Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཨེམ་ཨེལ་སོན་དྷིའི་རྗེས་དྲན་གྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཆེ་བསྟོད་གཟེངས་རྟགས་ངོས་བཞེས་མཛད་པ།

 དེ་རིང་ཟླ་ ༤ ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཕུལ་བྱུང་ཤེས་ཡོན་མི་སྣར་ངོས་འཛིན་ཞུ་བཞིན་པ་སྐུ་ཞབས་ MLSondhi དམ་པ་དེ་ཉིད་རྗེས་དྲན་གྱི་ཆེ་བསྟོད་གཟེགས་རྟགས་འབུལ་བཞེས་མཛད་ཡོད་པ་རེད། དེའང་ལྡི་ལི་གསར་པའི་ IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་རྒྱ་གར་གྱི་མཁས་དབང་དང་ཆབ་སྲིད་མི་སྣ། ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གི་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ་སོགས་གནད་ཡོད་མི་སྣ་མང་དག་ཞིག་འདུ་འཛོམས་ཀྱི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེམ་ཨེལ་སོན་དྷིའི་རྗེས་དྲན་གྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཆེ་བསྟོད་གཟེངས་རྟགས་ངོས་བཞེས་མཛད་ཡོད། ML Sondhi དམ་པ་དེ་ཉིད་ཀྱི་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་དེ་ནི་རྒྱ་གར་དང་འབྲེལ་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁྲོད་རླབས་ཆེན་གྱི་ནུས་པ་ལྡན་པའི་རྗེས་བྱས་འཇོག་མཁན་མཁན་གྱི་གང་ཟག་དང་ཚོགས་པར་ཕུལ་གྱི་ཡོད་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཡིན་པ་རེད། རྩ་བའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་དམ་པ་དེ་ཉིད་རྗེས་དྲན་གྱི་ཆེ་བསྟོད་གཟེགས་རྟགས་དེ་དང་ལྷན་ཧིན་སྒོར་འབུམ་གཅིག་མ་གཏོགས་མེད་ཀྱང་། གཟེངས་རྟགས་དེའི་འོས་མི་འདེམས་སྒྲུབ་གནང་མཁན་གྱི་ཚོགས་ཆུང་ཁོངས་སུ་གཙུག་ལག་སློབ་གྲྭའི་སློབ་དཔོན་དང་།   གསར་འགོད་པ་གྲགས་ཅན།   གྲོས་ཚོགས་ཀྱི་ཚོགས་མི།   གཞུང་གི་གནད་ཡོད་ལས་བྱེད་ཟུར་པ་བཅས་ཡིན་པ་མ་ཟད།    ལྷག་པར་སྐུ་ཞབས་ ML Sondhi  དམ་པ་དེ་ཉིད་ཀྱང་རྒྱ་གར་ནང་ཕུལ་བྱུང་གི་ཤེས་ཡོན་མི་སྣ་གྲགས་ཅན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་སྟབས། གཟེངས་རྟགས་དེ་ལ་རྒྱ་གར་རྒྱལ་ཡོངས་ནང་གི་ཤེས་ཡོན་ཅན་དང་མཁས་པ་མང་པོས་གདེང་འཇོག་དང་རིན་ཐང་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ M L Sondhi  རྗེས་དྲན་གྱི་   ༢༠༡༦  ལོའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གཟེངས་རྟགས་དེ་ངོས་བཞེས་དང་སྦྲགས། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་འགན་གསུམ་གྱི་ཁོངས་ནས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སྐོར་དང་ཆོས་ལུགས་མཐུན་འབྲེལ་གཉིས་ཀྱི་སྐོར་ལ་ལམ་སྟོན་གནང་སོང་། དེ་བཞིན་དེང་སྐབས་ཚན་རིག་པ་ཚོས་ཞིབ་འཇུག་བྱས་པའི་འབྲས་བུར་གཞི་རྩའི་མིའི་གཤིས་ཀ་དེ་སྙིང་རྗེ་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱུང་ཡོད་པ་དེ་ནི་ང་ཚོར་རེ་བ་གསར་པ་ཞིག་ཡོད་པ་དང་།   དེ་ཡང་ང་ཚོས་འཆར་གཞི་དང་ཐག་གཅོད་ལྡན་པའི་ཐོག་ནས་ད་ལྟ་ནས་དཀའ་ལས་རྒྱབ་པ་ཡིན་ན་དུས་རབས་ ༢༡ པའི་དུས་མཇུག་དེ་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་རྒྱུ་མ་ཟད།   ལྷག་པར་དུ་རྒྱ་གར་གྱི་གཞོན་སྐྱེས་ཚོར་གནའ་སྔ་མོའི་ཕ་མེས་ནས་ཡོད་པའི་རིག་གཞུང་བཟང་པོ་དེའི་བག་ཆགས་ཡོད་སྟབས་དམིགས་བསལ་གྱི་ལས་འགན་འཁྱེར་ཏེ་འཛམ་བུ་གླིང་གི་གཞོན་སྐྱེས་ས་ཡ་མང་པོར་ཤུགས་རྐྱེན་སྤྲོད་ཐུབ་པ་བྱེད་དགོས་པའི་ལམ་སྟོན་སོགས་རྒྱ་ཆེ་མཛད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ ML Sondhi དམ་པ་དེ་ཉིད་ནི་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྐོར་བཀའ་བསྩལ་གནང་པ་དང་ཆབས་ཅིག བོད་ཀྱི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཞིག་ཡིན་པའི་ཆ་ནས་ཁོང་ལྟ་བུའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞན་ཚོ་བོད་མིར་རྒྱབ་སྐྱོར་གནང་མཁན་ཙམ་ཞིག་མིན་པར་བདེན་པ་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པའི་དགོངས་ཚུལ་ཡང་གསུངས་གནང་མཛད་སོང་། དེ་རིང་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་དེ་རྒྱ་གར་གཞུང་གྱི་བློན་ཆེན་ཟུར་པ་མཁས་དབང་སྐུ་ཞབས་  Arun Shourie  མཆོག་ཆེད་ཕེབས་གནང་འདུག་པ་ལྟར་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟེངས་རྟགས་འདི་ངོས་བཞེས་མཛད་པ་དེས་མ་འོངས་པར་གཟེངས་རྟགས་དེའི་ཆེ་མཐོང་ཆེ་རུ་ཕྱིན་ཡོད་པའི་དགོངས་ཚུལ་སོགས་གསུངས་གནང་སོང་། དེ་མཚུངས་ཁོང་གིས་ཉེ་ཧོང་གི་ཁ་དཔེ་ཞིག་ལུང་འདྲེན་གྱིས་༸གོང་ས་མཆོག་ནི་འཛམ་བུ་གླིང་འདིའི་སྟེང་དངོས་སུ་བཞུགས་པའི་གཏེར་ཞིག་ཡིན་པ་གསུངས་པ་དང་སྦྲགས།  རྩ་བའི་༸གོང་ས་མཆོག་ལ་མི་འབོར་གྱི་སྟོབས་ཤུགས་དང་།  དམག་འཐབ་ཀྱི་གོ་མཚོན་སོགས་གང་ཡང་མེད་ཀྱང་། མགོན་པོ་༸གང་ཉིད་མཆོག་གི་བཟང་པོའི་སྟོབས་ཤུགས་ལ་རྒྱ་ནག་ཡང་ཞེད་སྣང་བྱེད་ཀྱི་ཡོད་སྐོར་སོགས་གསུངས་ཡོད།

རྒྱ་གར་གྱི་མང་ཚོགས་ཚོས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་འགན་བཞེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མང་ཚོགས་ཚོར་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐོག་སེམས་ཚོར་སྟོན་རྒྱུའི་ཐོབ་ཐང་ཡོད་སྟབས། ཁྱེད་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་འགན་བཞེས་དགོས་ཞེས་བཀའ་བསྩལ་འདུག དེའང་ཟླ་ ༤ ཚེས་ ༢༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་ནས་ The Himalayan Club ཞེས་པའི་ཧི་མཱ་ལ་ཡའི་རི་འཛེགས་ཚོགས་མི་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བའི་བརྙན་པར་ཞིག་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་སྤེལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ངོས་རང་གི་ཕ་ཡུལ་ངོ་མ་དེ་བོད་ཆགས་ཀྱི་ཡོད་ཀྱང་། ད་བར་དུས་ཡུན་ལོ་ངོ་ ༥༧ རིང་རྒྱ་གར་དྷ་རྨ་ས་ལར་བསྡད་པ་ཡིན་སྟབས། དྷ་རྨ་ས་ལ་ནི་ངོས་རང་གི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ་ཁོང་རྣམས་ལ་ཐོག་མར་འཚམས་འདྲི་གནང་འདུག དེ་བཞིན་༸གོང་ས་མཆོག་གིས་ཧི་མཱ་ལ་ཡའི་རི་རྒྱུད་དེའི་རྒྱབ་ངོས་སུ་ཆགས་པའི་བོད་མཐོ་སྒང་གི་ས་ཁུལ་དེ་ནི་གཤམ་འོག་རྒྱལ་ཁབ་ཁག་གི་གཙང་ཆུ་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད་པ་དང་། བོད་མཐོ་སྒང་ནང་རྒྱུག་བཞིན་པའི་རྒྱུག་ཆུ་དེ་དག་གི་ཐོག་ལ་མང་ཚོགས་ཐེར་འབུམ་མང་པོའི་འཚོ་རྟེན་ཆགས་ཡོད་རེད། དེར་བརྟེན་ཁྱེད་རང་ཚོ་ཧི་མཱ་ལ་ཡའི་ཚོགས་པའི་ངོས་ནས་རི་འཛེགས་རྒྱུ་ཁོ་ན་མིན་པར་ཁོར་ཡུག་སྲུང་སྐྱོབ་ཐད་ལ་འགན་བཞེས་དགོས་པ་དང་། དེ་བཞིན་ཁྱེད་ཚོ་ཧི་མཱ་ཡ་ལའི་རི་རྒྱུད་དེ་དག་ལ་བསྐྱོད་སྐབས་ས་ཁུལ་དེའི་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་དང་ནགས་ཚལ་སྲུང་སྐྱོབ་བྱ་རྒྱུ་སོགས་ཀྱི་ཐོག་ལ་སྐུལ་ལྕག་དང་གོ་རྟོགས་སྤེལ་དགོས་ཞེས་བཀའ་ནན་བསྩལ་འདུག