Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཧེ་དར་བྷ་ཏི་གྲོང་ཁྱེར་ནང་༸གོང་ས་མཆོག་གི་མཚན་ཐོག་ཏུ་བཟང་སྤྱོད་ལྟེ་གནས་ཁང་ཆེད་འཛུགས་གནང་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ནུབ་ Telangana མངའ་སྡེའི་གྲོང་ཁྱེར་ཧེ་དར་བྷ་ཏི་ནང་ Dalia Lama Center for  Ethics ཞེས་ཏཱ་ལའི་བླ་མའི་བཟང་སྤྱོད་ལྟེ་གནས་ཁང་ཆེད་འཛུགས་གནང་རྒྱུའི་ས་གནས་སུ་རབ་གནས་མཛད་ཡོད་པ་རེད། ཁ་སང་ཟླ་ ༢ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་ཡུལ་གྱི་ལྷོ་ཨེ་ཤ་ཡའི་ཏཱ་ལའི་བླ་མའི་བཟང་སྤྱོད་ལྟེ་གནས་ཁང་ཡན་ལག་ཆེད་འཛུགས་གནང་རྒྱུ་དེའི་ལས་འཆར་ནི། ཨ་རིའི་ནང་རྟེན་གཞི་བྱས་པའི་ Massachusetts Institute of Technology འཕྲུལ་རིག་ལྟེ་གནས་ཁང་དང། Telangana མངའ་སྡེ་གཞུང་གཉིས་ཐོུང་གིས་ཆེད་འཛུགས་ཞུ་རྒྱུའི་ལས་འཆར་ཞིག་ཡིན་པ་དང། ལས་འཆར་དེའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ Telangana མངའ་སྡེ་སྤྱི་ཁྱབ་བློན་ཆེན་གཞོན་པ་ Mohammad Mahmood Ali མཆོག་དང་། Telangana མངའ་སྡེ་སྲིད་སྐྱོང་། ESL Narasimhan མཆོག ལྟེ་གནས་ཁང་ཆེད་འཛུགས་གནང་མཁན་སྐུ་ཞབས་ Tenzin Priyadarshi ལགས་བཅས་ཀྱིས་གཙོས་པའི་མང་ཚོགས་༡༠༠༠ ལྷག་འདུ་འཛོམས་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་མཛད་སྒོའི་སྐབས་ཐོག་མར་མང་ཚོགས་ལ་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེ་ཡིན་པར་བཀའ་སྩལ་བ་དང་འབྲེལ། འཛམ་གླིང་འདིའི་སྟེང་ཡོད་པའི་རྒྱལ་ཁབ་ཀྱི་རྒྱལ་པོ་དང་རྒྱལ་མོ་ཡིན་ནའང་འདྲ། ཆོས་ལུགས་ཀྱི་དབུ་ཁྲིད་དང་ཡང་ན་སྤྲང་པོ་ཞིག་ཡིན་ཀྱང་ཆེས་ཐོག་མ་མ་ལས་བཙལ་བ་ནས་མཐར་ཤི་དགོས་པ་ནི་གཅིག་མཚུངས་ཡིན་སྟབས།  ཚང་མས་ཆོས་ལུགས་དང་རྒྱལ་ཁོངས། ལྟ་གྲུབ། མི་རིགས་དབྱེ་འབྱེད་ཀྱི་ཀུན་སློང་དེ་དོར་ཏེ་འགྲོ་བ་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་རྒྱུ་ནི་དེང་གི་དུས་རབས་དང་ཆེས་མཐུན་པའི་གནད་ཆེ་ཡིན་པར་ལམ་སྟོན་མཛད་འདུག ཁྱད་པར་དུ་༸གང་ཉིད་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་བསྔགས་བརྗོད་གནང་པ་དང་འབྲེལ་ཏེ་རྒྱལ་ཁབ་གཞན་ཚོས་ཀྱང་སྒྲོམ་གཞི་དེ་ནས་མིག་དཔེ་བླངས་དགོས་ཞེས་བཀའ་ནན་བསྩལ་འདུག དེ་བཞིན་མ་འོངས་པར་རྒྱལ་ཁབ་ཁྱོན་ཡོངས་མཐུན་ཚོགས་གཅིག་གི་སྒྲོམ་གཞི་འོག་གནས་ནས་འཛམ་གླིང་འདི་དམག་དོན་མཚོན་ཆ་གཅིག་ཀྱང་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་དང། འཛམ་གླིང་འདིའི་ཐོག་འཕྲད་བཞིན་པའི་ངལ་བ་དེ་དག་ཕན་ཚུན་དབར་འཚེ་བ་མེད་པའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་གལ་ཡིན་པ་དང་། དེའང་དོན་དངོས་དང་མཐུན་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་རེད་ཅེས་བཀའ་སྩལ་རྒྱ་ཆེ་ཕེབས་ཡོད་པ་རེད། གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་ལ་ཡོད་པའི་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ལེགས་བྱང་ཞིག་ཡིན་པ་དང་། སྐབས་རེ་ཆོས་ལུགས་ཕན་ཚུན་དབར་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད་ཀྱང་། རྒྱ་གར་ནང་ད་བར་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་རྣམས་ཕན་ཚུན་བརྩི་བཀུར་དང་ཞི་བདེའི་ཐོག་ངང་མཉམ་གནས་གནང་བཞིན་པ་འདི་ནི་འཛམ་གླིང་ཁྲོད་ཆེས་མིག་དཔེ་འོས་པའི་རྒྱལ་ཁབ་ཅིག་ཡིན་པར་བསྔགས་བརྗོད་དང་འབྲེལ། ད་ལྟའི་དུས་སྐབས་འདིར་རྒྱ་གར་གྱི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་དེར་དོ་སྣང་མང་ཙམ་བྱེད་དགོས་ཞེས་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Andhra Pradesh དང་ Telengana མངའ་སྡེ་གཉིས་ཀྱི་གཞུང་ནས་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཁ་སང་གྲོང་ཁྱེར་Hyderbad ནང་ཏཱ་ལའི་བླ་མའི་བཟང་སྤྱོད་ལྟེ་གནས་ཁང་ཞེས་པ་ཆེད་འཛུགས་གནང་རྒྱུའི་ས་གནས་སུ་རབ་གནས་དང་མང་ཚོགས་ལ་བཀའ་སློབ་མ་སྩལ་གོང་ཟླ་འདིའི་ཚེས་ ༡༡ ཉིན་གྲོང་ཁྱེར་ཧེ་དར་བྷ་ཏི་ནང་རྟེན་གཞི་བྱས་པའི་ Sardar Vallabhbhai Patel National Police Academy  ཞེས་པར་རྒྱ་གར་ཉེན་རྟོག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་རྒྱ་གར་གནའ་བོའི་རིག་གཞུང་ལས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་པོའི་བརྒྱུད་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གནད་ཆེ་ཡིན་པ་དང། ལྷག་དོན་རྒྱ་གར་གྱི་ཉེན་རྟོག་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་དྲང་པོ་དང་ལྷག་བསམ་རྣམ་དག་གིས་ཡུལ་ཁྲིམས་སྲུང་སྐྱོབ་དང།  