Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ལ་དྭགས་སུ་དབྱར་ཆོས་ཆེན་མོ་ཐེངས་བཞི་པ་ལེགས་གྲུབ་གནང་པ།

ལ་དྭགས་ཀྱི་ཁྲིག་དགོན་ཚུལ་ཁྲིམས་རྣམ་དག་གླིང་དུ་ཟླ་འདིའི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཚེས་ ༢༢ བར་བཅས་ཁྱོན་ཉིན་གྲངས་བཅོ་ལྔའི་རིང་ལ་བྱང་ཆུང་ལམ་སྒྲོན་བརྗོད་གཞི་གཙོ་བོར་བཞག་པའི་ཐོག་དབྱར་ཆོས་ཆེན་མོ་ཐེངས་བཞི་པ་ཚོགས་ཡོད་པ་ལྟར་ཁ་སང་ལེགས་གྲུབ་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད། ཁ་སང་ཟླ་ ༨ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༠༠ ནས་ཉིན་རྒྱབ་ཚོུད་ ༣།༠༠ བར་ལ་དྭགས་ཁྲིག་རྩེ་དགོན་པར་སྐུ་མགྲོན་གཙོ་བོ་ས་གནས་ཀྱི་བཀྲིས་ལྷུན་པོ་དགོན་པའི་མཁན་རིན་པོ་ཆེ་བློ་བཟང་ཚེ་བརྟན་མཆོག་གིས་གཙོས། ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པའི་དབུ་སྐྱོང་འབུམ་རམས་པ་བསོད་ནམས་ཟླ་བ་ལགས་དང་། དེ་བཞིན་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་སྐུ་ཞབས་ཚེ་དབང་འཕྲིན་ལས་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་མཛད་གཙོ་རྣམ་པ། མང་ཚོགས་བརྒྱ་སྐོར་ཁ་ཤས་ལྷན་འཛོམས་ཐོག་དབྱར་ཆོས་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད། སྐབས་དེར་དབྱར་ཆོས་ཆེན་མོ་གོ་སྒྲིག་པ་ཁྲིག་རྩེ་དགོན་པའི་མཁན་པོ་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་གིས་སྐུ་མགྲོན་གཙོ་བོ་མཆོག་གིས་དབུས་པའི་གནད་ཡོད་དཔོན་རིགས་དང་ས་གནས་ཀྱི་མང་ཚོགས་བཅས་པར་འདི་ལོའི་དབྱར་ཆོས་ཆེན་མོ་དེ་སྔར་ལས་ཚགས་ཚུད་དང་གཞི་རྒྱ་ཆེ་བ་ཙམ་དུ་མ་ཟད། སྒོས་སུ་ཚོགས་འདུས་འདི་ནས་དགེ་བཙུན་ཙམ་མ་ཡིན་པར་སློབ་ཕྲུག་དང་མི་མང་དཀྱུས་མ་མང་དག་ལ་སློབ་སྦྱོང་དང་གོ་རྟོགས་མི་དམན་པ་ཐོབ་ཡོད་སྐོར་གསུངས་ཏེ་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་གསུངས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བཞིན། ལ་དྭགས་སུ་དབྱར་ཆོས་ཆེན་མོ་ཐོག་མ་དེ་ ༢༠༡༣ ལོར་མཚན་ཉིད་སློབ་གྲྭར་ཚོགས་པ་དང་། ཐེངས་གཉིས་པ་ལི་འཁྱིལ་དགོན་པ་དང་། གསུམ་པ་དཔེ་ཐུབ་དགོན་པར་ཚོགས་ཡོད་པ་རེད། དེའང་བགྲོ་གླེང་དང་གསུང་བཤད་སོགས་ལས་བོད་ཀྱི་ཆོས་བརྒྱུད་ནང་ཕན་ཚུན་དབར་ཐུགས་མཐུན་འཐུས་གཙང་དང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད། ལྷག་པར་དུ་ཆོས་ལུགས་གཞན་དང་མཐུན་སྒྲིལ་གོང་སྤེལ་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད། ད་ལན་གྱི་དབྱར་ཆོས་འདིའི་ཐོག་ལ་དྭགས་སླེ་དང་ནུབ་ར། དེ་བཞིན་ཟངས་དཀར་སོགས་ནས་ཆོས་བརྒྱུད་རིས་མེད་ཀྱི་དགོན་ཁག་ ༢༡ གི་དགེ་བཙུན་གྱི་སྐུ་ཚབ་དང་ཁྱད་པར་ཉེ་འཁོར་སློབ་གྲྭ་ཁག་ ༡༠ ལྷག་གི་སློབ་ཕྲུག་སྐུ་ཚབ་བཅས་ཁྱོན་ མཉམ་ཞུགས་གནང་མཁན་མི་གྲངས་ ༣༠༠ ལྷག་བྱུང་ཡོད་པ་དང་། ཉིན་གྲངས་ ༡༥ དེའི་རིང་ལ་གདན་ཞུས་ཆོས་བརྒྱུད་སོ་སོའི་ནང་པའི་དགེ་བཤེས་ཁག་ཅིག་དང་། ས་གནས་ཀྱི་ཡི་ཤུ་དང་ཁ་ཆེའི་མཁས་པ་འགའ།  མི་རིགས་དང་ཆོས་ལུགས་མཐུན་སྒྲིིལ་གྱི་གལ་གནད་དང་ཆང་རག་གི་ཉེས་དམིགས། ནང་ཆོས་དང་ཚན་རིག་གྱི་འབྲེལ་བའི་སྐོར།  བདེན་བཞི་དང་ཐེག་པ་གསུམ་སོགས་བརྗོད་གཞི་སྣ་མང་ཐོག་གསུང་བཤད་དང་། ཉིན་ལྟར་བྱང་ཆུབ་ལམ་སྒྲོན་གྱི་གཞུང་ཐོག་དམ་བཅའ་དང་རྩོད་པ་སོགས་རྩོད་གནང་ཡོད་པ་རེད། ལོ་རྗེས་མའི་ལ་དྭགས་ནང་གི་་དབྱར་ཆོས་ཆེན་མོ་དེ་ནུབ་ར་བདེ་སྐྱིད་དགོན་དུ་ཚོགས་རྒྱུའི་གསལ་བསྒྲགས་བསྐྱངས་པའི་ཐོག་ཁ་སང་ལ་དྭགས་པའི་གཞས་པ་དང་གཞས་མ་རྣམས་ནས་བྱོན་པ་ལེགས་སོ། བྱོན་པ་ལེགས་སོ། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཁྱེན། སེམས་པ་སྐྱིད་དོ། རང་ཡུལ་ལ་དྭགས་མི་དམངས་ཚང་མ་ཞེས་བསྟོད་དབྱངས་ཕུལ་ནས། ཁྲིིག་དགོན་དབྱར་ཆོས་ཆེན་མོ་ཐེངས་བཞི་པ་དེ་རྒྱལ་ཁའི་ངང་མཇུག་སྒྲིིལ་གནང་ཡོད་པ་རེད། རྩ་བའི་ཟླ་ ༨ ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དབྱར་ཆོས་ཆེན་མོ་དབུ་འབྱེད་བསྐྱངས་པའི་སྐབས་ད་བར་ཚོགས་གྲུབ་པའི་དབྱར་ཆོས་དེ་དག་ཡག་པོ་བྱུང་ཡོད་པར་བསྔགས་བརྗོད་ཀྱིས་ཐུགས་རྗེ་ཞུ་དང་སྦྲགས། ལས་རིམ་འདི་ལྟ་བུ་བརྒྱུད་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གལ་ཡིན་པ་བཀའ་སློབ་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་ཏེ་ལ་དྭགས་ནང་གི་ཆོས་འབྲེལ་ལེགས་གྲུབ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་འདས་པའི་ཉིན་གྲངས་བཞིའི་རིང་ཞི་བའི་ཚལ་དུ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། ཁ་སང་ཚེས་ ༢༡ ཉིན་མགོན་པོ་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཕྱི་ནང་གི་དད་ལྡན་མང་ཚོགས་ཁྲི་གཉིས་ལྷག་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་མང་ཚོགས་ལ་ཐུགས་རྗེ་ཆེན་པོའི་དབང་འདི་ནི་དགེ་སློང་མ་པདྨོ་ནས་བརྒྱུད་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་ཞིག་ཆགས་ཡོད་པར་ངོ་སྤྲོད་དང་འབྲེལ། གསང་སྔགས་རྡོ་རྗེ་ཐེག་པ་ཞེས་པའི་ཚིག་དོན་སྐོར་དང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་ལྗོངས་དང་དམིགས་བསལ་ལས་འབྲེལ་ཡོད་པ་སོགས་བཀའ་བསྩལ་དང་། ཁྱད་པར་དུ་༸གང་ཉིད་མཆོག་གིས་དབང་གྲལ་དུ་འཁོད་པའི་དད་ལྡན་པ་རྣམས་ལ་ལམ་སྟོན་བསྩལ་བའི་ཁྲོད་དབང་ཞུ་སྐབས་དམིགས་པ་གཞན་དོན་ཁོ་ནར་སེམས་བསྐྱེད་དགོས་གལ་ཆེ་བས་རང་ཉིད་ཀྱི་དམིགས་པ་བཞིན་ནམ་ཡང་ཀུན་སློང་འཕྱུག་རྒྱུ་མེད་པའི་ལམ་སྟོན་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་ཀྱི་སྙིང་པོ་མི་དང་སེམས་ཅན་གཞན་ལ་སེམས་བརྣག་མ་བྱེད་པར་སེམས་པ་བཟང་པོ་དང་དྲང་པོ། དེ་བཞིན་མིས་མི་ལ་རོགས་བྱ་རྒྱུ་གལ་ཆེ་བའི་བཀའ་བསྩལ་དང་ཆབས་ཅིག