དེ་བཞིན་ཉེ་སྔོན་རྒྱ་གཞུང་གི་ཁོར་ཡུག་མཁས་དབང་ཞིག་ནས་འདས་པའི་དུས་ཡུན་ནང་བོད་མཐོ་སྒང་ཁོར་ཡུག་གི་འགྱུར་ལྡོག་དེ་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེ་གཉིས་ལས་ཆེ་བ་འགྲོ་གྱི་ཡོད་སྐོར་བཤད་པ་ལུང་འདྲེན་དང་འབྲེལ། ཁྱེད་རང་ཚོ་ཧི་མཱ་ལ་ཡའི་རི་རྒྱུད་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་དམིགས་བསལ་གྱི་དོ་སྣང་ཆེ་ཙམ་བྱེད་དགོས་ཞེས་ལམ་སྟོན་མཛད་འདུག བོད་ཀྱི་གཙང་ཆུ་ཆེ་ཁག་བོད་ནས་རྒྱ་གར་ནང་དུ་རྒྱུག་བཞིན་ཡོད་སྟབས། རྒྱ་གར་བ་ཚོར་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐོག་སེམས་ཚོར་སྟོན་རྒྱུའི་ཐོབ་ཐང་ཡོད་པ་རེད། དེས་ན་ཁྱེད་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་འགན་བཞེས་དགོས་ཞེས་བཀའ་བསྩལ་ཡོད། གཞན་ཡང་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་ལ་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པ་དེ་དག་ནི་འགྲོ་བ་མི་རྣམས་གཅིག་འགྱུར་ཡིན་པའི་འདུ་ཤེས་དེ་རིམ་པ་དང་པོར་མ་བཞག་པའི་རྐྱེན་གྱིས་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་འདུག རྩ་བའི་ཧི་མཱ་ལའི་ཚོགས་པ་དེ་ནི། ཕྱི་ལོ་ ༡༩༢༨ ལོར་ཆེད་བཙུགས་གནང་ཞིང་། ད་ལྟའི་ཆར་དབུས་ལས་ཁུངས་དེ་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ནང་དུ་ཡོད་པ་དང་། ཚོགས་པའི་ལས་དོན་གཙོ་བོ་ནི་ཧི་མཱ་ལ་ཡའི་ཁུལ་གྱི་རི་འཛེགས་དང་འབྲེལ་བ་ཆགས་ཡོད་པ་རེད།    

༸གོང་ས་མཆོག་གིས་ BJP ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་གྲས་སྐུ་ཞབས་ LK Advani མཆོག་དང་མཇལ་འཕྲད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༢༥ ཉིན་རྒྱབ་ཚོུད་ ༤། པའི་སྟེང་རྒྱ་གར་གྱི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་གྲས་དེ་སྔ་སྲིད་བློན་གཞོན་པ་གནང་མྱོང་མཁན་སྐུ་ཞབས་ LK Advani མཆོག་དང་མཇལ་འཕྲད་མཛད་ནས་ལྷན་རྒྱས་ཚོུད་གཅིག་ཙམ་རིང་ལ་བཀའ་མོལ་གནང་འདུག དེ་རིང་རྒྱ་གར་གྱི་ Dainik Bhaskar གསར་ཁང་ནས་དེ་དོན་གསར་འགྱུར་སྤེལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཚེས་ ༢༥ ཉིན་རྒྱབ་ཏུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་བསྟུན། གནམ་ཐང་ནས་ཐད་ཀར་སྐུ་ཞབས་ LK Advani མཆོག་གི་བཞུགས་གནས་སུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང། ལྷན་རྒྱས་མཇལ་འཕྲད་དེའི་སྐབས་སྐུ་ཞབས་ཨཌ་ཝ་ནི་མཆོག་གི་བོུ་ལྕམ་ Pratibha Advani ལགས་ཀྱང་བཅར་ཡོད་པ་རེད་འདུག གཞན་ཡང་ཐེ་ཝན་གྱི་ Cetral news agency གསར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ལྷན་རྒྱས་མཇལ་འཕྲད་སྐབས་༸གོང་ས་མཆོག་གིས་དེ་གར་འདུས་པའི་གསར་འགོད་པ་ལ་མགོན་པོ་༸གང་ཉིད་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་རྒྱུན་རིང་ཤོས་ཤིག་ཡིན་པར་བཀའ་བསྩལ་བ་དང་འབྲེལ། ད་རེས་མགོན་པོ་མཆོག་ནས་༸སྐུའི་མཛའ་གྲོགས་རྙིང་པ་ཞིག་དང་མཇལ་འཕྲད་ཆེད་དུ་ཕེབས་ཡོད་པ་བཀའ་གནང་འདུག གསར་ཁང་དེ་ནས་མུ་མཐུད་གནས་ཚུལ་སྤེལ་བར་སྐབས་དེར་བོད་མིའ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཕེབས་ཡོད་པ་གསུངས་འདུག སང་ཉིན་ཕྱི་ཚེས་ ༢༧ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཕུལ་བྱུང་ཤེས་ཡོན་མི་སྣར་ངོས་འཛིན་ཞུ་བཞིན་པ་སྐུ་ཞབས་ ML Sondhi དམ་པ་རྗེས་དྲན་གྱི་ཐེབས་རྩ་ཁང་ནས་འདི་ལོའི་ཆེ་བསྟོད་གཟེངས་རྟགས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་རྒྱུ་དང་། དེ་ནས་མགོན་པོ་མཆོག་གིས་ཕྱི་ནང་གི་ཤེས་ཡོན་མི་སྣ་ཁག་ཅིག་དང་ལྷན་དུ་ཀུན་ཁྱབ་འགན་འཁུར་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཚོགས་འདུར་དབུ་བཞུགས་མཛད་ཀྱི་འདུག