ཉམ་ཐག་མི་མང་ཚོར་མགོན་སྐྱབས་བྱེད་ཐུབ་པ་ཞིག་བྱེད་དགོས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༢ ཚེས་ ༣ ཉིན་ནས་ཁ་སང་བར་ཁྱོན་ཉིན་གྲངས་ ༡༠ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང། ལྷོ་ནུབ་ Andhra predesh དང་ Telengana མངའ་སྡེ་གཉིས་ཀྱི་ནང་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་དང། བཀའ་སློབ། མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ། དེ་བཞིན་ཨ་མྲ་ཝ་ཏི་གྲོང་ཁྱེར་དུ་ཚོགས་པའི་རྒྱ་གར་རྒྱལ་ཡོངས་བེུད་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་མཛད་སྒོར་དབུ་བཞུགས་ཀྱིས་ལམ་སྟོན་གནང་པ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དྷ་རྨ་ས་ལར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

དུས་རབས་ ༢༡ པའི་མགོ་སྟོད་འདིར་བེུད་ཚོས་བྱམས་བརྩེ་གོང་འཕེལ་ཐད་འགན་འཁུར་ཆེ་ཙམ་བཞེས་དགོས་པར་ལམ་སྟོན་བསྩལ་བ།

རྒྱ་གར་གྱི་ལྷོ་ནུབ་ Andhra མངའ་སྡེ་གཞུང་དང་གྲོས་ཚོགས་ཀྱིས་གོ་སྒྲིག་འོག་ཁུལ་དེའི་གྲོང་ཁྱེར་Amravati ནང་རྒྱལ་ཡོངས་བེུད་གྲོས་ཚོགས་ ༢༠༡༧ ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་གར་གྱི་བེུད་ཆིག་ཁྲི་བརྒལ་བའི་ཚོགས་ཆེན་རྒྱས་འཛོམས་ཐེངས་དང་པོ་ཞིག་བསྐོང་ཚོགས་གནང་ཡོད་པ་རེད། དེ་རིང་ཟླ་ ༢ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཐོག་ཚོགས་ཆེན་གྱི་ཉིན་དང་པོའི་སྐུ་མགྲོན་ཁོངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་གཞུང་གི་དྲིལ་བསྒྲགས་དང་གྲོང་སྡེ་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ M Venkaiah Naidu མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Chandrababu Naidu མཆོག་དང་། Bangladesh གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ S Sharmin Chaudhury མཆོག་སོགས་ཕྱི་ནང་གི་གཞུང་འབྲེལ་དཔོན་རིགས་དང་གློག་བརྙན་འཁྲབ་སྟོན་པ་སོགས་གདན་ཞུ་ཕུལ་དོན་ལྟར་༸གོང་ས་མཆོག་གིས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ལམ་སྟོན་བཀའ་སློབ་བསྩལ་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ National Women’s Parliament 2017 འམ་རྒྱ་གར་རྒྱལ་ཡོངས་ནང་གི་མཐོ་རིམ་སློབ་གཉེར་དང་འགན་འཁུར་སྣེ་ཁྲིད་སོགས་གནང་བཞིན་པའི་བེུད་ཆིག་ཁྲི་བརྒལ་བར་བླང་དོར་བཀའ་སློབ་བསྩལ་བའི་ཁྲོད། མགོན་པོ་མཆོག་གིས་བེུད་ཀྱི་ལྷན་སྐྱེས་ཀྱི་ཡོན་ཏན་དང་རང་བཞིནདང་དེ་མཚུངས་ནུས་སྟོབས་སྐོར་བཀའ་བསྩལ་གནང་པ་དང་སྦྲགས། བེུད་རྣམས་ལུས་ཀྱི་སྒྲུབ་ཆའི་ཆ་ནས་མིའི་བྱམས་པ་དང་བརྩེ་བའི་རིན་ཐང་གོང་འཕེལ་གཏོང་རྒྱུའི་ནུས་པ་ཆེ་བ་ཡོད་སྟབས། ད་ལྟ་དུས་རབས་ ༢༡ མགོ་སྟོད་འདིར་བེུད་ཚོས་མིའི་གཞི་རྩའི་རིན་ཐང་དེ་དག་གོང་འཕེལ་ཡོང་བར་འགན་འཁུར་ཆེ་ཙམ་བཞེས་དགོས་པའི་ལམ་སྟོན་བསྩལ་སོང་། ༸གང་ཉིད་མཆོག་གིས་ད་དུང་༸རྒྱལ་བའི་ཡུམ་ཆེན་དམ་པ་མཆོག་ནས་༸སྐུ་ཉིད་ལ་ཁོང་ཁྲོའི་རྣམ་འགྱུར་རྩ་བ་ནས་བསྟན་མྱོང་མེད་སྟབས། མགོན་པོ་མཆོག་གིས་བྱམས་སྙིང་རྗེའི་ཉམས་ལེན་གྱི་དགེ་རྒན་ཆེས་ཐོག་མ་དེ་༸རྒྱལ་ཡུམ་དམ་པ་དེ་ཉིད་ཆགས་ཀྱི་ཡོད་པ་དཔེ་མཚོན་དང་འབྲེལ་ལམ་སྟོན་མཛད་ཡོད། ལྷག་པར་དུ་༸གོང་ས་མཆོག་གིས་དེ་གར་འདུས་པའི་བེུད་ཀུན་ལ་༸གང་ཉིད་མཆོག་གི་མཛད་འཁུར་རྣམ་གསུམ་ལས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་སྐོར་བཀའ་གནང་པ་དང་སྦྲགས། འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས། ཁྱེད་རྣམ་པས་དུས་ནམ་ཡང་ང་སྐྱོ་བོ་ཡིན་བསམ་པའི་བསམ་བློ་དེ་དོར་ཏེ་རང་ལ་བྱམས་བརྩེའི་གོང་འཕེལ་གྱི་ནུས་སྟོབས་སོགས་ཆེ་བ་ཡོད་སྟབས། ཡོན་ཏན་དེ་དག་དྲན་ནས་གདེང་སྤོབས་ཡོད་པའི་ཐོག་ནས་ལས་དོན་འདྲ་མིན་སྟེང་དཀའ་ལས་རྒྱག་རྒྱུ་ནི་ཤིན་ཏུ་གནད་ཆེ་ཡིན་པར་ལམ་སྟོན་བཀྲིན་རྒྱ་ཆེ་མཛད་ཡོད་པ་རེད། རྩ་བའི་དེ་རིང་སྔ་ཐོག་ Amravati ནང་ཚོགས་པའི་རྒྱལ་ཡོངས་བེུད་གྲོས་ཚོགས་ཞེས་པའི་ཚོགས་ཆེན་དབུ་འབྱེད་ཀྱིས་ཐོག་མར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Chandrababu Naidu