་དེར་རྟེན་གཞི་བྱས་པའི་མཱ་ཡོ་སྨན་ཁང་དུ་ལོ་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་སྨན་བཅོས་གནང་སྲོལ་ཡོད་པ་བཞིན། སྐུའི་འཕྲོད་བཞེས་བརྟགས་དཔྱད་གནང་ཕྱིར་ཆིབས་བསྒྱུར་མཛད་པ་ཞིག་ཡིན་པ་འཁོད་འདུག ཁ་སང་སྔ་དྲོ་༸གོང་ས་མཆོག་གནམ་ཐང་ནས་མཱ་ཡོ་སྨན་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། སྨན་ཁང་གི་རྒྱལ་སྒོའི་ཕེབས་ལམ་གཡས་གཡོན་དུ་ས་གནས་བོད་མི་རྒན་གཞོན་དར་གསུམ་ཆེད་བཅར་གྱིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང་། གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། དེ་བཞིན་མཱ་ཡོ་སྨན་ཁང་ནང་དུ་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། ལས་བྱེད་པ་བཅས་ནས་ཀྱང་ཕེབས་བསུ་ཞུས་འདུག་པ་མ་ཟད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་བར་བཅར་བའི་སྨན་ཁང་དེའི་ནད་པ་ཁག་གཅིག་ལ་ཐུགས་བརྩེ་བ་ཆེན་པོས་བཀའ་མོལ་གནང་འདུག མཛད་འཆར་ལྟར་ན། ༸གོང་ས་མཆོག་ Mayo སྨན་ཁང་དུ་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཉིན་གཉིས་རིང་བཞུགས་གཞག་མཛད་ཀྱི་འདུག་པ་དང། སང་ཚེས་ ༡༥ ཉིན་མགོན་པོ་མཆོག་ California ནང་དུ་ཕེབས་ཐོན་གྱིས་ San Diego གྲོང་ཁྱེར་ནང་དུ་མང་ཚོགས་ལ་བཀའ་སློབ་དང། དེ་རྗེས་ཚེས་ ༡༧ ཉིན་ San Diego གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་གནང་གི་ཡོད་པ་རེད།

ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་དགོས་པའི་ཞུ་སྙན།

རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་དབུས་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་འབུལ་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར་ Itanagar ནང་དུ་ཚོགས་པའི་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་བཅར་བ་རྣམས་ནས་སྤྱི་མོས་ཐོག་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་རྒྱ་གར་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་འགྲོ་བ་མའི་རིན་ཐང་ཐོག་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་དང་གྲུབ་མུས་ཁག་ལ་ངོས་འཛིན་གྱིས་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་ཤོས་སུ་གྲགས་པ་བྷཱརཏ་རཏྣ་ཞེས་པ་དེ་མགོན་པོ་༸གང་ཉིད་མཆོག་ལ་ངེས་པར་དུ་འབུལ་ལམ་ཞུས་དགོས་པའི་ཞུ་གཏུག་བྱ་རྒྱུའི་ཐག་གཅོད་བྱུང་དོན་ལྟར། ཉེ་ཆར་ཟླ་ ༦ ཚེས་ ༩ ཉིན་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Gicho Kabak ལགས་དང་དྲུང་ཆེ་སྐུ་ཞབས་ Nima Sange རྣམ་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་གནང་སྟེ། རྒྱ་གར་དབུས་གཞུང་གི་རྡུལ་ཕྲན་ནུས་ཤུགས་ཀྱི་བློན་ཆེན་དང་རྒྱ་གར་བྱང་ཤར་འཛུགས་བསྐྲུན་སྡེ་ཚན་གྱི་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་གནང་མཁན་བློན་ཆེན་སྐུ་ཞབས་ Jitendra Singh མཆོག་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གྲོས་བསྡུར་གནང་པ་མ་ཟད། རྒྱ་གར་དབུས་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པ་གསུངས་འདུག ལྷག་པར་དུ་སྐབས་དེར་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ནས་བློན་ཆེན་མཆོག་རྒྱུད་ནས་སྲིད་བློན་ Narendra Modi མཆོག་ལ་ཡང་ཞུ་སྙན་ཞིག་ཕུལ་འདུག་པ་དང་། ཞུ་སྙན་དེའི་ནང་སྤྱི་ལོ་ ༡༩༨༩ ལོར་༸གོང་ས་མཆོག་ལ་རྒྱལ་སྤྱིའི་ཐོག་ཆེས་སྙན་གྲགས་ཆེ་བའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་ནས་བཟུང་སྟེ། ད་བར་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་འདྲ་མིན་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཀྱིས་གཟེངས་རྟགས་མི་འདྲ་བ་༡༥༠ ལྷག་འབུལ་བཞེས་མཛད་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། སྲིད་བློན་མོ་དི་མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ངོས་ནས་ཀྱང་མགོན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ངེས་པར་དུ་འབུལ་ལམ་ཞུ་དགོས་པ་སོགས་འཁོད་འདུག དེ་བཞིན་དྲུང་ཆེ་སྐུ་ཞབས་ Nima Sange ལགས་ནས་ད་བར་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཐོག་དར་ཁྱབ་མཛད་བཞིན་པའི་བྱམས་པ་དང་། སྙིང་རྗེ། ཞི་བདེ། འཚེ་བ་མེད་པའི་བསླབ་བྱ་སོ གས་ནི་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་འབྲེལ་བ་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་མང་ཚོགས་ཚོའི་འཕྲོད་བསྟེན་དང་ཤེས་ཡོན་སོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པར་བརྟེན། རྒྱ་གར་དབུས་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐའི་གཟེངས་རྟགས་ भारत रत्न ཞེས་པ་དེ་འབུལ་ལམ་ཞུ་རྒྱུའི་དུས་ལ་བབ་ཡོད་པ་མ་ཟད། གཟེངས་རྟགས་དེ་བཞིན་༸གོང་ས་མཆོག་ལ་འབུལ་ལམ་ཞུ་ཐུབ་ཚེ་ཞུ་འོས་པ་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཙམ་མ་ཟད། སྔར་ལོ་བཞུགས་སྒར་དུ་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གི་དཔེ་དེབ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གི་གྲིབ་གཟུགས་དམར་པོ་ཞེས་པའི་དཔེ་དེབ་དབུ་འབྱེད་བཀྲིན་སྐྱོང་སྐབས་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་ནས་ཀྱང་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་བྷཱརཏ་རཏྣ་གཟེངས་རྟགས་ངེས་འབུལ་ཞུས་དགོས་སྐོར་གསུངས་ཡོད་པ་དང་། དེ་མཚུངས་སུ་སྔར་ལོའི་ལོ་མཇུག་ཙམ་ནས་སྦེང་ལོར་དུ་གནས་བཞུགས་བ་རྒྱ་གར་གྱི་སྨན་པ་སྐུ་ཞབས་ Atul Kini ལགས་ནས་ཀྱང་དང་བླངས་ཐོག་ Change.org ཞེས་པའི་དྲ་གནས་བརྒྱུད་མང་ཚོགས་ཀྱི་མཚན་རྟགས་བསྡུ་རུབ་འཁོད་པའི་སྙན་ཞུ་ཞིག་སྲིད་བློན་མོ་དི་མཆོག་གི་མཚན་ཐོག་ཏུ་ཕུལ་ནས་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་འབུལ་ལམ་ཞུ་དགོས་པ་གསུངས་ཡོད་པ་རེད།      