འདི་ལོའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་རྗེས་དྲན་གྱི་གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་གཏན་འཁེལ་འདུག

རྒྱ་གར་གྱི་ཕུལ་བྱུང་ཤེས་ཡོན་མི་སྣར་ངོས་འཛིན་ཞུ་བཞིན་པ་སྐུ་ཞབས་ ML Sondhi དམ་པ་དེ་ཉིད་རྗེས་དྲན་གྱི་འདི་ལོའི་ཆེ་བསྟོད་གཟེགས་རྟགས་དེ་བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་གཏན་འཁེལ་འདུག ཆེ་བསྟོད་གཟེངས་རྟགས་དེ་ནི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་དམ་པ་དེ་ཉིད་རྗེས་དྲན་ཞུ་ཆེད་དུ་བཙུགས་གནང་པ་སོན་དྷི་ཐེབས་རྩ་ཁང་དང་དེ་བཞིན་དམ་པ་དེ་ཉིད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ལྟེ་གནས་ཁང་ཟུང་འབྲེལ་ཐོག་ཟླ་ ༤ ཚེས་ ༢༧ ཉིན་འབུལ་གཏན་འཁེལ་འདུག དེའང་རྐང༸གོང་ས་མཆོག་གིས་རྒྱ་གར་དང་འབྲེལ་ནས་འཛམ་གླིང་སྤྱིའི་ཆབ་སྲིད་ཐོག་མཛད་འཕྲིན་བླ་ན་མེད་པ་བསྐྱངས་ཡོད་པར་ཆེ་བསྟོད་ངོས་འཛིན་ཞུ་ཆེད་དུ་རེད་འདུག གཞི་རྩའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་ལགས་དམ་པ་དེ་ཉིད་ནི་རྒྱ་གར་གྱི་ཕུལ་བྱུང་ཤེས་ཡོན་མི་སྣ་ཞིག་ཆགས་ཡོད་པ་ཁོང་གི་སྐུ་ཚེ་ཧྲིལ་པོ་དེའི་ནང་རྒྱ་གར་གཞུང་དང་གྲོས་ཚོགས། དེ་བཞིན་འཛམ་གླིང་རྒྱལ་ཚོགས་སུ་རྒྱ་གར་གྱི་སྐུ་ཚབ་འཐུས་མི་སོགས་གནང་འདུག་པ་མ་ཟད། སྐུ་ཚེ་སྨད་ལ་རྒྱ་གར་གྱི་སྙན་གྲགས་ཆེ་བའི་ JNU གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོའི་མཛད་འགན་སོགས་བཞེས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཤེས་ཡོན། དཔལ་འབྱོར་སོགས་ཀྱི་ཐོག་ནས་ཞབས་འདེགས་རྒྱ་ཆེ་ཞུས་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཉིན་གུང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་མཛད་འཆར་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་མགོན་པོ་༸གང་ཉིད་མཆོག་དེ་རིང་ཉིན་རྒྱབ་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་བསྟུན་ཉིན་གསུམ་རིང་བཞུགས་ཞག་མཛད་ཀྱི་ཡོད་པ་དང་དེའི་ཁྲོད་གཙོ་བོ་སོན་དྷི་ཐེབས་རྩ་ཁང་ནས་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་དང་། དེ་རྗེས་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ནང་གི་ཤེས་ཡོན་མི་སྣ་ཁག་ཅིག་དང་ལྷན་དུ་ Secular Ethics འམ་ཆོས་དང་འབྲེལ་བའི་བཟང་སྤྱོད་ཀྱི་ཚོགས་འདུའི་ཐོག་དབུ་བཞུགས་མཛད་ཀྱི་ཡོད་པ་སོགས་གསུང་སོང་། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་སྐུ་ཞབས་ཨེམ་ཨེལ་སོན་དྷིའི་དམ་པ་དེ་ཉིད་རྗེས་དྲན་གྱི་ཆེ་བསྟོད་གཟེགས་རྟགས་དེ་དང་ལྷན་ཧིན་སྒོར་འབུམ་གཅིག་མ་གཏོགས་མེད་ཀྱང་། གཟེངས་རྟགས་དེ་ལ་རྒྱ་གར་རྒྱལ་ཡོངས་ནང་གི་ཤེས་ཡོན་ཅན་དང་མཁས་པ་མང་པོས་གདེང་འཇོག་དང་རིན་ཐང་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་རེད།

༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ཕུལ་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་ལ་མི་མང་གི་མཚན་རྟགས་བསྡུ་རུབ་འཁོད་པའི་སྙན་ཞུ་ཞིག་གི་བརྒྱུད་རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་ཕུལ་དགོས་པའི་དགོས་འདུན་བཏོན་བཞིན་འདུག དེ་ཡང་ཞུ་སྙན་དེ་སྔ་ལོ་ཕྱི་ཟླ་ ༡༢ ནང་ Change.org ཞེས་པའི་དྲ་གནས་ཐོག་སྦེང་ལོར་དུ་གནས་བཞུགས་བ་རྒྱ་གར་གྱི་སྨན་པ་སྐུ་ཞབས་ཨ་ཏུལ་ཀི་ཎི་ Atul Kini ལགས་ཀྱིས་དང་བླངས་ཐོག་ནས་དབུ་འཛུགས་གནང་པ་ཞིག་ཆགས་ཡོད། ཞུ་སྙན་དེའི་ནང་ཁོང་གིས་གཙོ་བོ་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་དུས་དེ་ནས་བཟུང་སྟེ་མགོན་པོ་༸གང་ཉིད་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མ་ཟད། འཛམ་གླིང་འདིར་ཞི་བདེ་བསྐྲུན་སླད་ཞབས་འདེགས་རླབས་ཆེན་སྒྲུབ་མཁན་ཞིག་ཡིན་པ་དང་། ལྷག་དོན་༸གོང་ས་མཆོག་རྒྱ་གར་ནང་དུ་བཞུགས་པའི་རིང་ལ་ཡུལ་དེའི་ཐུན་མོང་མ་ཡིན་པའི་དཔལ་ན་ལེནྡྲའི་ནང་པའི་ཆོས་བརྒྱུད་བསྐྱར་གསོ་མཛད་རྒྱུ་གཙོས་པའི་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་གོང་འཕེལ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་ཐད་ཐུགས་ཁུར་གཙོ་བཞེས་གནང་མཁན་ཞིག་ཡིན་པ་སོགས་ལུང་འདྲེན་དང་སྦྲགས།  སྲིད་བློན་ Narendra Modi མཆོག་གི་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུ་ཕྱིར་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ངེས་ཕུལ་དགོས་པའི་འབོད་སྐུལ་ཞུས་འདུག ད་ཆ་དྲ་ཐོག་ནས་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྙན་དེར་བོད་མི་ཚོ་གཙོས་པའི་ཧི་མཱ་ལ་ཡའི་རི་བརྒྱུད་དང་རྒྱ་གར་བཅས་ནས་ཁྱོན་མི་གྲངས་ ༢༤༠༠ བརྒལ་བས་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཟིན་འདུག་པ་དང་། ཞུ་སྙན་དེར་མང་ཚོགས་ ༢༥༠༠ ཡི་མཚན་རྟགས་བྱུང་མ་ཐག་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་ལ་ཐད་ཀར་འགྲོ་གྱི་ཡོད་པ་རེད་འདུག ད་ལན་ཞུ་སྙན་དེར་རྒྱབ་སྐྱོར་གནང་མཁན་ཕལ་ཆེ་བ་མ་གྲོས་བསམ་པ་གཅིག་མཐུན་གྱིས་༸གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ་ངེས་པར་དུ་ཐོབ་དགོས་པ་དང་རྒྱ་གར་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གིས་ད་བར་རྒྱ་གར་གཙོ་བོར་གྱུར་པའི་འཛམ་གླིང་ཀུན་ལ་ཞི་བདེ་བསྐྲུན་ཕྱིར་ཞབས་འདེགས་རླབས་ཆེན་བསྒྲུབས་དང་སྒྲུབ་མུས་ཁག་ལ་ངོས་བཞེས་དང་ཆེ་བསྟོད་ཞུ་དགོས་པར་ཚོར་ཤུགས་ཆེན་པོས་དགོངས་འཆར་ཕུལ་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གི་ཕྱག་དེབ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཕྱག་དེབ་དབུ་འབྱེད་མཛད་པའི་སྐབས་སུ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་ནས་རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ཕུལ་དགོས་པའི་དགོས་འདུན་བཏོནཡོད་པ་དང་། དེ་རྗེས་སྐུ་ཞབས་ཁོང་གི་དབུ་ཁྲིད་པའི་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་དེ་ཕུལ་དགོས་པའི་གྲོས་ཆོད་འཇོག་ཡོད་པ་མ་ཟད། ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ནས་ཀྱང་དེ་མཚུངས་ཀྱིས་གྲོས་ཆོད་གཏན་འབེབས་གནང་ཡོད།  