མཆོག་དང་དབུས་གཞུང་གི་དྲིལ་བསྒྲགས་དང་གྲོང་སྡེ་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ M Venkaiah Naidu མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་སྔོན་དུ་ཞུ་བའི་ཐོག་ནས་ཚོགས་ཆེན་དང་འབྲེལ། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་དབུ་ཁྲིད་པའི་གཞུང་དང་དེ་བཞིན་མངའ་སྡེའི་གཞུང་གིས་བེུད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་མུས་ཐོག་ཚོགས་ཆེན་འདི་ལྟ་བུ་རྒྱ་གར་ཙམ་མ་ཟད། འཛམ་གླིང་གི་ལོ་རྒྱུས་ནང་འགོད་ཐུབ་པའི་གོམ་པ་མདུན་སྤོས་གནང་གལ་ཡིན་པ་སོགས་གསུང་བཤད་རྒྱ་ཆེ་གནང་ཡོད་པ་རེད། མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གིས་སང་ཉིན་ཚེས་ ༡༡ ཉིན་ Telengana མངའ་སྡེའི་རྒྱལ་ས་ Hydrabad ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཉེན་རྟོག་སྦྱོང་བསྡར་ལྟེ་གནས་ཁང་དུ་ཆིབས་བསྒྱུར་དང། དེ་བཞིན་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་གནང་མཛད་ཀྱི་འདུག

༸གོང་ས་མཆོག་གིས་ཡུ་ཊ་ནང་སྡོད་ཁྱིམ་མེད་པའི་མང་ཚོགས་ཚོར་ཨ་སྒོར་ ༢༥༠༠༠ ཞལ་འདེབས་བསྩལ་འདུག

ཁ་སང་ཟླ་ ༢ ཚེས་ ༩ ཉིན་ཨ་རིའི་ Utah མངའ་ཁུལ་གྱི་ SaltLakeTribune གསར་ཁང་གིས་གནས་ཚུལ་སྤེལ་བར། སྔ་ལོའི་ཕྱི་ ༦ པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Utah ནང་དུ་ཆིབས་བསྒྱུར་མཛད་པ་དང་བསྟུན། ཡུལ་དེའི་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་སྐབས་སུ་བསྡུ་རུབ་བྱུང་བའི་དངུལ་འབོར་ཡོངས་རྫོགས་ཁུལ་དེའི་ཉམ་ཐག་དང་དགོས་ངེས་ཅན་ལ་གནང་དགོས་པའི་བཀའ་བསྩལ་མཛད་དོན་ལྟར། ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ Utah ས་ཁུལ་གྱི་ Homeless People འམ་ཉམ་ཐག་སྡོད་ཁྱིམ་མེད་པའི་མི་མང་ཚོགས་ཀྱི་རྩོད་ལེན་པ་ལྕམ་ Pamela Atkinson ལགས་ལ་ཉམ་ཐག་དེ་དག་གི་ཆེད་དུ་ཨ་སྒོར་ ༢༥༠༠༠ ཞལ་འདེབས་བསྩལ་མཛད་ཡོད་པ་དང་། དེ་མིན་ཨ་སྒོར་ ༢༥༠༠༠ ཞིག་ཁུལ་དེའི་བྱིས་པའི་སྨན་ཁང་ལ་གསོལ་བསྩལ་གནང་ཡོད་པ་དང་དངུལ་འབོར་ལྷག་མ་རྣམས་ Utan བོད་ཀྱི་ཐེབས་རྩ་ཁང་ལ་གསོལ་བསྩལ་མཛད་འདུག ལྕམ་ Pamela Atkinson ལགས་ཀྱིས་ཉེ་སྔོན་ཁུལ་དེའི་སྡོད་ཁྱིམ་མེད་པའི་མི་མང་གི་གནད་དོན་དང་འབྲེལ་བའི་ཚོགས་འདུའི་ཐོག་༸གོང་ས་མཆོག་གིས་ཞལ་འདེབས་གནང་ཡོད་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་ནི་༸སྐུ་ཉིད་ཀྱི་མཛད་འཆར་དང་འབྲེལ་ལས་རིམ་ཁག་ལས་དངུལ་གྱི་ཁེ་ཕན་རྩ་བ་ནས་བཞེས་རྒྱུ་མེད་པར་ཕྱག་བསྟར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ་ཏེ་ཁོང་རྣམས་ནས་དངུལ་འབོར་དེ་དག་བེད་སྤྱོད་ལེགས་པོ་གནང་སྟེ་དེའི་སྐོར་༸གོང་ས་མཆོག་ལ་སྙན་གསེང་ཞུ་རྒྱུ་ཡིན་ཅེས་གསུངས་འདུག

༸སྐུའི་ཡང་སྲིད་ཐད་བདག་དབང་ཡོད་སྐོར་བཤད་བཞིན་པ་ནི་འགྲོ་ལུགས་དང་མཚུངས་ཀྱི་མེད་སྐོར་གསུངས་པ།

བོད་མིའི་སྒྲིག་འཛུགས་ཀྱི་ Brussels སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཁེ་ཉིན་ཚེས་ ༧ ཉིན་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་ལ་གལ་ཆེ་ཆགས་དགོས་དོན་ཞེས་པའི་བརྗོད་གཞི་ཐོག་མཁས་པའི་གསུང་བཤད་ཀྱི་ལས་རིམ་ཞིག་ཚོགས་པའི་ཁྲོད། ཡོ་རོབ་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པ་དང་གུ་ཡངས་ཚོགས་པ། དེབཞིན་ EPP དང་ S&D སོགས་ཆབ་སྲིད་ཚོགས་པ་ཆེ་གྲས་ཁག་ཅིག་གི་འཐུས་མི་སྐུ་ཞབས་ Thomas Mann མཆོག་དང་སྐུ་ཞབས་ Preda མཆོག གྲོས་ཚོགས་འཐུས་མི་ལྕམ་ Molly Scott Cato མཆོག་སོགས་ནས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་བ་དང་ཆབས་ཅིག དེང་སང་རྒྱ་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐོག་ལ་བདག་དབང་ཡོད་ཚུལ་བཤད་བཞིན་པ་ནི་བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གྱི་འགྲོ་ལུགས་དང་མཚུངས་ཀྱི་མེད་པ་མགྲིན་དབྱངས་གཅིག་ཏུ་གསུངས་འདུག

༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བྱུས་ཉམས་ཞིབ་མི་སྣ་ ༣༠༠ ལྷག་ལ་བཀའ་སློབ་བསྩལ་བ།