ཆོས་ཀྱི་བྱིན་རླབས་ཟེར་བ་དེ་གཙོ་བོ་ཉམས་ལེན་ལ་ཐུག་ཡོད་པ་བཀའ་གནང་ཡོད། ཉིན་གུང་ཚོུད་ ༡༡།༣༠ སྟེང་ཐུགས་རྗེ་ཆེན་པོའི་བཀའ་དབང་ཡོངས་སུ་གྲུབ་བསྟུན། ༸གོང་ས་མཆོག་གིས་ལ་དྭགས་པ་མང་ཚོགས་ལ་སང་ཞོགས་སླང་འཇལ་རྒྱུའི་བཀའ་བཞེས་བཟང་པོ་བསྩལ་སོང་བ་དང་། ལ་དྭགས་པ་རྣམས་ལ་ཁོར་ཡུག་ཐོག་དོ་སྣང་། སྒོས་སུ་ཤིང་སྣ་འདེབས་འཛུགས་དང་ཚལ་ཞིང་རིགས་དོན་གཉེར་བྱ་གལ་ཡིན་པའི་དམིགས་བསལ་བཀའ་སློབ་གནང་ཡོད་པ་རེད། ཐེངས་འདིའི་ཆིབས་སྒྱུར་གོ་སྒྲོག་ཚོགས་པ་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་སྐུ་ཞབས་ཚེ་དབང་འཕྲིན་ལས་ལགས་ཀྱིས་ཁ་སང་བཀའ་དབང་ལེགས་གྲུབ་རྗེས་༸གོང་ས་མཆོག་ལ་བླ་མ་མཁྱེན། གོང་མ་མཁྱེན། གོང་མའི་བདག་པོ་མཁྱེན་ཅེས་སོགས་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས། ༸གང་ཉིད་མཆོག་ས་རེས་ས་གནས་སུ་ཟླ་བ་གཅིག་མན་ཙམ་རིང་ལ་༸ཞབས་སོར་བཀྲིན་བསྐྱངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་སྐོར་བར་བཀྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ་དང་། ལྷག་པར་དུ་མགོན་པོ་མཆོག་གིས་ཐེངས་འདིའི་མཛད་འཕྲིན་ཁོངས་ཆོས་ལུགས་གཞན་གྱི་མི་སྣ་དང་མཇལ་མོལ་སྔར་ལྷག་གནང་ཡོད་པ་དེས་ལ་དྭགས་ཀྱི་མཐུན་སྒྲིལ་གོང་འཕེལ་སྲ་བརྟན་དུ་བཏང་ཡོད་སྐོར་ཞུས་པ་མ་ཟད། ལྷག་དོན་ལ་དྭགས་མང་ཚོགས་ནས་༸རྒྱལ་བའི་བཀའ་བཞིན་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐད་སྔར་ལྷག་འབད་བརྩོན་ཞུས་པའི་ཐོག་མགོན་པོ་༸གང་ཉིད་མཆོག་ཡང་ནས་ཡང་དུ་ལ་དྭགས་སུ་ཆིབས་བསྒྱུར་མཛད་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་དུ་ཉིན་གྲངས་བཞིའི་རིང་གི་བཀའ་ཆོས་སྩལ་བའི་ཐོག་ཆེད་བཅར་ཞུས་པའི་ལ་དྭགས་བྱང་ཐང་དང་ནུབ་ར། དེ་བཞིན་ཟངས་དཀར་སོགས་ལུང་ཁུག་ཁག་ཅིག་གི་དད་ལྡན་མང་ཚོགས་རྣམས་དྲིན་ཅན་རྩ་བའི་བླ་མར་དད་པ་དམ་ཚིག་གཡོ་བ་མེད་པའི་ངང་ལག་ཟུང་སྤྲལ་བར་བཀོད་དེ་གསོལ་བ་སྨོན་ལམ་དང་བཅས་རང་ཡུལ་ཕྱོགས་སུ་ཐོན་ཡོད་པ་རེད།