༸གོང་ས་མཆོག་གིས་ Louisville གྲོང་ཁྱེར་ནང་གི་ཆོས་ལུགས་མཐུན་སྒྲིལ་གྱི་དུས་སྟོན་ལ་འཚམས་འདྲིའི་ཕྱག་ཡིག་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ Kentucky མངའ་སྡེའི་ Louisville གྲོང་ཁྱེར་ནང་དུ་ཉིན་གྲངས་བཞིའི་རིང་འཚོགས་གཏན་འཁེལ་བའི་ཆོས་ལུགས་མཐུན་སྒྲིལ་གྱི་དུས་སྟོན་ཐོག་ལ་འཚམས་འདྲིའི་ཕྱག་ཡིག་བསྩལ་འདུག ཁ་སང་ Insider ཞེས་པའི་ Louisville ས་གནས་གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ཚེ་ Louisville གྲོང་ཁྱེར་ནང་དུ་སང་ཉིན་ཚེས་ ༡༩ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༢ བར་ཁུལ་དེར་ Festival of Faith ཞེས་ཆོས་ལུག་མཐུན་སྒྲིལ་གྱི་དུས་སྟོན་ཚོགས་ཀྱི་ཡོད་པ་དང་། ཁ་སང་ཚེས་ ༡༧ ཉིན་དུས་སྟོན་དེའི་སྔོན་འགྲོའི་མཛད་སྒོར་དུས་སྟོན་གོ་སྒྲིགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Owsley Brown ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་མཛད་པའི་འཚམས་འདྲིའི་ཕྱག་ཡིག་དེ་སྒྲོག་ལྗང་གནང་འདུག དེའི་ནང་༸གོང་ས་མཆོག་གིས་ད་ལན་ Louisville གྲོང་ཁྱེར་ནང་དུ་ Compassion : Shining like the Sun ཞེས་བྱམས་བརྩེའི་བརྗོད་གཞིའི་གཙོ་བོར་བཞག་པའི་ཐོག་ནས་མི་མང་ཕོན་ཆེ་ཞིག་འདུ་འཛོམས་གནང་གི་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་དུས་སྟོན་གོ་སྒྲིག་གནང་མཁན་ཚོར་འཚམས་འདྲི་གནང་པ་དང་འབྲེལ་ཏེ་༸གང་ཉིད་མཆོག་དུས་སྟོན་ཐོག་དངོས་སུ་དབུ་བཞུགས་མཛད་མ་ཐུབ་ཀྱང་། དུས་སྟོན་དེའི་བརྒྱུད་ནས་སྤྱི་ཚོགས་ཡར་རྒྱས་དང་ཕན་བདེ་སྒྲུབ་པའི་ཐབས་ཤེས་ཤིག་ཐུབ་པར་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་མཛད་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ཀྱི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད་པ་དང་། འགྲོ་བ་མི་ཡོངས་ནས་བདེ་སྐྱིད་དང་ཞི་བདེ། དེ་བཞིན་འཆམ་མཐུན་སོགས་གཅིག་མཚུངས་འདོད་ཀྱི་ཡོད་པ་བཀའ་བསྩལ་དང་འབྲེལ། ༸གོང་ས་མཆོག་གིས་ Louisville གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Greg Fischer ལགས་ནས་བྱམས་བརྩེའི་གྲོང་ཁྱེར་ཞིག་བསྐྲུན་ཐབས་གནང་བཞིན་པར་བསྔགས་བརྗོད་ཡོད་པ་བཀའ་བསྩལ་ཡོད། རྩ་བའི་དུས་སྟོན་དེའི་ཐོག་ཡི་ཤུ་དང་ཁ་ཆེ། ཇིའུ། ནང་པ། དེ་བཞིན་ཆོས་ལུགས་ལས་དོན་དང་འབྲེལ་བའི་གཞུང་འབྲེལ་མི་སྣ་དང་ལོ་རྒྱུས་སྨྲ་བ། སྒྱུ་རྩལ་བ་དང་གྲོས་ཚོགས་འཐུས་མི་བཅས་བརྗོད་གཞི་འདྲ་མིན་ཐད་ལ་གསུང་བཤད་གནང་མཁན་ཁྱོན་མི་གྲངས་ ༣༣ གདན་ཞུས་གནང་པའི་ཁོངས་སུ་སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དུས་སྟོན་གྱི་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་གཏན་འཁེལ་ཡོད་ཀྱང་། ༸སྐུའི་འཕྲོད་བཞེས་རྐྱེན་པས་མཛད་རིམ་དེས་གཙོས་པའི་ཨ་རི་ནང་གི་མཛད་འཆར་ཁག་ཅིག་དེ་སྔོན་ནས་ཕྱིར་ཐེན་གནང་དགོས་བྱུང་ཡོད་པ་རེད།

༸གོང་ས་མཆོག་གི་ཟླ་བ་རྗེས་མའི་མཛད་འཆར་ཁག་ཅིག་དུས་ཚོད་ངེས་མེད་བར་ཕར་འགྱངས་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༡ ནས་ ༢༥བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་གི་ནང་པའི་དད་ལྡན་པ་འཁོད་ཡུལ་ས་གནས་ཁག་མི་འདྲ་བ་བཅུ་ཙམ་གྱི་ནང་དུ་ཆིབས་བསྒྱུར་མཛད་འཆར་ཐུགས་གཏན་ཁེལ་ཡོད་ཀྱང་། དེ་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་དྲ་གནས་ཐོག་མཛད་འཆར་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༥ ཚེས་ ༡༡ ནས་ ༢༥ བར་ཀུ་ལུ་མ་ན་ལི་དང་ལ་ཧོལ། དེ་བཞིན་པི་ཏི་དང་ཀི་ནོར་སོགས་ཀྱི་མཛད་འཆར་དེ་བཞིན་དུས་ཚེས་ངེས་མེད་བར་ཕར་འགྱངས་གནང་ཡོད་ཅིང་མི་དམངས་ལ་དོ་ཕོག་བྱུང་ཡོད་ཚེ་བཟོད་གསོལ་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་བའི་དེ་སྔའི་མཛད་འཆར་ལ་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ཀུ་ལུ་མ་ན་ལིར་ཡོད་པའི་རྙིང་མ་པ་དགོན་པར་ཚེ་དཔག་མེད་ཀྱི་ཚེ་དབང་བསྩལ་རྒྱུ་ཡིན་པ་དང་། ཚེས་ ༡༤ དང་ ༡༥ བཅས་སུ་ཇིས་པར་སྤྱོད་འཇུག་ཆེན་མོ་དང་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་རྒྱུ། དེ་རྗེས་ཚེས་ ༡༦ ཉིན་གར་ཤ་འཕགས་པར་སྤྱན་རས་གཟིགས་ཕྱག་བཞིའི་རྗེས་གནང་དང་། ཚེས་ ༡༧ དང་ ༡༨ བཅས་སུ་བྲང་དཀར་རུ་ལམ་རིམ་བསྡུས་དོན་གྱི་གསུང་ཆོས། ཕྱི་ཚེས་ ༡༩ ཉིན་སྤྱན་རས་གཟིགས་ཀྱི་དབང་དང་། ཚེས་ ༢༠ དང་ ༢༡ བཅས་སུ་ཏ་པོ་དང་ཅང་མགོ་ས་གནས་སུ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་འབྲེལ་བསྩལ་གཏན་ཁེལ་ཡོད་པ་རེད། ཕྱི་ཟླ་ ༥ ཚེས་ ༢༢ ཉིན་སྤུ་ས་གནས་སུ་ཆིབས་བསྒྱུར་དང་། དེ་བཞིན་ཚེས་ ༢༣ ནས་ ༢༥ བར་ཁལ་པར་ཆིབས་བསྒྱུར་གྱིས་སྒྲོལ་དཀར་ཚེ་དབང་དང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་མཛད་འཕྲིན་བསྐྱང་གཏན་ཁེལ་ཡོད་པ་རེད།    

༸གོང་ས་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་གཉིས་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཆིབས་སྒྱུར་མཛད་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༡ ནས་ཁ་སང་ཚེས་ ༡༡ བར་ཁྱོན་ཉིན་གྲངས་ ༡༡ རིང་རྒྱ་གར་བྱང་ཤར་ Assam དང་ Arunachal མངའ་སྡེ་གཉིས་ནང་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་ཐོག་ཚོུད་ ༡༡།༠༠ ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་སོང་། དེ་ཡང་སྔ་དྲོ་ཚོུད་ ༡༠།༠༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་ཕེབས་བསུ་རྒྱས་པ་གོ་སྒྲིག་དང་སྦྲགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་རྡ་སའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། དེ་བཞིན་བཞུགས་སྒར་གྱི་ཕེབས་ལམ་གཡས་གཡོན་དུ་ས་གནས་བོད་རིགས་དང་རྒྱ་གར་གྱི་ཡུལ་མི། དེ་བཞིན་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་མ་བཅས་དད་ལྡན་མང་ཚོགས་ཚོས་ཕྱག་ཏུ་དཀར་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང། གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་དང་སྦྲགས་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་ཐོག་མར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊི་དང་དིབ་རུ་གར་གཉིས་སུ་ཆིབས་བསྒྱུར་མཛད་ནས་དིབ་རུ་གར་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་བཀའ་སློབ་བསྩལ་བ་དང་། དེ་བཞིན་ས་གནས་བོད་རིགས་མི་དམངས་ལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། ཕྱི་ཚེས་ ༤ ནས་དབུ་འཛུགས་ཀྱིས་ཚེས་ ༡༡ བར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེའི་ འབུམ་སྡེ་ལ།  སྡི་རང་། རྟ་དབང་བཅས་ཀྱི་དད་ལྡན་མང་ཚོགས་ཁྲི་ཚོ་ལྷག་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེ་བསྩལ་ཡོད་པ་རེད། མགོན་པོ་མཆོག་གི་ཐེངས་འདིའི་རྒྱ་གར་བྱང་ཤར་མངའ་སྡེ་གཉིས་ནང་གི་མཛད་འཆར་ཁྲོད་ Assam མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་དང་དེ་བཞིན་ Arunchal མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་མངའ་སྡེའི་གཞུང་འབྲེལ་ཆེས་མཐོའི་དཔོན་རིགས་མང་དག་ཞིག་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། ཁྱད་པར་དུ་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་སྡི་རང་ས་གནས་སུ་ཆེད་བཅར་ཞུས་ནས་༸གོང་ས་མཆོག་གི་མཇལ་ཁ་ཡང་ཞུས་ཡོད་པ་རེད།      