ཟླ་ ༢ ཚེས་ ༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཝི་ཝེ་ཀ་ནནྡཱ་རྒྱལ་སྤྱིའི་ཐེབས་རྩ་ཁང་ Vivekananda International Foundation ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་རྒྱ་གར་གྱི་བདེ་སྲུང་དང་།   ཚོང་འབྲེལ། ཕྱི་སྲིད་ལས་དོན།    བཟོ་གྲྭའི་བདག་གཉེར་དང་དེ་བཞིན་སྤྱི་ཚོགས་ཞབས་ཞུ་བ་སོགས་རྒྱལ་ཁབ་ཀྱི་འཛུག་བསྐྲུན་གོང་འཕེལ་དང་འབྲེལ་བའི་སྲིད་བྱུས་ཉམས་ཞིབ་པ་མི་གྲངས་ ༣༠༠ ལྷག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་འཛམ་བུ་གླིང་འདིར་འབྲེལ་བ་གང་ཡོད་སྐོར་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་  Vivekananda  མཆོག་ནས་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་གྲོས་ཚོགས་ཐོག་མར་དབུ་འཛུགས་བསྐྱངས་པའི་མཛད་འཕྲིན་ལུང་འདྲེན་གྱིས་ཁོང་ནི་ཕུགས་རྒྱང་རིང་པོའི་དགོངས་གཞི་ཡོད་པའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཏུ་ངོས་འཛིན་མཛད་ཀྱི་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ཁོང་གི་རྗེས་འཇུག་པ་ཚོས་རླབས་ཆེན་གྱི་དགོངས་གཞི་དེ་དག་ཚུལ་བཞིན་མཇུག་སྐྱོང་གནང་ཐུབ་ཀྱི་མེད་པ་བཀའ་གནང་པ་མ་ཟད།  ༸གང་ཉིད་མཆོག་ནི་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་སློབ་གཉེར་གནང་མཁན་གྱི་སློབ་ཕྲུག་ཞིག་ཡིན་པའི་ཆ་ནས་ཐོག་མར་བཙན་བྱོལ་དུ་འབྱོར་མ་ཐག་སྐབས་དེའི་སྲིད་བློན་དང་རྒྱ་གར་མི་མང་གི་བཀྲིན་ལ་བརྟེན་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་རྩ་ཆེ་བའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་ཐུབ་པའི་ལྟེ་གནས་གསར་འཛུག་ཐུབ་སྐོར་སོགས་ངོ་སྤྲོད་མཛད་ཡོད། དེང་སྐབས་ངས་ཚན་རིག་པ་དང་ཤེས་ལྡན་པའི་མི་སྣ་འདྲ་མིན་ཐུགས་འཕྲད་སྐབས་ལོ་མང་རིང་བདག་ཉར་བྱས་པའི་ནཱ་ལེནྡྲའི་ཤེས་ཡོན་དེ་དངོས་གནས་དེང་དུས་ཀྱི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་དང་། ལྷག་པར་དུ་དངོས་ཁམས་ཚན་རིག་དང་སེམས་ཁམས་རིག་པའི་རྣམ་གཞག་ལས་ནང་པའི་རིག་ལམ་གྱི་ཐོག་ནས་འགྲེལ་བཤད་རྒྱ་ཆེ་བ་དང་གཏིང་ཟབ་པ་བརྒྱབ་རྒྱུ་ཡོད་པ་མ་ཟད།དེང་སྐབས་ཚན་རིག་པ་ཚོས་རིག་གཞུང་དེར་དམིགས་བསལ་གྱི་དོ་སྣང་བྱེད་མུས་ཡིན་པ་རེད། དེས་ན་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་ནང་པ་ཙམ་མིན་པར་འགྲོ་བ་སྤྱི་ལ་ཕན་ཐོགས་པའི་ལེགས་བྱང་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་ཅེས་སོགས་ལམ་སྟོན་བཀའ་སློབ་བསྩལ་སོང་། ༸གོང་ས་མཆོག་གིས་ད་དུང་རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དང་། དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་ཏེ་བཟང་སྤྱོད་ཀྱི་རིན་ཐང་སྐོར་སློབ་གསོ་སྤེལ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་དང་། དེའང་བྱམས་སྙིང་རྗེའི་ལྟ་གྲུབ་ལས་བྱུང་བའི་རྒྱ་གར་གནའ་བོའི་རིག་གཞུང་དེ་དག་ཆོས་དང་མ་འབྲེལ་བའི་ཐོག་ནས་གོང་སྤེལ་གནང་ཐུབ་པ་ཡིན་ན། ཆོས་ཁས་ལེན་མིན་ཀུན་ལ་ཁྱབ་པའི་ལམ་སྟོན་བཟང་པོ་ཞིག་ཡོང་རྒྱུ་དང་། རྒྱ་གར་བ་ཚོས་དེའི་ཐོག་དམིགས་བསལ་གྱི་འགན་འཁུར་བཞེས་དགོས་པའི་ལམ་སྟོན་བཀའ་ནན་བསྩལ་ཡོད་པ་རེད། བཀའ་སློབ་ཀྱི་ལས་རིམ་དེ་གྲུབ་པའི་རྗེས་སུ་༸གོང་ས་མཆོག་གིས་རྒྱ་གར་བ་ཅིག་ནས་རྒྱ་ནག་འབྲེལ་བའི་བཀའ་འདྲི་ཞུས་པར་བཀའ་ལེན་སྩལ་བར་ངོས་རང་གིས་རྒྱ་ནག་དེ་རྒྱ་མི་རིགས་ལ་བདག་དབང་ཡོད་པ་མ་གཏོགས་དཔོན་པོ་རེ་གཉིས་ལ་བདག་དབང་ཡོད་པ་ཞིག་ལ་ངོས་འཛིན་གྱི་མེད་ཅེས་གསུངས་པ་དང་འབྲེལ། རྒྱ་ནག་མི་རིགས་ལ་ཆ་མཚོན་ན་རིག་གཞུང་ཡོད་པ་དང་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་རེད། རྒྱ་གཞུང་གི་ངོས་ནས་རིག་གནས་གསར་བརྗེའི་སྐབས་འཆར་གཞི་ལྡན་པའི་ཐོག་ནས་ནང་ཆོས་གཙོ་བོར་འགྱུར་པའི་ཆོས་ལུགས་ཚང་མ་རྩ་མེད་བཏང་ཡོད་ཀྱང་། དེང་སྐབས་རྒྱ་ནག་ནང་ལ་ནང་པའི་མི་འབོར་དེ་ས་ཡ་ ༤༠༠ ལྷག་ཆགས་ནས་འཛམ་བུ་གླིང་གི་ནང་པའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་པ་རེད།   