༸གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་ལས་ཕན་ཐོགས་ཆེ་བ་ཅི་ཡང་མེད་སྐོར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་ཁྲི་ཚོགས་བརྒལ་བར་བྱང་ཆུབ་ཀྱི་སེམས་ལས་ཕན་ཐོགས་ཆེ་བ་ཅི་ཡང་མེད་སྐོར་བཀའ་བསྩལ་སོང་། དེ་རིང་ཟླ་ ༨ ཚེས་ ༢༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ་གིས་ལ་དྭགས་གླེར་རྟེན་གཞི་བྱས་པའི་ཞི་བ་ཚལ་གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། ལ་དྭགས་ས་གནས་མི་དམངས་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོགས་བརྒལ་བར་བྱང་ཆུབ་སེམས་ཀྱི་གལ་གནད་སྐོར་དང་ཚོགས་བསགས་སྒྲིབ་བྱང་གི་མཆོག རང་གཞན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཀྱི་རྩ་བ་ནི་བྱང་ཆུབ་སེམས་ཡིན་སྟབས། བྱང་ཆུབ་ཀྱི་སེམས་དེ་ལས་ཕན་ཐོགས་ཆེ་བ་ཅི་ཡང་མེད་སྐོར་ལམ་སྟོན་བསྩལ་གནང་སོང་། ༸གོང་ས་མཆོག་གིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་བྱང་སེམས་ཀྱི་ཕན་ཡོན་སྐོར་ནས་ལེའུ་གསུམ་པ་བྱང་སེམས་ཡོངས་སུ་བཟུང་བའི་བར་བཀའ་ཆོས་ལེགས་གྲུབ་མཛད་པ་དང་ཆབས་ཅིག ཁྱད་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་ཡོངས་རྫོགས་བོད་ཡོག་ཐོག་སློབ་གཉེར་བྱ་རྒྱུ་ཡོད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དགོངས་འཐུས་ཚང་ཞིག་རྟོགས་པར་བཀའ་འགྱུར་དང་དེའི་དགོངས་འགྲེལ་བསྟན་བཅོས་རྣམས་ལ་དོ་སྣང་དང་དེར་སློབ་སྦྱོང་གནང་གལ་ཆེ་བ་ཡིན་སྐོར་བཀའ་བསྩལ་ཡོད་པ་རེད། དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་སྐབས་༸གོང་ས་མཆོག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་ལེགས་དང་བསྟུན། གསུང་ཆོས་གོ་སྒྲིག་ཚོགས་ཆུང་ལ་དྭགས་ནང་པའི་ཚོགས་འདུ་ཚོགས་པས་༸གང་ཉིད་མཆོག་ལ་བཀྲིན་གཏང་རག་ཚུལ་དུ་མཎྜལ་འདེབས་འབུལ་དང་མང་ཚོགས་ཚོས་ཀྱང་སྟོན་པ་ཐུབ་དབང་གི་སྐུ་བརྙན་གཙོས་བརྟན་བཞུགས་ཀྱི་འབུལ་རྫས་རྣམས་འདེགས་འབུལ་ཞུས་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཉིན་ཚེས་ ༢༡ སྟེ་ཆོས་འབྲེལ་ཉིན་མཐའ་མའི་ཐོག་༸གང་ཉིད་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ནང་པའི་ལྟ་གྲུབ་ཀྱི་ཆ་ནས་ཚན་རིག་པ་ང་ཚོའི་གྲོགས་པོ་ཆགས་ཡོད་སྐོར་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་ཞི་བའི་ཚལ་དུ་ཆོས་འབྲེལ་ཉིན་གཉིས་པ་བཀྲིན་བསྐྱངས་པའི་ཁྲོད། ད་ལྟའི་དུས་འདིར་བརྟག་དཔྱད་དང་ཚན་རིག་སློབ་སྦྱོང་བྱ་རྒྱུ་གལ་གནད་ཆེ་སྐོར་སྩལ་དང་སྦྲགས་ཏེ་ནང་པའི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན་ཚན་རིག་པ་ང་ཚོའི་གྲོགས་པོ་ཆགས་ཡོད་པ་རེད་ཅེས་བཀའ་བསྩལ་སོང་། དེ་རིང་ཟླ་ ༨ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཚོུད་ ༨།༣༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བ་ཚལ་གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་པཎ་གྲུབ་ ༡༧ གསོལ་འདེབས་གསུང་འདོན་མཛད་པ་དང་ཆབས་ཅིག  