༸གོང་ས་མཆོག་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྟ་དབང་ནས་ཆིབས་ཞལ་བསྒྱུར་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་ཟླ་ ༤ ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཟླ་ ༤ ཚེས་ ༡༡ བར་ཁྱོན་ཉིན་གྲངས་ ༡༠ རིང་གི་མཛད་འཕྲིན་ཁག་ལེགས་གྲུབ་མཛད་ནས་དེ་རིང་སྔ་དྲོ་ཚོུད་ ༩།༠༠ སྟེང་མགོན་པོ་༸གང་ཉིད་མཆོག་རྟ་དབང་ནས་ཐད་ཕུར་གནམ་གྲུ་བརྒྱུད་གྷོ་ཧ་ཊི་དང་དེ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་སོང་། རྩ་བའི་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ནས་ཆིབས་ཞལ་མ་བསྒྱུར་གོང་དུ་རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་གླིང་དུ་མགོན་པོ་མཆོག་ལ་ཕེབས་སྐྱེལ་དང་མཐོན་མཇལ་ཞུ་བར་བཅར་མཁན་འབྲུག་པ་དང་ས་གནས་ཀྱི་མོན་པའི་མང་ཚོགས་ཆེས་དུ་མ་འདུ་འཛོམས་བྱུང་ཡོད་པ་དེ་དག་ལ་མགོན་པོ་༸གང་ཉིད་མཆོག་གིས་སྐར་མ་བརྒྱད་ཙམ་རིང་ལ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་སོང་། སྐབས་དེར་མགོན་པོ་མཆོག་གིས་མོན་པའི་མང་ཚོགས་ཚོའི་དད་པ་དང་དམ་ཚིག དེ་བཞིན་ལ་རྒྱ་གཡོ་བ་མེད་པ་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ཐུགས་ཧ་ཅང་དགྱེས་ཚོར་བྱུང་སྐོར་བཀའ་བསྩལ་དང་ཆབས་ཅིག མང་ཚོགས་ཀྱི་ངོས་ནས་ནང་ཆོས་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་དང་། ༸གོང་ས་མཆོག་ལ་ཆ་མཚོན་ན་ད་ལྟ་དགུང་གྲངས་ ༨༢ ལ་ཕེབས་ཟིན་ཀྱང་ད་དུང་སློབ་མ་ཞིག་ཡིན་པའི་འདུ་ཤེས་ཐོག་ནས་ནང་ཆོས་ལ་སློབ་གཉེར་གནང་བཞིན་ཡོད་པ་བཀའ་བསྩལ་སོང་། དེས་ན་མོན་པའི་མང་ཚོགས་ཚོས་ཀྱང་དེ་དེ་བཞིན་ནང་པའི་ལྟ་གྲུབ་ལ་དོ་སྣང་དང་བགྲོ་གླེང། དེ་བཞིན་སློབ་གཉེར་བྱེད་དགོས་ཞེས་བཀའ་ནན་བསྩལ་ཡོད། ༸གོང་ས་མཆོག་གིས་དེ་བཞིན་འབྲུག་གི་དད་ལྡན་ཆོས་ཞུ་བ་ཚོར་འབྲུག་པའི་རྒྱལ་ཁབ་དེ་འཛམ་གླིང་འདིའི་སྟེང་གི་རང་དབང་ལུང་པའི་ཁྲོད་ནས་ནང་པ་སངས་རྒྱས་པའི་ཆོས་ལྡན་ཞིང་ཁམས་ཀྱི་རྒྱལ་ཁབ་གཅིག་པོ་དེ་ཡིན་པ་དང་། བོད་དང་འབྲུག་ལ་ཆ་མཚོན་ན་གནའ་སྔ་མོ་ནས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་རེད། སྐབས་རེ་འཁྲུག་པ་ཕྲན་བུ་རྒྱབ་ཀྱི་ཡོད་ཀྱང་། བོད་དང་འབྲུག་གཉིས་པོ་བུ་རྒན་གཞོན་ལྟ་བུ་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། ད་ལྟའི་འབྲུག་གཞུང་དེ་ཕྱི་དངོས་པོའི་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་དེ་མཚུངས་རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་ལམ་དང་ལུགས་སྲོལ་ལྟར་གནང་པ་ཙམ་མིན་པར་དོན་དངོས་ཐོག་སློབ་གཉེར་གནང་དགོས་གལ་ཡིན་པ་སོགས་བཀའ་བསྩལ་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༣ ཚེས་ ༣༡ ཉིན་ནས་ཐོག་མར་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེ་གྲོང་ཁྱེར་གྷོ་ཧ་ཊི་དང་དེ་བཞིན་སྡིབ་རུ་གར་ས་གནས་གཉིས་ཀྱི་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་བ་དང་། དེ་བཞིན་ཟླ་ ༤  ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་ཨ་རུ་ནཱ་ཅལ་མངའ་སྡེའི་བསྟན་འཛིན་སྒང་དང་འབུམ་སྡེ་ལ།  སྡི་རང་། རྟ་དབང་བཅས་ཀྱི་མང་ཚོགས་ཚོར་བཀའ་ཆོས་དང་། གསར་བཞེངས་བྱུང་བའི་དགོན་སྡེ་སོགས་ལ་དབུ་འབྱེད་རབ་གནས་གནང་པ་དང་། མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད།

Latest news