ངོས་ཀྱིས་རྒྱུན་དུ་རྒྱ་ནག་གཞུང་གིས་ཁྲེག་འཛིན་སྲིད་བྱུས་དེ་དོར་དགོས་པ་དང་། དེ་བཞིན་རྒྱ་གར་གྱི་ངོས་ནས་ཀྱང་རྒྱ་ནག་གི་སློབ་ཕྲུག་སོགས་ཤེས་ཡོན་སྡེ་ཁག་དང་སྨན་པ་སོགས་ཆེད་ལས་མི་སྣ་ཕན་ཚུན་འགྲོ་འོང་གི་གོ་སྐབས་ཤིག་བསྐྲུན་ཐབས་གནང་གལ་ཡིན་པ་ལམ་སྟོན་བསྩལ་ཡོད་པ་རེད། ད་ལྟའི་སྲིད་འཛིན་ཞི་ཅིང་ཕིང་ལའང་རྒྱ་ནག་རང་གི་ཁེ་ཕན་ཆེད་སྲིད་བྱུས་གུ་ཡངས་འཛིན་རྒྱུ་གལ་ཆེན་པོ་གཟིགས་ཀྱི་འདུག་ཅེས་བཀའ་བསྩལ་སོང་བ་དང་། རྒྱ་ནག་གཞུང་གི་ངོས་ནས་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཡིད་ཆེས་དང་བརྩི་བཀུར་ཞུ་རྒྱུ་བཅས་ཀྱི་འོས་འགན་ཡོད་སྐོར་ལམ་སྟོན་རྒྱ་ཆེ་མཛད་ཡོད། ཁྱད་པར་དུ་༸གང་ཉིད་མཆོག་གི་ངོས་ནས་བོད་པའི་འཐབ་རྩོད་དེ་དྲང་བདེན་གྱི་སྟོབས་ཤུགས་དང་མེ་མདའི་སྟོབས་ཤུགས་ཀྱི་འཐབ་རྩོད་ལྟ་བུར་ངོས་འཛིན་གནང་གི་ཡོད་ལ། དེའང་གནས་སྐབས་རིང་མེ་མདའི་སྟོབས་ཤུགས་དེ་ནུས་པ་ཆེ་བ་ཡོད་ཀྱང་དྲང་བདེན་གྱི་སྟོབས་ཤུགས་དེ་མི་རབས་ནས་མི་རབས་བར་གནས་ངེས་རེད་ཅེས་བཀའ་སློབ་བཀྲིན་བསྩལ་གནང་ཡོད། རྩ་བའི་༸གོང་ས་མཆོག་ལྡི་ལིའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཡོད་པ་དང་དེ་རིང་རྒྱལ་ས་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད།

༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་རྒྱ་གར་ལྷོ་ནུབ་མངའ་སྡེ་གཉིས་ནས་གྲ་སྒྲིག་གཟབ་རྒྱས་ཞུ་བཞིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡིའི་ནང་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་རིམ་པས་རྒྱ་གར་ལྷོ་ནུབ་མངའ་སྡེ་གཉིས་སུ་ཆིབས་བསྒྱུར་བཀྲིན་བསྐྱང་གི་ཡོད་པ་ལྟར་ད་ལྟའི་ཆར་མངའ་སྡེ་གཞུང་གིས་གྲ་སྒྲིག་གཟབ་རྒྱས་ཞུ་བཞིན་ཡོད་པ་རེད་འདུག མཛད་འཆར་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནངས་ཟླ་ ༢ ཚེས་ ༡༠ ཉིན་Andhra མངའ་སྡེ་ནང་ཚོགས་གཏན་འཁེལ ་བའི་ the National Women’s Parliament-2017 འམ་ ༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་བེུད་གྲོས་ཚོགས་ཞེས་པའི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུུར་བསྐྱང་སྟེ་བླང་དོར་བཀའ་སློབ་བཀྲིན་བསྩལ་རྒྱུ་ཡིན་པ་རེད།  ཚོགས་ཆེན་དེ་ནི་རྒྱ་གར་ཡོངས་ནང་མཐོ་རིམ་སློབ་གཉེར་གནང་བཞིན་པའི་བེུད་ཆིག་ཁྲི་ལྷག་དང་རྒྱ་གར་གྱི་བེུད་གྲོས་ཚོགས་འཐུས་མི་ ༩༡ དབར་འབྲེལ་མཐུད་ཞུས་ནས་བེུད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་གླེང་སྟེགས་ཆེས་ཐོག་མའི་གྲས་ཤིག་ཆགས་ཀྱི་འདུག་པ་མ་ཟད། ཚོགས་ཆེན་ཐོག་༸གོང་ས་མཆོག་གིས་དབུ་བཞུགས་གཙོས་པའི་བྷང་ལ་དེ་ཤའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Shirin Sharmin Chaudhury མཆོག་དང་། དེ་བཞིན་ཨནྡར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Chandrababu Naidu མཆོག་སོགས་གཞུང་འབྲེལ་ཆེས་མཐོའི་དཔོན་རིགས་དང་ཤེས་ཡོན་མི་སྣ་ཁག་ཅིག་ཕེབས་འཆར་ཡོད་པ་རེད་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་སུ་བཀའ་འདྲི་ཞུས་པར། ད་ལྟའི་ཆར་ Andra དང་ Telengana མངའ་སྡེ་གཞུང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་དོ་སྣང་ཆེན་པོས་གྲ་སྒྲིག་གཟབ་རྒྱས་ཞུ་མུས་རེད་འདུག་ཅེས་གསུངས་སོང་། Andhra མངའ་སྡེའི་ནང་གི་མཛད་འཕྲིན་གྲུབ་བསྟུན་མགོན་པོ་༸གང་ཉིད་མཆོག་ Telengana མངའ་སྡེའི་རྒྱལ་ས་Hydrabad ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཉེན་རྟོག་སྦྱོང་བསྡར་ལྟེ་གནས་ཁང་དུ་ཆིབས་བསྒྱུར་དང་འདི་བཞིན་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་འདུག

༸གོང་ས་མཆོག་གིས་དེང་སྐབས་རྒྱ་གར་ཚོས་རང་གི་གནའ་རབས་རིག་གཞུང་ལ་དོ་སྣང་གནང་པར་བསྔགས་བརྗོད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་ས་ལྡི་ལིའི་ Chanakya puri ཁུལ་དུ་རྟེན་གཞི་བྱས་པའི་ Jesus and Mary མཐོ་རིམ་ སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན།  དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་མཐོ་སློབ་དེར་༸ཞབས་སོར་འཁོད་ཡོད་པ་དང་། མཐོ་སློབ་དེའི་ངོས་ནས་༸གང་ཉིད་མཆོག་ལ་བྱམས་སྙིང་རྗེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་སྐོར་ལམ་སྟོན་བཀྲིན་བསྩལ་གནང་ཡོང་བར་གསོལ་འདེབས་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཚོགས་ཁང་ནང་འདུ་འཛོམས་བྱུང་བའི་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༡༥༠༠ ལྷག་ཡོད་པ་དེ་དག་ལ་དུས་རབས་ཉི་ཤུའི་དུས་མཇུག་དང་ཉིར་གཅིག་གི་དུས་མགོ་གཉིས་ལ་གཞིགས་ཚེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་གི་ཡོད་པ་གསལ་པོ་རེད། རྩ་བའི་དུས་རབས་ཉི་ཤུའི་ནང་མི་གསོད་ཁྲག་སྦྱོར་ཚད་མེད་བྱུང་བ་དེའི་ངན་ལན་ལྟ་བུར་སྐབས་ཤིག་དགྲ་བོར་ངོས་འཛིན་བྱས་པའི་ཕ་རན་སི་དང་འཇར་མིན་རྒྱལ་ཁབ་གཉིས་དེང་སྐབས་ཡུ་རོབ་མཐུན་ཚོགས་ནང་མཉམ་གནས་གནང་བཞིན་ཡོད་པ་མ་ཟད།  