Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་མཛད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་དང་འབྲེལ། མེས་པོ་གོང་མ་ཚོས་ཆབ་སྲིད་ཀྱི་ཐོག་ཀོ་ཐག་ཞེ་དྲག་གློད་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་དངོས་ནས་དྲང་གནས་རླབས་ཆེན་གྱི་བྱ་གཞག་གྲུབ་ཡོད་པ་བཀའ་བསྩལ་སོང་། དེ་ཡང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང། བོད་སློབ་ཁག་གི་བོད་ཕྲུག་སློབ་མ་རྣམས་ཀྱིས་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་བརྒྱད་སྟོང་ལྷག་ལ་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་བཀྲིན་བསྐྱངས་གནང་མཛད་སོང། ༸གོང་ས་མཆོག་གིས་ཐོག་མར་སློབ་མ་ཚོར་ནང་པ་སངས་རྒྱས་པའི་ཆོས་ལས་བློ་རིགས་ཀྱི་རྣམ་གཞག་དེའི་གལ་འགངས་སྐོར་བཀའ་བསྩལ་བ་དང་འབྲེལ། ནང་པ་སངས་རྒྱས་པའི་གཞུང་ལུགས་ལས་གསུང་པའི་རིགས་ལམ་གྱི་རྣམ་གཞག་དེ་ཆོས་ཕྱོགས་ཁོ་ན་མ་ཡིན་པར་དེང་དུས་ཀྱི་སློབ་ཚན་དང་ཞིབ་འཇུག་གི་ལས་དོན་ཐོག་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ལས་གསུང་པའི་བློ་རིགས་ཀྱི་རྣམ་གཞག་དང་སེམས་ཁམས་རིག་པའི་ལྟ་གྲུབ་དེ་དག་རྣམ་ཀུན་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་འཇོག་དགོས་ཞེས་བཀའ་ནན་བསྩལ་བ་མ་ཟད། ལྷག་པར་དུ་དེ་སྔ་བོད་གངས་ཅན་ལྗོངས་ཀྱི་མང་ཚོགས་ཀྱི་ཁྲོད་དུ་ཆོས་ལ་དད་པ་བྱེད་པ་ཁོ་ན་ལས་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་གནང་རྒྱུའི་དམིགས་འདུན་མེད་པ་དེ་ཆེས་རྗེས་ལུས་ཀྱི་རྣམ་པ་ཞིག་རེད་ཅེས་བཀའ་སློབ་ཟབ་མོ་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཕྱོགས་གཅིག་ནས་བོད་ཀྱི་མེས་པོ་གོང་མ་ཚོས་ཆབ་སྲིད་ཀྱི་ཐོག་ཀོ་ཐག་ཞེ་དྲག་གློད་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་དངོས་ནས་དྲང་གནས་རླབས་ཆེན་གྱི་བྱ་གཞག་གྲུབ་ཡོད་པ་བཀའ་བསྩལ་བ་དང་འབྲེལ། དེང་གི་དུས་ཚོད་འདིར་འཛམ་གླིང་འདིའི་ཁྲོད་ཚན་རིག་པ་དང་མཁས་དབང་ཁག་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ནས་གསུང་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་ལ་རིན་ཐང་བརྙེད་ནས་དོ་སྣང་བྱེད་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཁྱད་པར་དུ་པཎ་གྲུབ་བཅུ་བདུན་གྱི་གཞུང་རླབས་ཆེན་དེ་དག་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་བོད་པའི་སྐད་ཡིག་ནང་ཆ་ཚང་བ་ཞིག་ཡོད་པ་ནི་བོད་མི་རིགས་ཀྱི་སྤོབས་པ་སྐྱེ་རྒྱུ་དང་རྣམ་དཔྱོད་སྟོན་རྒྱུ་ཞིག་དང།  དེ་བཞིན་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཡོད་སྟབས། བོད་པའི་མི་རབས་གཞོན་པ་ཚོས་དེ་རྒྱུན་འཛིན་དང་བདག་པོ་རྒྱབ་རྒྱུའི་འགན་ཡོད་ཅེས་སོགས་བཀའ་བསྩལ་ཡོད། སྔ་དྲོའི་བཀའ་ཆོས་ལེགས་གྲུབ་ཟིན་རྗེས་སློབ་མའི་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་དོན་ལྟར། སློབ་མ་ཁག་ཅིག་ནས་༸གོང་ས་མཆོག་ལ་ནང་ཆོས་ལས་གསུང་པའི་སྐྱབས་འགྲོའི་གོ་དོན་དང་། ཚན་རིག་དང་ནང་ཆོས་ལས་འགྲོ་བ་མིའི་གཞི་རྩའི་རང་བཞིན། དེ་བཞིན་འཛམ་གླིང་སྤྱི་ལ་ཕན་པའི་འགྲོ་བ་མིའི་འོས་འགན་སོགས་བརྗོད་གཞི་འདྲ་མིན་ཐོག་དོགས་འདྲི་ཞུས་པར་མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་མཛད་ཡོད་པ་རེད། རྩ་བའི་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཚོགས་ཀྱི་ཡོད་པ་དང་། འདི་ལོའི་ནང་ཆོས་ངོ་སྤྲོད་ཐེངས་ ༡༡ པའི་ཐོག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ ༧༠ དང་དེ་བཞིན་བཞུགས་སྒར་ཉེ་འཁོར་གྱི་བོད་ཕྲུག་ཁྱིམ་སྡེའི་སློབ་མ་སོགས་ཁྱོན་སློབ་ཕྲུག་ ༢༨༠༠ ལྷག་དང་། རྒྱལ་ཁབ་མི་འདྲ་ ༧༥ ནས་ཆོས་ཞུ་བ་ ༥༧༠༠ ལྷག་བཅས་ཁྱོན་ཆོས་ཞུ་བ་ ༨༠༠༠ ལྷག་འདུ་འཛོམས་བྱུང་འདུག ༸གོང་ས་མཆོག་གིས་དེ་རིང་ཟླ་ ༦ ཚེས་ ༥ ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༧ བར་ཉིན་གསུམ་རིང་གསུང་ཆོས་བཀའ་དྲིན་བསྩལ་གནང་གི་ཡོད་པ་དང་། བཀའ་ཆོས་དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ Dalialama.com ཐོག་ལ་བོད་སྐད་དང་། དབྱིན་སྐད། རྒྱ་སྐད། ཀོ་རི་ཡ། ཝི་ཏི་ནམ། ཧིན་རྡི་བཅས་ཀྱི་སྐད་ཐོག་ཐད་སྲིང་གནང་གི་འདུག