༸གོང་ས་མཆོག་གིས་ང་ཚོས་ལས་དོན་མང་པོ་ཞིག་གོང་རིམ་གྱི་བཀའ་སྒུག་བྱེད་པ་ལས་རང་འགུལ་གྱི་ཐོག་ནས་ཞེ་དྲགས་ཡོང་གི་མེད་པ་བཀའ་བསྩལ་སོང་།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་གྲས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་བཞིན་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་གསར་འཇུག་གནང་རྒྱུའི་ལས་རིམ་དང་འབྲེལ། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ ༣༠༠ ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཐབས་སྐོར་ལ་བཀའ་སློབ་ཞུས་ཡོད་པ་ལྟར། མགོན་པོ་མཆོག་གིས་དགེ་ལས་རྣམས་ལ་བྱམས་བརྩེ་གཞི་རྩར་གྱུར་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་དང་། དགེ་རྒན་གྱི་ལས་འགན། དེ་བཞིན་ནང་པའི་ཐོུང་མིན་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཕྱུག་པོ་ཡོད་པ་དེའི་ཁྱད་ཆོས་དང་། དེས་རྒྱ་གར་དང་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་རྒྱུ་ཡོད་པ་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་སོང་། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་ད་རེས་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གསར་འཇུག་གནང་རྒྱུ་དེ་ལས་དོན་གསར་པ་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ། ༸གང་ཉིད་མཆོག་གིས་ད་བར་ང་ཚོ་བཙན་བྱོལ་དུ་སླེབས་ནས་པཎྜི་ཏ་ནེཧ་རུ་ Pandit Nehru མཆོག་དང་རྒྱ་གར་གཞུང་ནས་ཤེས་ཡོན་ཐོག་ལ་མཐུན་འགྱུར་རྒྱ་ཆེ་གནང་ཡོད་པ་བཀྲིན་ཆེན་པོ་ཡིན་པ་དང་། རང་དབང་ལུང་པའི་ནང་དུ་ང་ཚོའི་ངོས་ནས་ཀྱང་ནུས་པ་གང་ཐུབ་བཏོན་སྟབས་ད་བར་ཡག་ཐག་ཆོད་བྱུང་ཡོད། འོན་ཀྱང་སྐབས་འགར་ང་ཚོའི་ལས་དོན་མང་དག་ཅིག་མགོ་ཚུགས་སྐབས་ཨག་གསར་ཆེན་པོ་ཡོད་པ་དང་རྗེས་སུ་འཆར་ཅན་ལྟར་སོང་རྐྱེན་འཐུས་ཤོར་ཡོང་གི་ཡོད་པ་རེད། གཟབ་གཟབ་གནང་དགོས་གལ་དང་ལྷག་དོན་ང་ཚོའི་ལས་དོན་མང་པོར་གོང་རིམ་གྱི་བཀའ་སྒུག་བྱེད་པ་ལས་རང་འགུལ་གྱི་ཐོག་ནས་ཞེ་དྲགས་ཡོང་གི་མེད་པའི་ལམ་སྟོན་བཀྲིན་བསྩལ་སོང་། བཀའ་སློབ་ཀྱི་བརྗོད་གཞི་བྱམས་བརྩེ་གཞི་རྩར་གྱུར་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་དང་འབྲེལ། དེ་རིང་སང་ཉིན་བྱམས་བརྩེས་ཕོངས་རྐྱེན་འཛམ་གླིང་འདིའི་ནང་མིས་མི་གསོད་པ་སོགས་དཀའ་ངལ་ཧ་ལས་པ་ཡོང་གི་ཡོད་པ་རེད། དེས་ན་དགེ་ལས་རྣམས་ནས་སློབ་གྲྭའི་ནང་དུ་བྱམས་བརྩེ་སྤེལ་དགོས་གལ་དང་། སྒོས་སུ་དགེ་རྒན་རང་ངོས་ལ་སེམས་ཚོར་དང་སེམས་འཁུར་ཡོད་པའི་ཐོག་ནས་སློབ་ཁྲིད་བྱ་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག བྱམས་བརྩེ་སྤེལ་ཐབས་ཀྱི་ལག་ཆ་ཁྱད་ནོར་དེ་ང་ཚོ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་པོ་ལ་མ་གཏོགས་གཞན་སུའང་མེད་པ་རེད་ཅེས་བཀའ་གནང་ཡོད། དེ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་པའི་ཐོུང་མིན་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཕྱུག་པོ་ཡོད་པ་དེའི་ཁྱད་ཆོས་སྐོར་ལ་གསུངས་པ་དང་། དེས་རྒྱ་གར་དང་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་རྒྱུ་ཡོད་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་བསྩལ་ཏེ། དགེ་རྒན་རྣམས་ལ་མ་འོངས་པའི་བོད་མི་རིགས་ཀྱི་རིག་གཞུང་ངམ་བོད་མི་རིགས་ཀྱི་སྤུས་ཚད་འཛམ་གླིང་ལ་བསྟན་ཐུབ་པའི་མི་རབས་གསར་པ་ཡག་པོ་ཡོང་རྒྱུའི་གྲ་སྒྲིག་དགོས་པར་ལམ་སྟོན་དང་། ད་བར་དགེ་ལས་ཚོས་གང་ཐུབ་གནང་པར་ཐུགས་རྗེ་ཆེ་ཞུ་སོགས་བཀའ་གནང་ཡོད་པ་རེད། རྩ་བའི་དེ་རིང་སྔ་ཐོག་བོད་པའི་གཏན་ཉིན་སློབ་ཁག་ཅིག་གི་སློབ་སྤྱི་དང་དགེ་ལས་ཚོར་༸གོང་ས་མཆོག་ནས་བཀའ་སློབ་མ་བསྩལ་གོང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་སྒྲིག་འཛུགས་ཀྱི་བྱེད་སྒོ་ལམ་སྟོན་ཁག་གི་སྐོར་སྙན་གསེང་ཞུས་སོང་བ་དང། སྐབས་དེར་སྲིད་སྐྱོང་སྐྱོང་མཆོག་ནས་ཐེངས་འདིའི་འདུ་འཛོམས་ཐོག་ནས་དགེ་ལས་ཚོས་སློབ་མ་དང་མཉམ་དུ་བརྩེ་བ་དང་ཚོར་བ། དེ་བཞིན་སྤྱི་སེམས་ཡོད་པའི་ཐོག་ནས་སློབ་ཁྲིད་ལམ་སྟོན་གནང་གལ་ཡིན་པ་གསུངས་སོང་། དགེ་རྒན་ལས་བྱེད་ ༣༠༠ ཚོགས་བཅར་ཞུས་ཡོད་པ་རྣམས་དེ་རིང་ཉིན་རྒྱབ་ཚོགས་ཆུང་ཁག་ཏུ་ཆ་བགོས་ཀྱིས་སློབ་གྲྭའི་ནང་དུ་བཟང་སྤྱོད་སྤེལ་ཐབས་ཀྱི་བྱེད་སྒོའི་ཐོག་ལ་གྲོས་བསྡུར་དང་བསམ་ཚུལ་ཚོགས་བསྡུས་ཀྱིས་ཚོུད་ ༤།༠༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས་དབུ་བཞུགས་བྱེད་སྒོའི་ལས་རིམ་ཁག་སྙན་སྒྲོན་གནང་ཡོད།

ཁྱེད་རང་ཚོ་ང་ལ་དགའ་པོ་ཡོད་ན་ང་ཤི་བའི་སྐབས་སུ་བློ་བདེ་པོ་ཡོང་ཡག་ཞིག་བྱེད་དགོས་ཀྱི་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་གསུང་ཆོས་མཇུག་སྒྲིལ་དང་འབྲེལ། ཁྱེད་རང་ཚོ་ང་ལ་དགའ་པོ་ཡོད་ན་ང་ཤི་བའི་སྐབས་སུ་བློ་བདེ་པོ་ཡོང་ཡག་ཞིག་བྱེད་དགོས་ཀྱི་རེད་ཅེས་བཀའ་བསྩལ་སོང། དེ་རིང་ཟླ་ ༦ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པའི་ཉིན་གྲངས་གསུམ་གྱི་རིང་བོད་རིག་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། དེ་རིང་མགོན་པོ་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཡོངས་ལ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་བ་དང་འབྲེལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་པོ་ད་བར་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་སྐྱེས་ཆེན་རྣམ་པས་བདག་སྐྱོང་གནང་ནས་གནས་ཡོད་པ་མ་ཟད། ལྷག་དོན་དེ་ནི་འཛམ་གླིང་གི་སྤྱི་ནོར་ལབ་ཐུབ་རྒྱུ་ཞིག་ཀྱང་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་དེ་ལྟ་བུ་གཅེས་ནོར་འདི་དུས་ལྟ་བར་དུ་