རྒྱ་གར་ལྟ་བུར་ཆ་མཚོན་ནའང་སྔོན་མ་རྒྱལ་པོ་སོ་སོའི་རྒྱལ་བརྒྱུད་འོག་གནས་ཡོད་པ་ནས་ད་ཆ་རྒྱལ་ཁབ་གཅིག་གི་ངོ་བོའི་འོག་གནས་ཡོད་པ་བཅས་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཅེས་བཀའ་བསྩལ་གནང་པ་དང་།  ལྷག་དོན་༸གང་ཉིད་མཆོག་གི་སྐུ་སྒེར་ངོས་ནས་ཡུ་རོབ་མཐུན་ཚོགས་ལྟ་བུའི་མཉམ་གནས་བྱེད་རྒྱུའི་སྲིད་བྱུས་དེར་ཡིད་སྨོན་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་གནང་སོང་། མི་ཕན་ཚུན་དབར་བསམ་ཚུལ་ཕྲན་བུ་མི་མཐུན་པ་སོགས་ཡོང་གི་ཡོད་ཀྱང་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་བའི་བརྒྱུད་མ་འོངས་པར་རྒྱ་གར་དང་རྒྱ་ནག ཉི་ཧོང་སོགས་ཨེ་ཤ་ཡའི་མཉམ་འབྲེལ་མཐུན་ཚོགས་དང་ཨ་ཕི་རི་ཀའི་ཕྱོགས་དེ་དག་ཀྱང་མཉམ་འབྲེལ་ཐོག་གནས་ཐུབ་པ་ཡིན་ཚེ་དགེ་མཚན་ཆེན་པོ་ཡོད་པར་གཟིགས་ཀྱི་ཡོད་སྐོར་བཀའ་བསྩལ་མཛད་ཡོད་པ་རེད། དཀའ་ངལ་དེ་དག་ཡོང་གཞི་ནི་མ་ཤེས་པའི་ཉོན་མོངས་དབང་གིས་ཡོང་གི་ཡོད་པ་དང་། ཉོན་མོངས་ཀྱི་གཉན་པོ་བྱམས་པ་དང་སྙིང་རྗེ་ཡིན་པའི་སྐོར་འགྲེལ་བརྗོད་ནན་པོ་གནང་ཡོད་པ་རེད། དེང་སྐབས་རྒྱ་གར་བ་མང་པོས་སོ་སོའི་གནའ་སྔ་མོའི་རིག་གཞུང་ལ་དོ་སྣང་བྱེད་ཀྱི་ཡོད་པ་དེ་ནི་བློ་སྟོབས་སྐྱེས་དགོས་པ་ཞིག་རེད་འདུག་ཅེས་བཀའ་སྩལ་བ་དང་འབྲེལ། ༸གང་ཉིད་མཆོག་གིས་གོང་དུ་ངོས་ནས་བརྗོད་ཟིན་པ་ལྟར་ཚད་མ་རིག་པ། སེམས་དང་ཚོར་བའི་འདུ་ཤེས་སོགས་ལ་སློབ་སྦྱོང་བྱ་རྒྱུ་ཡོད་པ་དེ་དག་ནི་དེང་དུས་ཀྱི་ཀླད་པའི་ཚན་རིག་ལྟ་བུར་ཆོས་དང་འབྲེལ་བ་མེད་པའི་སློབ་ཚན་གྱི་ངོ་བོའི་ཐོག་ནས་སྦྱོང་བརྡར་བྱེད་དགོས་པའི་ཤེས་རིག་ཅིག་རེད།   ངོས་ནས་རྟག་ཏུ་དེ་ཚོར་སེམས་ཀྱི་ཚན་རིག་ཅེས་བརྗོད་ཀྱི་ཡོད།  འདས་པའི་ལོ་ཤས་སྔོན་ནས་ང་ཚོས་ལོ་རྒྱུས་སུ་ང་ཚོའི་དགེ་རྒན་ཡིན་པའི་རྒྱ་གར་བ་ཚོར་གནའ་སྔ་མོ་ནས་ང་ཚོས་སྲུང་སྐྱོབ་ཞུས་པའི་རིག་གཞུང་དེ་དག་གོང་འཕེལ་ཡོང་ཐབས་གནང་གི་ཡོད།  དེ་དང་དུས་མཚུངས་ཨ་རི་དང་ཡུ་རོབ་སོགས་ཀྱི་ཚན་རིག་པ་ཚོའི་མཉམ་དུའང་སེམས་ཀྱི་ཚན་རིག་སྐོར་བགྲོ་གླེང་བྱེད་མུས་ཡིན་ལ། ཁོང་ཚོའི་ངོས་ནས་ཀྱང་དོ་སྣང་ཆེན་པོ་གནང་གི་འདུག་ཅེས་བཀའ་བསྩལ་ཡོད། ༸གོང་ས་མཆོག་གིས་སྐབས་དེར་ད་དུང་རྒྱུན་དུ་ང་ཚོས་གཟུགས་ཅན་གྱི་ཤེས་པའི་བདེ་སྐྱིད་ཙམ་ལ་དོ་སྣང་མ་གནང་པར་ནང་སེམས་ཀྱི་བདེ་སྐྱིད་དེ་བདེ་སྐྱིད་ཀྱི་གཞི་རྩ་གཙོ་བོ་ཡིན་པ་ཤེས་དགོས་གལ་ཡིན་པ་རེད་ཅེས་ལམ་སྟོན་བཀའ་སློབ་བསྩལ་སོང་བ་དང་།དེ་བཞིན་༸གང་ཉིད་མཆོག་གིས་ཡེ་ཤུའི་ཆོས་ཉམས་ལེན་བྱེད་མཁན་ཚོས་དཀོན་མཆོག་ལ་སྐྱབས་བཅོལ་ཏེ་རང་ཉིད་དཀོན་མཆོག་གི་རིགས་མྱུག་ཞིག་དང་དཀོན་མཆོག་ནི་མུ་མཐའ་མེད་པའི་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད། ཕྱོགས་གཞན་དེར་ང་ཚོ་ནང་པས་རང་ཉིད་རང་གི་མགོན་ཡིན་པར་ངོས་འཛིན་གྱི་ཡོད། དེས་ན་རྒྱུན་དུ་ང་ཚོས་གཟུགས་ཅན་གྱི་ཤེས་པའི་བདེ་སྐྱིད་ཀྱི་ཉམས་མྱོང་དེ་དང་སེམས་ཀྱི་བདེ་སྐྱིད་གཉིས་ཀྱི་ཐོག་བསམ་བློ་ནན་གཏན་གཏང་སྟེ་ཞིབ་འཇུག་བྱ་དགོས་སྐོར་སོགས་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་མུ་མཐུད་གསུངས་པར་རྩ་བའི་ཤེས་པའི་བདེ་སྐྱིད་དེ་དགོས་ཚེ་དེ་ཙམ་གལ་ཆེན་པོ་མ་རེད། དཔེར་ན་སེམས་སྐྱིད་པོ་ཞེ་དྲག་ཡོད་པའི་སྐབས་དེར་སོ་སོའི་གཟུགས་པོར་ན་ཟུག་ལྟ་བུ་ཞིག་བྱུང་བ་ཡིན་ཡང་དཀའ་ངལ་དེ་ཆུང་དུ་གཏོང་བའི་ཐབས་ཡོད་པ་རེད། འོན་ཀྱང་ཕྱོགས་གཞན་ནས་སེམས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་ཡིན་ན་གཟུགས་ཅན་ཤེས་པའི་ཐོག་ནས་ཐབས་ཤེས་ན་གང་ཡང་བྱ་རྒྱུ་མེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག རྒྱུན་དུ་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་གལ་ཡིན་པར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་མཛད་ཡོད་པ་རེད།  བཀའ་སློབ་ཀྱི་ལས་རིམ་དེ་གྲུབ་པའི་རྗེས་སུ་༸གོང་ས་མཆོག་གིས་སློབ་ཕྲུག་ཁག་ཅིག་ནས་བཀའ་འདྲི་ཞུས་པར་བཀའ་ལེན་སྩལ་རྒྱུ་བཅས་ཀྱི་མཛད་རིམ་ལེགས་པར་གྲུབ་ཡོད་པ་རེད།

༸གོང་ས་མཆོག་གིས་ལྡི་ལིར་སློབ་གྲྭ་ཁག་ ༩༠ ལྷག་གི་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་བསྩལ་བ།