ལ་དྭགས་སུ་༸གོང་ས་མཆོག་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་རྒྱས་པ་སྲུང་བརྩི་ཞུ་རྒྱུ་རེད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་མི་དམངས་དང་ས་གནས་བོད་མི་རྣམས་ནས་༸གང་ཉིད་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་རྒྱས་པ་ཞིག་སྲུང་བརྩི་ཞུ་རྒྱུ་རེད་འདུག ལ་དྭགས་ནང་པའི་ཆོས་ཚོགས་གཙོ་བོར་གྱུར་པའི་ཁུལ་དེའི་ཁ་ཆེ་བ་སོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་གསལ། མགོན་པོ་༸གང་ཉིད་མཆོག་ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་བྱང་ཕྱོགས་ཇཱ་མུ་དང་ཀཤྨིར་མངའ་སྡེའི་ལ་དྭགས་ས་གནས་སུ་ཆིབས་བསྒྱུར་བསྐྱང་སྟེ་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་འདུག ད་རེས་མགོན་པོ་མཆོག་ལ་དྭགས་སུ་ཟླ་བ་གཅིག་ཡས་མས་ཙམ་བཞུགས་གནང་གི་འདུག་པས་དེ་ཁྲོད་༸གང་ཉིད་མཆོག་ནས་རྒྱལ་ས་སླེ་ཙམ་མ་ཟད། གཞན་ཡང་ཟངས་དཀར་དང་ནུབ་ར་སོགས་ལུང་ཁུག་ས་གནས་གཞན་ཁག་ཅིག་ཏུ་ཆིབས་བསྒྱུར་བཀྲིན་བསྐྱང་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་མཛད་འཆར་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ས་གནས་ཀྱི་མཛད་རིམ་གཙོ་བོ་གཅིག་ནི་འདི་ལོ་ལ་དྭགས་མང་ཚོགས་དང་ས་གནས་བོད་མི་རྣམས་ནས་༸སྐུའི་འཁྲུངས་དུས་ཆེན་སྔར་དང་མི་འདྲ་བ་རྒྱས་པ་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་དང་། དེ་བཞིན་ལ་དྭགས་ལྷོ་བྱང་གཉིས་སུ་གནས་པའི་བོད་མི་ཚོས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པ་སོགས་གསུངས་སོང་།

ཨ་རིའི་ San Diego སློབ་གྲྭ་ཆེན་མོའི་ནང་དུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་ཨ་རི་དང་རྒྱ་རིགས་སློབ་མའི་དབར་གདོང་ཐུག་བྱུང་འདུག

  རིང་མིན་ཟླ་ ༦ ཚེས་ ༡༧ ཉིན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ California མངའ་ཁུལ་གྱི་ UCSD”ཞེས་པའི་ San Diego གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་དགེ་ལས་སློབ་གཉེར་བ་ཡོངས་ལ་བཀའ་སློབ་བཀྲིན་བསྩལ་གཏན་འཁེལ་བ་དང་འབྲེལ། རྒྱ་རིགས་སློབ་མ་ཚོས་ལས་རིམ་དེར་ངོ་རྒོལ་གྱི་གཏམ་བཤད་དང་སྐད་འབོད་སོགས་བྱས་ཡོད་སྟབས། སློབ་གཉེར་ཁང་དེའི་ནང་གི་ཨ་རི་བ་དང་རྒྱ་རིགས་སློབ་མའི་དབར་ གདོང་ཐུག་བྱུང་འདུག རྩ་བའི་ཟླ་ ༢ ཚེས་ ༢ ཉིན་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Pradeep Khosla ལགས་ཀྱིས་ལས་རིམ་དེའི་སྐོར་ཐོག་མ་གསལ་བསྒྲགས་ཤིག་སྤེལ་སྐབས་ཕྱི་ཚེས་ ༣ ཉིན་སློབ་གཉེར་ཁང་དེའི་ནང་དུ་ཡོད་པའི་ CSSA ཞེས་པའི་རྒྱ་རིགས་སློབ་གཉེར་ཚོགས་པ་གཙོས་པའི་ས་གནས་རྒྱ་རིགས་སློབ་ཕྲུག་ཚོགས་པ་དང་རྒྱ་རིགས་ཚོང་པ་ཚོགས་པ་སོགས་ཟུང་འབྲེལ་གྱིས་སྤྱི་ཚོགས་འབྲེལ་མཐུད་སྐད་འཕྲིན་དང་ངོ་དེབ་སོགས་ཀྱི་ཐོག་བསྒྲགས་གཏམ་ཞིག་སྤེལ་ཏེ་སློབ་གཉེར་ཁང་དེའི་ནང་དུ་རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད། དེ་བཞིན་ཆེ་མཐོང་ལ་གནོད་པའི་གསུང་བཤད་རིགས་གནང་ཚེ་ཁོང་ཚོའི་སེམས་ཚོར་ལ་ཕོག་ཐུག་བྱུང་གི་ཡོད་སྐོར་སོགས་བརྗོད་འདུག གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་མཆོག་གདན་ཞུ་གནང་པ་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་དང་སྦྲགས། ཚོགས་པའི་ཚོགས་མི་ཚོས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཕྱིར་འཐེན་བྱ་དགོས་པ་སོགས་ཀྱི་ངོ་རྒོལ་ཡང་ཤུགས་ཆེ་བྱས་ཡོད་པ་རེད། འོན་ཀྱང་སློབ་གཉེར་ཁང་གི་ངོས་ནས་༸གོང་ས་མཆོག་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་དང། འཛམ་གླིང་ཀུན་ལ་ཞི་བདེ་དང་བྱམས་བརྩེའི་ལམ་སྟོན་མཛད་མཁན་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྐོར་གསུངས་པ་སྦྲགས་ཏེ་ད་བར་ལས་རིམ་དེ་ཕྱིར་འཐེན་གནང་མེད་པ་རེད། ཁ་སང་སློབ་གཉེར་ཁང་དེའི་སློབ་ཕྲུག་གི་གསར་ཤོག་ Triton དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིག་ན།  CSSA རྒྱ་རིགས་སློབ་ཕྲུག་ཚོགས་པས་ཁ་ཉིན་ཟླ་ ༥ཚེས་ ༣༠ ཉིན་སློབ་གཉེར་ཁང་གི་དཔེ་མཛོད་ཁང་གི་ལམ་བར་དུ་སློབ་གྲྭའི་སློབ་ཐོན་མཛད་སྒོར་༸གོང་ས་མཆོག་གདན་ཞུ་གནང་པར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་དང། ཚོགས་པ་དེའི་ངོས་ནས་༸གོང་ས་མཆོག་གི་བཀའ་སློབ་ཀྱི་ལས་རིམ་དེས་རྒྱ་རིགས་སློབ་ཕྲུག་རྣམས་ཀྱི་སེམས་ཚོར་ལ་དོ་ཕོག་གཏོང་བཞིན་པ་དེ་གསལ་བཏོན་བྱེད་རྒྱུ་དང། སློབ་གཉེར་ཁང་གི་ངོས་ནས་བཀའ་སློབ་གནང་མཁན་སུ་ལ་མགྲོན་འབོད་གནང་དང་མ་གནང་ཐོག་སློབ་ཕྲུག་རྣམས་དང་གྲོས་བསྡུར་གནང་དགོས་པའི་ཀུན་སློང་སྤེལ་རྒྱུའི་དམིགས་རྩ་བཟུང་སྟེ་ལས་འགུལ་དེ་སྤེལ་ཡོད་པ་བརྗོད་འདུག དེ་བཞིན་ཚོགས་པ་དེས་སྐད་འཕྲིན་གླེང་སྟེགས་དྲ་བའི་བརྒྱུད་བསྒྲགས་གཏམ་ཞིག་འདོན་སྤེལ་གྱིས་ལས་འགུལ་དེར་ངོ་རྒོལ་གྱི་རྣམ་པ་ཞིག་མ་ཡིན་པར། གཙོ་བོ་༸གོང་ས་མཆོག་དང་འབྲེལ་བའི་རྩོད་རྙོག་ཅན་གྱི་གནད་དོན་ཁག་སློབ་མ་ཚོར་ངོ་སྤྲོད་བྱེད་པ་ཙམ་ཞིག་ཡིན་སྐོར་ཡང་བརྗོད་ཡོད་པ་རེད། ལས་འགུལ་དེ་ལྟར་སྤེལ་སྐབས་ཨ་རིའི་སློབ་མ་མང་དག་ཞིག་འདུ་འཛོམས་ཀྱིས་རྒྱ་རིགས་སློབ་མ་དེ་དག་དང་མཉམ་དུ་གདོང་ཐུག་ཤུགས་ཆེ་བྱུང་ཡོད་པ་དང། སྐབས་དེར་ཨ་རིའི་སློབ་ཕྲུག་རྣམས་ནས་རྒྱ་གཞུང་གིས་བོད་ཐོག་དྲག་པོའི་སྲིད་བྱུས་སྤེལ་བཞིན་པ་དང། བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་ཐབས་བྱེད་ཀྱི་སྐོར་ལ་དྲི་བ་མང་དག་ཞིག་བཏང་ཡོད་འདུག སྐབས་དེར་རྒྱ་རིགས་ལས་འགུལ་བ་རྣམས་ནས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་བ་ལུང་འདྲེན་གྱིས་ལོ་དེར་༸གོང་ས་མཆོག་གིས་མཚན་ཐོག་ལ་ཧན་རྒྱ་རིགས་ ༡༨ དམར་བསད་དང་བརྒྱ་ཕྲག་མང་པོར་རྨས་སྐྱོན་བཟོས་ཡོད་ཚུལ་ཡང་བརྗོད་འདུག སྐབས་དེར་རྒྱ་རིགས་སློབ་མ་ཚོ་དང་གདོང་ཐུག་གིས་རྩོད་ལེན་གནང་མཁན་རྒྱ་རིགས་སློབ་མ་ Josh Beneventi ཞུ་བ་ཞིག་གིས་རྒྱ་རིག་ལས་འགུལ་བ་རྣམས་ནས་༸གོང་ས་མཆོག་གི་སྐོར་ལ་བཤད་པ་དེ་དག་གི་དཔང་རྟགས་གཅིག་ཀྱང་མེད་སྐོར་གསུངས་པ་དང་འབྲེལ། ང་ཚོའི་ངོས་ནས་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་ལ་དོ་སྣང་བྱེད་དགོས་པ་མ་ཟད། སློབ་གཉེར་ཁང་འདི་སློབ་སྦྱོང་གི་བསྟི་གནས་ཤིག་ཡིན་པས་ཁོང་ཚོ་ལ་ཡང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཞིག་ཡིན་སྲིད་པ་དང། རྩ་བའི་སློབ་གཉེར་ཁང་འདི་ཨ་རིའི་སློབ་གཉེར་ཁང་ཞིག་ཡིན་པ་ལས་རྒྱ་ནག་གི་སློབ་གཉེར་ཁང་ཞིག་མ་རེད་ཅེས་གསུངས་འདུག རྩ་བའི་ UCSD གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་མཛད་སྒོའི་ཐོག་༸གོང་ས་མཆོག་གདན་ཞུ་ཕུལ་རྒྱུའི་གསལ་བསྒྲགས་གནང་པར་རྒྱ་རིགས་སློབ་ཕྲུག་ཚོགས་པས་ངོ་རྒོལ་བྱས་ཡོད་སྟབས།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ནང་གི་ཤེས་ཡོན་གྱི་རང་དབང་ཐོག་ལ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང། གནད་དོན་དེས་རྒྱ་ནག་གཞུང་དང་དེའི་གཞུང་ཚབ་རྣམས་ནས་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཐག་གཅོད་ལ་ཐེ་བྱུས་དང་ཨ་རིའི་ནང་གི་ཤེས་ཡོན་གྱི་རང་དབང་ལ་ཐེ་གཏོགས་བྱེད་པ་ཞིག་མཚོན་པས་དེར་ཨ་རིའི་གཞུང་དམངས་ཡོངས་དང་གྲོས་ཚོགས་བཅས་ནས་དམིགས་གསལ་དོ་སྣང་གནང་དགོས་གལ་ཡིན་སྐོར་གསུངས་ཡོད་པ་རེད།  

༸གོང་ས་མཆོག་གིས་ཝི་ཏི་ནམ་དད་ལྡན་ཁག་གཅིག་ལ་ནང་ཆོས་དང་འགྲོ་བ་མིའི་རིན་ཐང་གི་སྐོར་ལ་བཀའ་སློབ་བརྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་མཇལ་འཕྲད་ཁང་དུ་ཁ་སང་ནས་དབུ་འཛུགས་ཀྱིས་ཝི་ཏི་ནམ་གྱི་ CEO ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཝི་ཏི་ནམ་གྱི་དགེ་འདུན་པ་དང་ཚོང་པ། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་དད་ལྡན་མི་སྣ་ ༡༡༥ ལྷག་ལ་ནང་ཆོས་དང་འགྲོ་བ་མིའི་རིན་ཐང་གི་སྐོར་ལ་བཀའ་སློབ་རྩོལ་བཞིན་འདུག དེ་རིང་ཉིན་གཉིས་པའི་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་དད་ལྡན་པ་རྣམས་ལ་ནང་ཆོས་ངོ་སྤྲོད་མ་བསྩལ་བའི་གོང་དུ་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་རྣམས་ལ་འཕྲད་བཞིན་པའི་སྡུག་བསྔལ་མང་པོ་ཞིག་སེམས་ཀྱི་འགྲོ་སྟངས་ཡག་པོ་ཞིག་མ་ཤེས་པའི་དབང་གིས་ཡོང་གི་ཡོད་པ་དང་། ལྷག་པར་དུ་དུས་རབས་ ༢༡ འདིའི་ནང་འཕྲད་བཞིན་པའི་བཀའ་རྙོག་ཕལ་མོ་ཆེ་འགྲོ་བ་མིས་བཟོས་པ་ཞིག་ཡིན་སྟབས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་རྣམས་ཨ་མའི་བྱམས་བརྩེ་འོག་ནས་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་པས་རང་ཆས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏང་སྟེ་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་དགོས་པར་བཀའ་བརྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ནང་ཆོས་ངོ་སྤྲོད་ཁྲོད་སྤྱི་ཡོངས་ནས་ནང་པ་ཞིག་ཡིན་ན་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་ཁས་ལེན་བྱེད་ཀྱི་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། སྟོན་པའི་ཆོས་འཁོར་རིམ་པ་གསུམ་གྱི་སྐོར་ཆོས་འབྲེལ་བསྩལ་ཡོད་པ་རེད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ནང་པའི་གཞུང་ལུགས་ཁག་གཅིག་རྒྱ་ཡིག་ཐོག་ཏུ་ཡོད་པ་གང་ཞིག་བོད་ཡིག་ཐོག་མེད་པ་དེ་དག་བོད་ཡིག་ནང་ཚུར་ཕབ་བསྒྱུར་གནང་དགོས་པ་དང་། བོད་ཡིག་ནང་ཡོད་བཞིན་པའི་དབུ་མའི་གཞུང་དེ་དག་རྒྱ་ཡིག་དང་ཉི་ཧོང་གི་སྐད་ཡིག དེ་བཞིན་ཝི་ཏི་ནམ་སོགས་ཀྱི་སྐད་ཡིག་ནང་ཕར་ཕབ་བསྒྱུར་གནང་དགོས་པའི་བཀའ་སློབ་གནང་པ་མ་ཟད། ཝི་ཏི་ནམ་གྱི་མི་མང་རྣམས་རྒྱུན་དུ་མི་གྱོང་པོ་ཞིག་ཡིན་སྟབས་དེ་དག་གི་ཐོག་ལ་སྔར་ལྷག་འབད་བརྩོན་གནང་སྟེ་ཐོག་མར་ཚད་མ་རྣམ་འགྲེལ་དེ་བསྒྱུར་ཐུབ་པ་གནང་དགོས་སྐོར་བཀའ་བསྩལ་འདུག དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་སྐབས་སུ་ཝི་ཏི་ནམ་གྱི་དད་ལྡན་ཁག་གཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་ནག་གཞུང་གིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་ཐད་ལ་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར། མགོན་པོ་མཆོག་ནས་དེ་སྔ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་འབྲས་སྤུངས་དགོན་པ་གཙོས་པའི་ཆོས་སྡེ་མང་པོ་ཞིག་གཏོར་བཤིག་བཏང་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་ད་ལྟ་གཏོར་བཤིག་གཏོང་བཞིན་པའི་བླ་རུང་ཆོས་སྒར་གྱི་གནས་སྟངས་དེ་སྔར་བཞིན་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་ཡིན་པ་བཀའ་བརྩལ་དང་འབྲེལ། རྒྱ་ནག་གཞུང་གིས་སློབ་གཉེར་ཁང་དེའི་ནང་ལ་སློབ་གཉེར་གནང་བཞིན་པའི་སློབ་གཉེར་བའི་ཆོས་དད་དང་བསམ་བློ་ལ་དྲག་པོའི་ཐོག་ནས་དུས་ནམ་ཡང་འགྱུར་བ་གཏང་ཐུབ་ཀྱི་མ་རེད་ཅེས་བཀའ་ལན་མཛད་འདུག  

༸གོང་ས་མཆོག་གིས་ཤྲི་ལངྐའི་ནང་ཆུ་ལོག་དོན་རྐྱེན་འོག་ཚུད་པའི་མང་ཚོགས་ལ་ཐུགས་གསོ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཤྲི་ལངྐའི་ནང་ཆར་ཞོད་ཧ་ཅང་ཆེན་པོ་བྱུང་བའི་དབང་གིས་ཁུལ་དེར་ཆུ་ལོག་དང་རི་ཉིལ། དེ་བཞིན་ས་རུད་སོགས་ཀྱི་དོན་རྐྱེན་བྱུང་སྟབས། ས་གནས་མང་ཚོགས་དུ་མའི་ཚེ་སྲོག་ཤོར་བ་མ་ཟད། སྡོད་ཁང་དང་ས་ཞིང་སོགས་མི་རྒྱུ་གཉིས་ཀར་གོད་ཆག་ཚབས་ཆེ་ཕོག་པར་ཐུགས་གསོ་མཛད་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་ནས་ཁ་སང་ཟླ་ ༥ ཚེས་ ༣༠ ཉིན་ཡུལ་དེའི་སྲིད་བློན་ Ranil Wickremesinghe མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། མགོན་པོ་༸གང་ས་མཆོག་ནས་ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་གནས་སྟངས་ཐད་ལ་ཐུགས་ཕམ་ཆེན་པོ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་དང་། རྗེས་ཤུལ་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་མཛད་པ་མ་ཟད། ཡུལ་དེའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་མགོན་པོ་༸གང་ཉིད་མཆོག་གི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་ངལ་སེལ་རོགས་སྐྱོབ་ཀྱི་ཞལ་འདེབས་ཕྲན་བུ་ཞིག་གནང་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག

ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་ལ་༸གོང་ས་མཆོག་དང་གྲོས་མོལ་གནང་དགོས་པའི་ནན་སྐུལ་གནང་འདུག

རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་གནད་དོན་མ་སེལ་གྱི་བར་དུ་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རིམ་པ་སྤེལ་རྒྱུའི་ཁས་ལེན་དམ་བཅའ་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་ལ་༸གོང་ས་མཆོག་དང་གྲོས་མོལ་གནང་དགོས་པའི་ནན་སྐུལ་གནང་འདུག དེའང་ཨ་རུ་ནཱ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Gicho Kabak ལགས་ཀྱིས་གཙོས་པའི་སྐུ་ཚབ་འཐུས་མི་ཁག་གཅིག་ནས་ཟླ་བ་འདིའི་ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཡོད་པ་དང་། ཐེངས་དེའི་མཇལ་མོལ་གྲུབ་རྗེས་ཕྱི་ཉིན་ཚེས་ ༢༦ སྟེ་རེས་གཟའ་པ་སངས་ཉིན་ཚོགས་པ་དེའི་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩ་བཟུང་བའི་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཀྱི་ཁེ་དབང་ལས་བོད་རང་བཙན་རྩ་བ་ནས་རྩོད་ཀྱི་མེད་པ་ཟད། བོད་མིའི་འཐབ་རྩོད་དེའང་རྒྱ་ནག་མི་མང་ལ་ཁ་གཏད་གཅག་རྒྱུ་ཞིག་གཏན་ནས་མ་རེད་ཅེས་གསུངས་འདུག གཞན་ཡང་བསྒྲགས་གཏམ་དེའི་ནང་དུ་དེ་སྔ་ཕྱོ་ལོ་ ༡༩༧༩ ལོར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕེང་གིས་ཁོང་ལ་རང་བཙན་མ་གཏོགས་གནད་དོན་གཞན་གང་ཞིག་ཡིན་རུང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡོད་པ་བཤད་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་དེར་ཐུགས་རེ་ཆེན་པོ་གནང་ཡོད་སྐོར་ཡང་བཀོད་འདུག ལྷག་དོན་ཚོགས་པ་དེའི་ངོས་ནས་༸གོང་ས་མཆོག་ལ་བོད་ཀྱི་གནད་དོན་མ་སེལ་གྱི་བར་དུ་བོད་དོན་དང་འབྲེལ་བའི་བགྲོ་གླེང་དང་དུས་དེབ་འགྲེམས་སྤེལ་གནང་པའི་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་བསྐྱེད་གནང་རྒྱུའི་ཁས་ལེན་ཡང་ཞུས་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་ངོས་ནས་ཀྱང་ད་རེས་ཨ་རུ་ནཱ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་དབུས་པའི་ཚོགས་མི་རྣམས་ལ་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་བསྐྱེད་གནང་པར་ལེགས་གསོལ་མཛད་ཡོད་པ་རེད་འདུག རྩ་བའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Gicho Kabak ལགས་ཀྱིས་གཙོས་པའི་ཚོགས་གཞོན་མངའ་སྡེའི་བློན་ཆེན་ཟུར་པ་ Tanyong Tatak ལགས་དང་སྤྱི་ཁྱབ་དྲུང་ཆེ་ Anok Wangsa ལགས་སོགས་སྐུ་ཚབ་འཐུས་མི་ལྔ་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་འདུག

ནང་པའི་གཞུང་ལུགས་ནས་སྦྱང་བའི་ཡོན་ཏན་རྣམས་འགྲོ་བ་མིར་ལེགས་སྐྱེས་འབུལ་རྒྱུའི་དུས་ལ་བབ་ཡོད་ཅེས་བཀའ་བསྩལ་འདུག

  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་གཞུང་ལུགས་ནས་སྦྱང་བའི་ཡོན་ཏན་རྣམས་ད་ཆ་ནང་པའི་སྤྱི་ཚོགས་ཙམ་མིན་པར། འགྲོ་བ་མིའི་འཇིག་རྟེན་འདིར་ལེགས་སྐྱེས་འབུལ་རྒྱུའི་དུས་ལ་བབ་ཡོད་ཅེས་བཀའ་གནང་སོང། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ ༣༠ ཙམ་ཞིག་དང་ལྷན་ཚོུད་གཅིག་ཙམ་རིང་མཇལ་མོལ་དང་སློབ་མ་རྣམ་པའི་ངོས་ནས་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་ནས་ཐོག་མར་སློབ་མ་རྣམས་ལ་ངོས་ནས་ནང་པའི་གཞུང་ཆེན་ནང་འཁོད་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་ནང་པའི་ཆོས་ཀྱི་སེམས་ཁམས་རིག་པ་ཞེས་མ་ཡིན་པར། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་རྣམ་གཞག་ཞེས་འབོད་ཀྱི་ཡོད། རྒྱ་གར་གྱི་གནའ་བོའི་ཡོན་ཏན་དེ་དག་ཐོག་མར་རྒྱ་གར་རྒྱལ་ནང་དང་དེ་རྗེས་རིམ་བཞིན་འཛམ་གླིང་ཡོངས་ལ་གོང་འཕེལ་གཏོང་རྒྱུ་ནི་ངོས་ཀྱི་འགན་ཁུར་གཙོ་གྲས་ཤིག་ཆགས་ཀྱི་ཡོད་ཅེས་བཀའ་བསྩལ་བ་མ་ཟད། དེའི་ཐོག་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་ནས་ཆོས་ལུགས་འདྲ་མིན་ཁག་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པ་དེར་མིག་དཔེ་བལྟ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་ཤུགས་ཆེ་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན་པར་བཀའ་བསྩལ་འདུག དེ་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཁག་གཅིག་ནས་༸གོང་ས་མཆོག་ལ་གནད་དོན་འདྲ་མིན་ཐོག་ལ་བཀའ་འདྲི་ཞུས་པའི་ཁོངས་ནས་སློབ་མ་ཞིག་གིས་༸གོང་ས་མཆོག་གི་ངོས་ནས་དུས་རབས་ ༢༡ པ་དེ་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་ཏུ་འགྱུར་ཐུབ་མིན་ནི་དུས་རབས་ ༢༡ པ་འདིའི་ནང་གི་མང་ཚོགས་ཀྱི་ལག་ཏུ་ཡོད་པ་བཀའ་སྩལ་ལྟར། དེང་གི་སྤྱི་ཚོགས་ནང་ཁུལ་དབར་དབྱེ་བ་མང་བ་དང་དབུལ་ཕྱུག་ཁྱད་པར་ཆེ་བ། ལྷག་དོན་མི་རིགས་རིང་ལུགས་ཀྱི་དཀའ་ངལ་དུ་མའི་ཁྲོད་ང་ཚོས་ཞི་བདེ་ཇི་ལྟར་བསྐྲུན་དགོས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར། མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་འདིའི་ནང་གི་འགྲོ་བ་མི་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་སྟབས། འགྲོ་བ་མི་གཅིག་འགྱུར་གྱི་བློ་གོང་འཕེལ་གཏོང་རྒྱུ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། དེ་ནི་གཙོ་བོ་ཤེས་ཡོན་གྱི་ལམ་ནས་གོ་རྟོགས་སྤེལ་བའི་བརྒྱུད་བསྒྲུབ་ཐུབ་པ་ཞིག་རེད་ཅེས་བཀའ་བསྩལ་སོང་བ་དང་། ལྷག་དོན་༸གོང་ས་མཆོག་ནི་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་ཡིད་སྨོན་ཆེན་པོ་མཛད་བཞིན་ཡོད་པ་དང་། དེ་ལྟ་བུའི་སྒྲོམ་གཞི་ཞིག་མ་འོངས་པར་ཨ་ཕི་རི་ཀའི་གླིང་ཕྲན་དང་། ལྷོ་ཨ་མི་རི་ཀ། ཨེ་ཤ་ཡ་བཅས་སུ་བྱུང་ཐུབ་ན་ཕུགས་རྒྱང་རིང་པོའི་ཐོག་ནས་ཞི་བདེ་བསྐྲུན་ཐུབ་ངེས་ཡིན་པར་བཀའ་བསྩལ་བ་མ་ཟད། དབྱིན་ཡུལ་གཞུང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་པ་དང། ཉེ་བའི་འར་ཨ་མི་རི་ཀའི་སྲིད་འཛིན་ trump མཆོག་ནས་ཨ་མི་རི་ཀ་དང་པོ་ཞེས་པའི་ལྟ་གྲུབ་བཟུང་བཞིན་པ་བཅས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་དང་པོར་བཞག་པ་ནི་འཕྲལ་སེལ་མ་གཏོགས་ཕུགས་རྒྱང་རིང་པོའི་དགོངས་པ་མ་བཞེས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་ནན་བསྩལ་འདུག དེ་བཞིན་བོད་ཀྱི་གནད་དོན་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ནས་སྔ་རྗེས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ལ་དགོངས་པ་བཞེས་ཕྱོགས་ཞིབ་ཕྲ་བཀའ་འགྲེལ་དང་སྦྲགས། ༸གོང་ས་མཆོག་ནས་བོད་ལ་རང་བཙན་རྩ་བ་ནས་རྩོད་ཀྱི་མེད་པའི་བཞེངས་ཕྱོགས་བསྐྱར་ནན་མཛད་པ་དང་། ལྷག་དོན་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ནས་ད་སྐབས་རྒྱ་རིགས་མང་པོས་བོད་མིར་རྒྱབ་སྐྱོར་གནང་གི་ཡོད་སྟབས།  འཚེ་བའི་ཐབས་ལམ་འམ་མི་གསོད་ཁྲག་སྦྱོར་གྱི་བརྒྱུད་ནས་རང་བཙན་ལེན་ཐུབ་རྒྱུ་མེད་སྐོར་བཀའ་བསྩལ་བ་མ་ཟད། འགྲོ་བ་མི་གཅིག་གྱུར་གྱི་བློ་འཁྱེར་ཐོག་རྒྱ་རིགས་དང་བོད་རིགས་གཉིས་སྤུན་མཆེད་ཀྱི་བསམ་བློ་འཛིན་ནས་གནད་དོན་དེ་སེལ་དགོས་ཀྱི་རེད་ཅེས་བཀའ་སློབ་ཟབ་མོ་བསྩལ་འདུག གཞི་རྩའི་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་དེ་དག་ནང་ཆོས་དང་ཚན་རིག་གི་འབྲེལ་བ་འི་སྐོར་ལ་སློབ་སྦྱོང་གནང་བཞིན་ཡོད་པ་ལྟར། ད་ཆ་ས་རཱ་མཐོ་སློབ་ཏུ་བདུན་ཕྲག་གསུམ་རིང་གི་དབྱར་ཁའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མུས་ཡིན་པ་དང་། དེ་རྗེས་ཁོང་རྣམས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་བདུན་ཕྲག་གསུམ་རིང་སློབ་གཉེར་གནང་ཕྱིར་ཕེབས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གི་གནད་དོན་དང་འབྲེལ་ནས་རྒྱ་རིགས་དཔེ་གསར་གྱོན་ཆས་དྲིལ་སྒྲགས་བྱེད་མཁན་ཞིག་ནས་Cannes ནང་ཚོགས་པའི་དགེ་རྩའི་ལས་རིམ་ཞིག་ནས་ཕྱིར་འཐེན་གནང་དགོས་བྱུང་འདུག

Amfar ཞེས་པའི་ཚོགས་པའི་ངོས་ནས་ Cannes རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་བསྟུན་དཔལ་འབྱོར་འདུ་འགོད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཐོག གློག་བརྙན་འཁྲབ་སྟོན་པ་སོགས་གྲགས་ཅན་མི་སྣ་མང་དག་ཞིག་གདན་ཞུ་ཕུལ་བའི་ཁོངས་སུ་རྒྱ་རིགས་དཔེ་གསར་གྱོན་ཆས་དྲིལ་སྒྲགས་བྱེད་མཁན་ Ming Xi ཞུ་བ་ཁོང་ཡང་ཆེད་འབོད་བྱས་ཡོད་ཀྱང། ཁོང་ནས་༸གོང་ས་༸སྐྱབས་མགོ་ཆེན་པོ་མཆོག་གི་གནད་དོན་ཞིག་གི་རྐྱེན་པས་གློ་བུར་དུ་ལས་རིམ་དེ་ནས་ཕྱིར་འཐེན་བྱས་འདུག Amfar ནི་གཉན་ནད་རེག་དུག་གི་ནད་གཞི་རྩ་འགོག་གི་ཉམས་ཞིབ་ལས་དོན་གཉེར་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང། ཚོགས་པ་དེའི་ངོས་ནས་ལོ་ལྟར་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ Cannes གློག་བརྙན་དུས་སྟོན་དང་བསྟུན་གྲགས་ཅན་མི་སྣ་མང་པོ་གདན་ཞུ་གནང་པའི་བརྒྱུད་དཔེ་གསར་གྱོན་ཆས་དྲིལ་སྒྲགས་དང་རིན་སྤར་འཚོང་སྒྱུར་སོགས་ཀྱི་ལམ་ནས་ཚོགས་པའི་ལས་དོན་ཆེད་དཔལ་འབྱོར་འདུ་འགོད་གནང་གི་ཡོད་པ་དང། ཟླ་བ་འདིའི་ཚེས་ ༢༥ ཉིན་གོ་སྒྲིག་ཞུས་པའི་ཐེངས་འདིའི་དཔལ་འབྱོར་འདུ་འགོད་ཀྱི་ལས་རིམ་ཁྱབ་ཁོངས་སུ་ཉིན་གྲངས་ལྔའི་རིང་བཞུགས་སྒར་དུ་ཆེད་བསྐྱོད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁའི་གོ་སྐབས་ཤིག་དང་། དེ་བཞིན་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་༸སྐུའི་གྱ་སྟོན་སྐབས་སུ་བསྐྱོན་པའི་མགོན་པོ་༸གང་ཉིད་མཆོག་གི་ 3D ཅན་གྱི་༸སྐུ་པར་བཅས་ auction འམ་རིན་སྤར་འཚོང་སྒྱུར་བཟོས་ཡོད་པ་རེད་འདུག གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། འདི་ལོའི་ amfAR དཔལ་འབྱོར་འདུ་འགོད་ཀྱི་ལས་རིམ་དེའི་ནང་སྐུ་མགྲོན་དུ་གློག་བརྙན་འཁྲབ་ཁྲིད་པ་ Nicole Kidman དང་། Dustin Hoffman དེ་བཞིན་ Jessica Chastain སོགས་གནད་ཞུ་གནང་ཡོད་པ་མ་ཟད། རྒྱ་ནག་ནང་གི་གྲགས་ཅན་དཔེ་གསར་གྱོན་ཆས་དྲིལ་བསྒྲགས་བྱེད་པོ་ Ming Xi ལགས་ཆེད་འབོད་གནང་ཡོད་ཀྱང་། ཁོང་ནས་ཐེངས་འདིའི་ལས་འཆར་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཡོད་པས་དེ་ནས་ཕྱིར་འཐེན་གནང་དགོས་བྱུང་བ་བཀོད་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ནས་སྤྱི་ཚོགས་བརྒྱུད་ལམ་ Weibo ཐོག་གླེང་སློང་མང་དག་བྱུང་ཡོད་པ་དང་། ཁག་གཅིག་གིས་ Ming Xi ལགས་ལ་རྒྱབ་སྐྱོར་བྱས་ཏེ་བོད་མི་ཁ་བྲལ་བར་ངོ་རྒོལ་སོགས་བྱས་པ་དང།ཡང་ཁག་གཅིག་གིས་ཁོང་མོར་དགག་པ་བྱས་པ་མ་ཟད། རྒྱ་རིགས་ཀྱི་དཔེ་གསར་གྱོན་ཆས་དྲིལ་བསྒྲགས་བྱེད་པོ་གྲགས་ཅན་ juror Fan Bingbing དང་། Victoria’s Secret གྱོན་ཆས་དྲིལ་བསྒྲགས་བྱེད་པོ་གྲགས་ཅན་  Liu Wen གཉིས་ནས་ཀྱང་ལས་རིམ་དེ་ནས་ཕྱིར་འཐེན་བྱས་ཡོད་སྐོར་གནས་ཚུལ་བཀོད་ཀྱང་Amfar ནས་དེའི་ཐོག་གནས་ཚུལ་ཁ་གསལ་གང་ཡང་འགྲེལ་བརྗོད་གནང་མི་འདུག རྩ་བའི་ amfAR ཚོགས་པས་གློག་བརྙན་དུས་སྟོན་དེའི་ཐོག་ནས་གཉན་ནད་རེག་དུག་རྩ་འགོག་དང་སྨན་བཅོས་ཞུ་ཆེད་དུ་ཨ་སྒོར་ས་ཡ་ $190 མཁོ་སྒྲུབ་གནང་འདུག ལས་འཆར་དེའི་མིང་ལ་ “Golden Age of Hollywood Collection,” ཞེས་བཏགས་འདུག་པ་དེས་ལས་འཆར་དེ་Cannes གློག་བརྙན་དུས་སྟོན་སྐབས་ཀྱི་ལས་རིམ་གཞན་དང་མི་འདྲ་བ་གལ་ཆེ་ཞིག་ཡིན་པ་མཚོན་ཆེད་དུ་ཡིན་པ་རེད་འདུག

ནང་སེམས་ཀྱི་རིན་ཐང་དང་ཕྱིའི་དངོས་པོའི་མཐུན་རྐྱེན་གཉིས་ཟུང་སྦྲེལ་གྱི་བེད་སྤྱོད་བྱེད་ཐུབ་མཁན་ནི་རྒྱ་གར་གཅིག་པོ་རེད།

ཁ་སང་ཟླ་ ༥ ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྙན་གྲགས་ཆེ་བའི་རྒྱ་གར་གྱི་མཁས་དབང་དང་། རྩོམ་བྲིས་པ། དབུས་གཞུང་གི་བློན་ཆེན་བཅས་གནང་མྱོང་ཡོད་པའི་སྐུ་ཞབས་ Arun Shourie མཆོག་གིས་ཉེ་ཆར་རྩོམ་བྲིས་གནང་པའི་ Two Saint འམ་རྒྱ་གར་གྱི་བླ་ཆེན་སྐྱེས་བུ་དམ་པ་གཉིས་ཀྱི་ལོ་རྒྱུས་ཕྱག་དེབ་དབུ་འབྱེད་མཛད་ཡོད་པ་རེད། ལྡི་ལི་གསར་པའི་ IIC རྒྱ་གར་དང་རྒྱལ་སྤྱའི་ལྟེ་གནས་ཀྱི་ཚོགས་ཁང་ཞིག་ཏུ་གོ་སྒྲིག་ཞུས་པའི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོར་དེ་སྔོན་སྲིད་བློན་གཞོན་པ་གནང་མྱོང་ཡོད་པའི་སྐུ་ཞབས་ L K Advani མཆོག་གིས་དབུས་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གནད་ཡོད་མི་སྣ་མང་དག་ཞིག་ཆེད་ཕེབས་གནང་འདུག་པ་མ་ཟད། གསར་ཁང་གྲགས་ཅན་ཁག་གི་རྩོམ་བྲིས་པ་དང་། སྤྱི་ཚོགས་ཞབས་ཞུ་བ། ཆོས་ལུགས་ཀྱི་དབུ་ཁྲིད་སོགས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་ཞིག་འདུ་འཛོམས་བྱུང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་སྐུ་ཞབས་ Arun Shourie མཆོག་གི་རིགས་མྱུག་གི་ལྷན་དུ་ཕྱག་དེབ་དེ་དབུ་འབྱེད་གནང་ཡོད་པ་དང། ཕྱག་དེབ་རྩོམ་བྲིས་པ་མཆོག་ནས་༸གོང་ས་མཆོག་ལ་མཛད་སྒོའི་ཐོག་དེང་གྱི་འཛམ་གླིང་དང་གནའ་བོའི་རྒྱ་གར་གྱི་ཤེས་བྱའི་སྐོར་ལམ་སྟོན་བཀའ་སློབ་བརྩལ་གནང་ཡོང་བའི་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་སྤྱིར་བཏང་རྒྱ་གར་མི་མང་ཚོས་དེང་དུས་ཀྱི་ཤེས་ཡོན་ཐོག་ནས་ཕྱིའི་དངོས་པོའི་མཐུན་རྐྱེན་ཐོག་མདུན་བསྐྱོད་བྱེད་མུས་ཡིན་ཀྱང་། གལ་སྲིད་དེ་དང་ཟུང་དུ་རང་ཉིད་སོ་སོའི་གནའ་བོའི་རིག་གཞུང་དག་ལ་དོ་སྣང་ཆེ་ཙམ་གནང་ཐུབ་ཚེ་རྒྱལ་ཁབ་གཞན་ལ་མེད་པའི་རྩ་ཆེའི་རིག་གཞུང་དེའི་རིན་ཐང་ཤེས་པ་ཙམ་མ་ཟད། མི་ཚེ་ཡང་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་གི་རེད་ཅེས་ལམ་སྟོན་བསྩལ་གནང་སོང་། ལྷག་དོན་༸གོང་ས་མཆོག་གིས་ངོས་རང་གི་བསམ་བློ་ལྟར་བྱ་ཚེ་འཛམ་གླིང་ནང་རྒྱལ་ཁབ་ཁག་ ༢༠༠ ལྷག་ཙམ་ཡོད་པ་ལས་རྒྱ་གར་ནི་ཕྱིའི་དངོས་པོའི་མཐུན་རྐྱེན་དང་ནང་སེམས་ཀྱི་རིན་ཐང་གཉིས་ཟུང་སྦྲེལ་གྱི་བེད་སྤྱོད་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་པོ་དེར་ངོས་འཛིན་གནང་གི་ཡོད་ཅེས་སོགས་བཀའ་སློབ་བསྩལ་ཡོད། ༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་བློ་དང་ཤེས་པའི་རྣམ་གཞག་དེ་ཚོ་ཆོས་དང་འབྲེལ་བ་མེད་པའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་བཀའ་བསྩལ་གནང་སྟེ། ནང་སེམས་ཀྱི་བདེ་སྐྱིད་ཟེར་སྐབས་མིག་བཙུམ་ནས་སྨོན་ལམ་བརྒྱབ་པ་ཙམ་མིན་པར་མིག་ཕྱེ་སྟེ་མཐོང་རྒྱ་ཆེ་ཙམ་བྱེད་དགོས་པ་མ་ཟད། གནད་དོན་ལ་རིག་པའི་ལམ་ནས་དཔྱད་དེ་བློ་དང་ཤེས་པའི་རྣམ་གཞག་ལ་འགྱུར་བ་གཏོང་ཐུབ་པ་ཞིག་བྱ་དགོས་གལ་ཡིན་པའི་ལམ་སྟོན་མཛད་པ་དང་ཆབས་ཅིག རྒྱ་གར་གྱི་རྩ་ཆེའི་རིག་གཞུང་དེ་དག་ནི་དེང་དུས་ཀྱི་ཚན་རིག་དང་ཟུང་སྦྲེལ་ཐོག་འགྲོ་ཐུབ་མཁན་གྱི་ལྟ་གྲུབ་རྩ་ཆེན་ཞིག་ཡིན་སྐོར་སོགས་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བརྩལ་གནང་ཡོད། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག་རྒྱ་གར་གྱི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པ་སྐུ་ཞབས་ Fali S Nariman མཆོག་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་སོགས་ཀྱི་ཕྱག་ལས་གནང་མྱོང་མཁན་སྐུ་ཞབས་ Shyam Saran དང་དེ་བཞིན་མཁས་དབང་ Dr. Ambarish Sarwik བཅས་ནས་ཀྱང་དཔེ་དེབ་དེ་དང་འབྲེལ་བའི་གསུང་བཤད་གནང་པ་མ་ཟད། བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་བཅས་ཀྱི་ཐད་ཐུགས་འགན་ཆེ་བཞེས་གནང་པའི་མཛད་འཕྲིན་ཁག་ལ་ཞལ་གཅིག་གྲགས་ཀྱི་ཡི་རངས་བསྔགས་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། རྒྱལ་ས་ལྡི་ལི་གཉིས་ཀྱི་ནང་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། དེ་རིང་སྔ་དྲོ་ཚོུད་ ༡༢།༣༠ ཐོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་བདུན་ཕྲག་འདིའི་ནང་རྒྱལ་ས་ལྡི་ལི་ཙམ་མ་ཟད། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ནང་ཆིབས་བསྒྱུར་གྱིས་ཉིན་གཅིག་གི་མཛད་འཆར་བཀའ་དྲིན་བསྐྱངས་ཡོདཔ་རེད། དེའང་མགོན་པོ་༸གང་ཉིད་མཆོག་ཚེས་ ༢༢ ཉིན་བཞུགས་སྒར་ནས་སྦེང་ལོར་ཕྱོགས་སུ་ཕེབས་ཐོན་གྱིས་ཚེས་ ༢༣ ཉིན་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་དང་སྤྱི་ཚོགས་དྲང་བདེན་དང་ཕོ་མོ་འདྲ་མཉམ་བཅས་ཀྱི་ཐོག་ཆེས་མཛད་རྗེས་སྙན་གྲགས་ཆེ་བའི་རྒྱ་གར་གྱི་དབུ་ཁྲིད་ Dr.B.R. Ambedkar དམ་པ་དེ་ཉིད་སྐུ་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཀྱིས་སྤྱི་ཚོགས་ཁྲོད་དྲང་བདེན་གྱི་ཁྲིམས་ལུགས་ལག་བསྟར་དགོས་པའི་སྐོར་དང་མི་རིགས་འདྲ་མཉམ་སྐོར་གྱི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བརྩལ་བ་དང་ཆབས་ཅིག མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་མཆོག་དང་སྐོར་སྲུང་དཔོན་རིགས་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད། ཁ་ཉིན་༸གོང་ས་མཆོག་སྦེང་ལོར་ནས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་སྟེ། ཁུལ་དེར་རྒྱ་གར་གྱི་ Indian Express གསར་ཁང་གི་ལས་བྱེད་རྣམས་ཀྱིས་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུ་དོན་བཞིན་གསར་ཁང་དེའི་ལས་བྱེད་རྣམས་ལ་བླང་དོར་གྱི་ལམ་སྟོན་བཀའ་སློབ་བརྩལ་གནང་པ་དང་། དེ་བཞིན་ཁ་སང་རྒྱ་གར་གྱི་བློན་ཆེན་ཟུར་པ་ Arun Shourie མཆོག་གིས་རྩོམ་བྲིས་གནང་པའི་ཕྱག་དེབ་དབུ་འབྱེད་དང་བཀའ་སློབ་བརྩལ་བ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཉིན་ཚེས་ ༢༧ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་ཚོགས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་རེད་འདུག

Latest news