མི་ཐོག་རྒན་པ་ཚོས་ཉར་ཚགས་གནང་ཡོད་པ་ལྟར། ཁྱེད་ཚོ་ལོ་གྲངས་སུམ་ཅུ་ཙམ་སླེབས་པའི་དུས་སྐབས་འདིར་ངོས་གཙོས་པའི་མི་ཐོག་རྒན་པ་རྣམས་མེད་པ་ཆགས་ཀྱི་རེད། བོད་རིགས་གཞོན་སྐྱེས་རྣམས་ནས་མི་ཐོག་རྒན་པ་ཚོས་ལམ་སྟོན་བྱས་པའི་རྗེས་སུ་འཇུག་སྐྱོང་གིས་ཉམས་ལེན་གནང་སྟེ་རིམ་བཞིན་མི་ཐོག་ནས་མི་ཐོག་བར་མཁོ་སྤྲོད་བྱ་ཐུབ་དགོས་གལ་ཡིན་པར་བཀའ་སྩལ་དང་འབྲེལ། ཁྱེད་རང་ཚོ་ང་ལ་དགའ་པོ་ཡོད་ན་ང་ཤི་བའི་སྐབས་སུ་བློ་བདེ་པོ་ཡོང་ཡག་ཞིག་བྱེད་དགོས་ཀྱི་རེད་ཅེས་བཀའ་ནན་བསྩལ་སོང། ད་དུང་༸གོང་ས་མཆོག་གིས་སྤྱིར་གཞོན་སྐྱེས་ཚོ་ནི་མ་འོངས་པའི་རེ་བ་བྱ་ས་ཆགས་ཡོད་པ་དང། ཁྱད་པར་དུ་བོད་ནང་ལ་ཆ་མཚོན་ན་ཆོལ་གསུམ་གྱི་དབྱེ་བ་མེད་པའི་ཐོག་ནས་དཀའ་ངལ་ཆེན་པོའི་འོག་རང་མི་རིགས་ཀྱི་ཆོས་དང་སྐད་ཡིག་རྣམས་བདག་སྐྱོང་བྱེད་བཞིན་བསྡད་ཡོད་པ་རེད། དེར་བརྟེན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྒྱ་ཆེ་མང་ཚོགས་རྣམས་ལ་གཞིས་ལུས་བོད་མི་ཚོས་སྲོག་བློས་གཏོང་གིས་གཅེས་ཉར་གནང་པའི་ཆོས་རིག་དེ་དག་བདག་སྐྱོང་བྱ་རྒྱུའི་འགན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་འཛམ་གླིང་འདིའི་ནང་གི་དཀའ་ངལ་མང་དག་ཞིག་ནི་མི་རིགས་དང་ཆོས་ལུགས། རྒྱལ་ཁབ་སོགས་རིམ་པ་གཉིས་པར་གལ་འགངས་ཆེན་པོར་ངོས་འཛིན་བྱས་པར་བརྟེན་ཡོང་གི་ཡོད་སྟབས། དཀའ་ངལ་དེ་སེལ་བར་ཆོས་གཅིག་པོའི་ཐོག་ནས་སེལ་ཐབས་མེད་པ་དང་། དེའང་གཙོ་བོ་འགྲོ་བ་མི་ཕན་ཚུན་དབར་གཅིག་འགྱུར་གྱི་འདུ་ཤིས་འཛིན་པའི་ཐོག་ནས་སེལ་དགོས་གལ་ཡིན་པ་བཀའ་ནན་བསྩལ་བ་དང་ཆབས་ཅིག ད་རེས་འདིར་འདུ་འཛོམས་བྱུང་བའི་ཆོས་གྲོགས་རྣམས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཚོགས་སྤྱི་ལ་གཞན་ཕན་གྱི་བློ་དང་འགྲོ་བ་མིི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་ཐུབ་ཐབས་སུ་འབད་བརྩོན་གནང་དགོས་པར་ལམ་སྟོན་ཡང་བསྩལ་ཡོད་པ་རེད། ཉིན་མཐའ་མའི་བཀའ་ཆོས་རེ་ཞིག་ལེགས་གྲུབ་ཟིན་མཚམས་སུ་གསུང་ཆོས་ཐོག་བཅར་བའི་སློབ་གྲྭ་ཁག་གི་སློབ་མ་རྣམས་རུ་ཁག་དབྱེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་སྐུ་པར་སྒྲོན་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་བསྩལ་རྒྱུའི་ལས་འཆར་དེ་ཕྱི་ལོ་ ༢༠༠༧ ལོ་ནས་བཞུགས་སྒར་དུ་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་དང་རྡ་སྟེང་བོད་ཀྱི་ཁྱིམ་གཉིས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། འདི་ལོ་ནང་ཆོས་ངོ་སྤྲོད་ཐེངས་ ༡༡ པར་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ ༧༠ དང་དེ་བཞིན་བཞུགས་སྒར་ཉེ་འཁོར་གྱི་བོད་ཕྲུག་ཁྱིམ་སྡེའི་སློབ་མ་སོགས་ཁྱོན་སློབ་ཕྲུག་ ༢༨༠༠ ལྷག་དང་། རྒྱལ་ཁབ་མི་འདྲ་ ༧༥ ནས་ཆོས་ཞུ་བ་ ༥༧༠༠ ལྷག་བཅས་ཁྱོན་ཆོས་ཞུ་བ་ ༨༠༠༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

Latest news