དེ་རིང་ཟླ་ ༢ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ convent of Jesus and Mary ཞེས་པར་ལྡི་ལི་ཁུལ་གྱི་སློབ་གྲྭ་ ༩༠ ལྷག་གི་སློབ་ཕྲུག་ ༡༤༠༠ ལྷག་ལ་བྱམས་བརྩེ་དང་བཟང་སྤྱོད་གཉིས་བདེ་སྐྱིད་ཀྱི་འབྱུང་ཁུངས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ལྡི་ལིའི་ནང་སྙན་གྲགས་ཆེ་བའི་སློབ་གྲྭ་ཁག་ནས་ཆེད་བཅར་ཞུས་པའི་སློབ་ཕྲུག་ཚོར་གཙོ་བོ་མི་སེམས་པ་བཟང་པོ་ཞིག་བྱེད་དགོས་གལ་ཡིན་པ་དང་། འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བའི་ཀླད་པ་ཡོད་པ་དང་། ཀླད་པ་དེའི་ཐོག་ནས་དྲན་པ་དང་བསམ་བློ་གཏོང་བའི་རྣམ་སྤྱོད་དེ་སེམས་ཅན་གཞན་དང་མི་གཅིག་པའི་ཁྱད་ཡོད་སྐོར་ལམ་སྟོན་བཀའ་བསྩལ་གནང་སོང་།  ༸གོང་ས་མཆོག་གིས་སྐབས་རེ་ང་ཚོས་ང་ཚོ་ཚང་མ་འགྲོ་བ་མིའི་མཆེད་གྲོགས་གཅིག་མཚུངས་ཡིན་པའི་འདུ་ཤེས་དེ་བརྗེད་འགྲོ་བའམ་སྣང་མེད་ལྟ་བུ་བཞག་སྟེ་གཞི་རྩ་གཉིས་པ་ཆོས་ལུགས་མི་འདྲ་བ་དང་། སྐད་ཡིག་མི་འདྲ་བ། ལུང་པ་མི་འདྲ་བ་སོགས་ཀྱི་ཁྱད་པ་ལ་བསམ་བློ་ནན་པོ་བཏང་བ་དང་། དེའི་བརྒྱུད་ནས་ང་དང་ཁྱོད་ཟེར་བའི་ལྷན་སྐྱེས་ཀྱི་བར་ཁྱད་ཅིག་སླེབས་ཀྱི་ཡོད་སྟབས།  ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟ་ཚེ་དཀའ་སྡུག་ཚད་མེད་མྱོང་བའི་ངལ་བ་དེ་དག་ང་དང་ཁྱོད་ཟེར་བའི་བར་ཁྱད་དེའི་དབང་གིས་བྱུང་ཡོད་པ་ང་ཚོས་གསལ་པོ་ཤེས་ཐུབ་ཀྱི་ཡོད་པ་ལྟར། ངལ་བ་ཕྲན་བུ་འཕྲད་ཀྱི་ཡོད་ཀྱང་ང་ཚོས་གཞི་རྩ་དང་པོ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་དེ་ཆེ་ཙམ་བཟུང་ནས་གཞི་རྩ་གཉིས་པ་ཆོས་ལུགས་མི་འདྲ་བ་དང་། སྐད་ཡིག་མི་འདྲ་བ། ལུང་པ་མི་འདྲ་བ་སོགས་ཀྱི་ཁྱད་པར་ཐོག་བསམ་བློ་དེ་ཙམ་གཏོང་རྒྱུ་མེད་སྐོར་བཀའ་ནན་བསྩལ་སོང་། ༸གོང་ས་མཆོག་གིས་ད་དུང་ཇི་སྲིད་ང་ཚོ་འགྲོ་བ་མི་རྣམས་གནས་པ་དེ་སྲིད་དུ་དཀའ་ངལ་ཡོང་རྒྱུ་ནི་ཆོས་ཉིད་ཡིན་པ་དང་། དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་དང་། གལ་ཏེ་ང་ཚོའི་འཛམ་བུ་གླིང་འདི་བདེ་སྐྱིད་དང་ལྡན་པ་ཞིག་འདོད་ཚེ་ངེས་པར་དུ་དཀའ་ངལ་གང་ཞིག་འཕྲད་ཀྱང་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་རེད་ཅེས་བཀའ་བསྩལ་སོང་བ་དང་། དེ་ལྟར་ཡོང་བར་ངེས་པར་དུ་ཕྱོགས་གཞན་དེར་བྱམས་པ་དང་བརྩེ་བའི་འདུ་ཤེས་ཡོད་པ་བྱེད་དགོས་པ་མཟད།  ཁོང་ཚོའི་ཐོབ་ཐང་དང་བསམ་ཚུལ་ལ་ངེས་པར་དུ་བརྩི་བཀུར་ཡང་བྱེད་དགོས། གང་ལ་ཞེ་ན་ང་ཚོ་ཚང་མ་འགྲོ་བ་མིའི་མཆེད་གྲོགས་གཅིག་པ་ཡིན་པའི་འདུ་ཤེས་དེའི་ཐོག་ནས་དཀའ་ངལ་སེལ་ཐབས་གནང་པ་ཡིན་ན་གྲོས་མོལ་དེ་དོན་སྙིང་ལྡན་པ་ཞིག་ཡོང་སྐོར་ལམ་སྟོན་བཀའ་ནན་མཛད་ཡོད་པ་རེད། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་སློབ་ཕྲུག་ཁྱེད་རང་ཚོ་ད་ལྟའི་དུས་རབས་ ༢༡ གི་མི་རབས་ཤ་སྟག་ཡིན་པས་དུས་རབས་འདི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་ཐབས་སུ་ད་ལྟ་ནས་བསམ་བློ་དོ་ནན་གཏང་ཐོག་ལས་འགུལ་སྤེལ་དགོས་པའི་ལམ་སྟོན་སོགས་རྒྱ་ཆེ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་ཚོུད་གཅིག་ཙམ་རིང་གི་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གྲུབ་བསྟུན་སློབ་ཕྲུག་ཚོས་དྲི་བ་ཁག་ཅིག་ལ་ཕུལ་བར་བཀའ་ལན་ཡང་བསྩལ་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བར། དེ་རིང་ཉིན་རྒྱབ་ད་དུང་རྒྱ་གར་གྱི་གསར་འགོད་པ་གྲགས་ཅན་     Shekhar Gupta  མཆོག་གི་  OFF the CUFF ཞེས་པའི་བརྙན་འཕྲིན་ལས་རིམ་ཞིག་ཐོག་མགོན་༸གང་ཉིད་ལྷན་ཞུགས་གནང་རྒྱུ་ཡིན་པ་མ་ཟད།  སང་ཚེས་ ༧ ཉིན་  Jesus and Mary མཐོ་རིམ་སློབ་གཉེར་ཁང་དུ་བྱམས་བརྩེ་དང་འཇིག་རྟེན་ཀུན་ཁྱབ་འགན་ཁུར་ཐོག་བཀའ་སློབ་དང་མཐར་ཚེས་ ༩ ཉིན་ Vivekananda International Foundation བཅས་ལ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད། རྩ་བའི་དེ་རིང་རྒྱལ་ས་ལྡི་ལིའི་ Convent of Jesus and Mary སློབ་གྲྭའི་མཛད་རིམ་དེ་ནི་  Itihaas ཞེས་པའི་རྒྱ་གར་གྱི་ལེགས་བྱང་དང་གནའ་བོའི་གཅེས་ནོར་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། མཛད་རིམ་ཡོངས་རྫོགས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མའི་ནང་དྲ་རྒྱ་བརྒྱུད་ནས་ཐད་སྲིང་གནང་གི་འདུག་པ་མ་ཟད། རྒྱལ་སྤྱིའི་ནང་ Jesus and mary སློབ་གྲྭའི་ཡན་ལག་ཁག་གི་ནང་དུའང་ཐད་སྲིང་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ལྡི་ལིར་མི་མང་སྟོང་ཕྲག་བརྒལ་བར་ལམ་སྟོན་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བིདྱཱ་ལོཀ་ Vidyaloke  ཞེས་རྒྱ་གར་གནའ་རབས་ལེགས་སྦྱང་སླར་གསོའི་བསྟི་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ Talkatora ཞེས་པའི་རྩེད་ཐང་དུ་མི་མང་སྟོང་ཕྲག་འགར་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་དང་།   རྒྱལ་ས་ལྡི་ལིའི་ནང་གི་སློབ་གྲྭ་གྲགས་ཅན་ཁག་ཅིག་གི་དགེ་ལས་སློབ་ཕྲུག་དང་། ལས་ཁུངས་འདྲ་མིན་གྱི་ལས་བྱེད། དེ་བཞིན་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམ་བྱུང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། དེས་ན་ངོས་ཀྱིས་རྒྱུན་དུ་འཛམ་གླིང་ནང་ཡོད་པའི་མི་འབོར་དུང་ཕྱུར་བདུན་ལྷག་ཡོད་པ་དེ་དག་གཉིས་སུ་མེད་པ་གནང་དགོས་སྐོར་བཤད་ཀྱི་ཡོད་ལ། ཆོས་ཕྱོགས་ནས་བསམ་བློ་གཏང་ཚེ་ཚང་མ་མཉམ་གནས་བྱ་རྒྱུ་དེ་འགྲོ་ལུགས་དང་མཐུན་པ་ཞིག་ཆགས་ཡོད་པ་མ་ཟད། ཐ་ན་མི་ཙམ་མ་ཟད་སྲོག་ཆགས་གཞན་ལའང་འདོད་པ་དེ་གཅིག་མཚུངས་ཡོད་པ་དང་། དེ་ལོངས་སུ་སྤྱོད་རྒྱུའི་རང་དབང་ཡང་ཡོད་པ་རེད།  ལྷག་པར་དུ་ང་ཚོ་མིའི་རིགས་སུ་སྐྱེས་པ་ནས་མ་ཤི་བར་དུ་བསམ་བློ་གཏོང་སྟངས་དང་། དགའ་སྡུག་གི་འདུ་ཤེས་འཛིན་སྟངས། དེ་བཞིན་ལུས་པོའི་ཁམས་བཅས་ཕྱོགས་གང་ས་ནས་སྐྱེས་མ་ཐག་མི་ཚེ་འདི་བདེ་སྐྱིད་ལྡན་པ་ཞིག་བྱུང་ན་བསམ་པ་གཅིག་མཚུངས་ཡིན་སྟབས། སྐབས་རེ་ངོས་རང་སྒེར་གྱི་བསམ་བློ་གཏོང་ཕྱོགས་ཞིག་ལ་མི་ཚེའི་དགོས་པ་ནི་བདེ་སྐྱིད་ཡོང་ཐབས་བྱེད་རྒྱུ་མིན་ནམ་བསམ་གྱི་འདུག་ཅེས་སྐུ་སྒེར་གྱི་དངོས་མྱོང་དང་འབྲེལ་ཏེ་ལམ་སྟོན་བསྩལ་ཡོད། ང་ཚོ་འཚོ་དང་མ་འཚོ་ཟེར་བ་དེའང་འབྱུང་འགྱུར་གནས་སྟངས་བཟང་པོ་ཞིག་ཡོང་རྒྱུ་རེད་ཅེས་རེ་བ་དེའི་ཐོག་ནས་འཚོ་བཞིན་ཡོད་པ་རེད་ཅེས་བཀའ་བསྩལ་མཛད་སོང་། དེ་བཞིན་༸གོང་ས་མཆོག་གིས་རྩ་བའི་འཛམ་གླིང་འདི་ཐོག་ཡོད་པའི་ཆོས་ལུགས་སོ་སོར་ལྟ་གྲུབ་འདྲ་མིན་ཡོད་ཀྱང་། དེ་དག་ཚང་མའི་དམིགས་ཡུལ་དེ་བརྩེ་བ་དང་བྱམས་སྙིང་རྗེ་སོགས་ཁྱབ་སྤེལ་གནང་རྒྱུ་གཅིག་མཚུངས་ཡིན་སྐོར་བཀའ་གནང་པ་དང་སྦྲགས། དེང་སྐབས་སྟབས་མ་ལེགས་པ་ཞིག་ལ་གཅན་གཟན་སྟག་དང་གླང་པོ་ཆེ་ལྟ་བུས་མི་བསད་འདུག་ཟེར་ན་མི་ཚང་མར་ཧང་སང་བའི་གནས་ཚུལ་ཆགས་ཀྱི་ཡོད་པ་དང་། མིས་མི་བསད་འདུག་ཟེར་ན་སྤྱིར་སྟངས་ལྟ་བུ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་རེད་ཅེས་བཀའ་གནང་སྟེ། གལ་ཏེ་ང་ཚོས་དུས་རབས་ ༢༠ ནང་ཕྱི་མིག་ཞིག་བལྟ་ཚེ་ལོ་རྒྱུས་སྨྲ་བ་པ་ཚོས་བཤད་པ་ལྟར་མི་ས་ཡ་གཉིས་ལྷག་བསད་པར་ངོས་འཛིན་གྱི་ཀྱི་ཡོད་པ་རེད། དེས་ན་དཀའ་སྡུག་ཚད་མེད་ཀྱི་འོག་མི་གསོད་ཁྲག་སྦྱོར་བྱུང་བའི་ལོ་རྒྱུས་ལས་སློབ་གསོ་ལེན་ནས་མི་རབས་གཞོན་པ་ཚོས་དུས་རབས་ ༢༡ པ་འདི་བདེ་སྐྱིད་ལྡན་པའི་དུས་རབས་ཤིག་བསྐྲུན་ཐབས་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། གཞན་ཡང་༸གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་བརྗོད་གཞི་དང་འབྲེལ་ནས་བཀའ་སློབ་གནང་དོན་ལ་རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་ད་ལྟའི་འཛམ་བུ་གླིང་འདིར་ཤིན་ཏུ་ནས་འོས་ཤིང་འཚམ་པ་ཞིག་ཡོད་པ་མ་ཟད། དངོས་ཡོད་ཀྱི་གནས་སྟངས་ཆ་ནས་ཀྱང་ང་ཚོ་ཚང་མ་བྱམས་པ་དང་བརྩེ་གདུང་ཀྱི་ཚོར་བ་ཡོད་པའི་སྤྱི་ཚོགས་གཅིག་གི་སེམས་ཅན་གཅིག་མཚུངས་ཡིན་སྟབས། ང་ཚོར་མའི་མངལ་ནས་བྱམས་བརྩེའི་ས་བོན་དེ་ཡོད་པ་ཡིན་དུས་ང་ཚོས་རྣམ་དཔྱོད་དེ་སྤྱོད་ནས་བྱམས་བརྩེའི་ས་བོན་དེ་ཕྱོགས་ལྷུང་མེད་པ་ཞིག་ཡོང་ཐབས་འབད་དགོས་ཞེས་གསུངས་པ་དང་ཆབས་ཅིག རིམ་པས་རྣམ་དཔྱོད་དེའི་ཐོག་ནས་ས་བོན་དེ་རྒྱ་སྐྱེད་བྱེད་དགོས་ཞིང་། དེ་ཡང་རྣམ་འགྱུར་ལ་ལྟོས་མེད་ཀྱིས་འགྲོ་བ་མི་ཞིག་ཡིན་པའི་འདུ་ཤེས་འཛིན་ཐོག་རང་ཉིད་བདེ་སྐྱིད་འདོད་པ་ལྟར་གཞན་དེ་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་པ་ཚོར་དགོས་སྐོར་སོགས་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་དེང་སྐབས་རྒྱ་གར་བ་མི་སྒེར་པ་དང་ཚོགས་པ་ཁག་ཅིག་གིས་རང་ཉིད་ལ་སྔ་མོ་ནས་ཤིན་ཏུ་ཕྱུག་པའི་རིག་གཞུང་དེ་ངོས་ཟིན་ཐོག་དེར་དོ་སྣང་དང་སླར་གསོ་ཡོང་ཐབས་གནང་གི་ཡོད་པ་མ་ཟད། སྐབས་བབ་ Max སྨན་ཁང་གི་སྦྱིན་བདག་དང་ད་རེས་མང་ཚོགས་ཀྱི་གསུང་བཤད་ལས་རིམ་མཐུན་འགྱུར་གནང་མཁན་སྐུ་ཞབས་ Veer Singh  མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ལས་དོན་འདི་འཛམ་གླིང་སྤྱིའི་བདེ་དོན་ཙམ་མིན་པར་འཛམ་གླིང་སྤྱིའི་ཁོར་ཡུག་དང་ཡང་འབྲེལ་བ་ཡོད་པ་རེད་ཅེས་བཀའ་བསྩལ་མཛད་སོང་།

Latest news