གསོལ་འདེབས་སྨོན་ལམ་དེའི་མཛད་བྱང་ལས། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་སྟེ། ཞེས་སོགས་ལས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ལྟར་རྒྱུ་མཚན་བརྟག་དཔྱད་བྱེད་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་མ་ཟད། ལྷག་དོན་ཐེ་ཚོམ་དགོས་རྒྱུ་དེའང་གནད་ཆེ་ཡིན་པར་བཀའ་གནང་ཡོད་པ་རེད། ཁྱད་པར་དུ་མགོན་པོ་མཆོག་གིས་སྐབས་དེར་བརྟག་དཔྱད་དང་ཚན་རིག་སློབ་སྦྱོང་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་དང་འབྲེལ།  ༸གང་ཉིད་མཆོག་གིས་ད་བར་འདས་པའི་ལོ་ངོ་ ༣༠ ཙམ་ནས་ཚན་རིག་པ་འདྲ་མིན་དང་ལྷན་དུ་གཞི་རྐང་། སེམས་ཁམས་རིག་པ་དང་ཀླད་རྩའི་ཚན་རིག འཇིག་རྟེན་ཆགས་རིམ་དང་དངོས་ཁམས་རིག་པ་བཅས་བརྗོད་གཞི་བཞིའི་ཐོག་བཀའ་བསྡུར་གནང་པའི་ཁྲོད་སྐབས་རེ་ཚན་རིག་གྲུབ་དོན་ནས་ཤེས་བྱ་ནང་འདྲེན་བྱ་རྒྱུ་ཡོད་པ་དང་། མཚམས་རེ་ནང་ཆོས་ཀྱིས་ཕར་ཕན་ཐོགས་གྲུབ་ཡག་ཡོད་སྟབས། ཁ་ཅིག་གིས་མཐོང་ཚུལ་ལ་ཚན་རིག་དེ་ཆོས་དང་འགལ་བ་ཡིན་པ་དང་དེ་བཞིན་དོན་མེད་པ་བཟོ་མཁན་ཞིག་ཏུ་འདོད་མཁན་ཡོད་རུང་། ནང་པའི་ལྟ་གྲུབ་ཀྱི་ཆ་ནས་ཚན་རིག་པ་ང་ཚོའི་གྲོགས་པོ་ཆགས་ཡོད་པ་བཀའ་གནང་སོང་།  ༸གོང་ས་མཆོག་གིས་མུ་མཐུད་རབ་བྱུང་ཕོ་མོ་གཙོར་གྱུར་པའི་དད་ལྡན་སྐྱ་སེར་མང་ཚོགས་ཚང་མས་ཚན་རིག་དང་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་པའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་བྱ་དགོས་ཀྱི་རེད་ཅེས་ལམ་སྟོན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉིན་གཉིས་པའི་བཀའ་ཆོས་སྐབས་སྤྱོད་འཇུག་ཆེན་མོའི་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་ནས་གཞུང་དངོས་དབུ་འཛུགས་མཛད་ཡོད་ཀྱང་། སྐབས་དེར་༸གང་ཉིད་མཆོག་གིས་ཁ་སང་དང་དེ་རིང་གི་ཆོས་ཐུན་དུས་ཚོད་མང་ཆེ་བ་དེ་ནང་ཆོས་ངོ་སྤྲོད་དང་ཤེས་རབ་སྙིང་པོ་སྤྱི་བཤད། དེ་བཞིན་པཎ་གྲུབ་ ༡༧ གསོལ་འདེབས་ཐོག་བཀའ་ཁྲིད་བསྩལ་དོན་ནི་སྔོན་བྱོན་ནཱ་ལེཎྡྲའི་མཁས་པ་དེ་དག་གིས་གཏན་ལ་ཕབ་པའི་གཞུང་དག་དེང་སང་དུས་རབས་ཉེར་གཅིག་པ་འདིའི་ནང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཀྱི་ཡོད་སྐོར་བཀའ་བསྩལ་མཛད་ཡོད། མཛད་འཆར་ལྟར་ན། སང་ཚེས་ ༢༠ ཉིན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ལ་དྭགས་ནང་པའི་ཚོགས་འདུས་ཀྱིས་༸གོང་ས་མཆོག་ལ་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གྲུབ་རྗེས། ༸གང་ཉིད་མཆོག་གིས་སྤྱོད་འཇུག་གི་བཀའ་ཆོས་མུ་མཐུད་སྩལ་གནང་མཛད་ཀྱི་ཡོད་པ་དང་།  གནངས་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་སྤྱོད་འཇུག་བཀའ་ཆོས་དབུ་འཛུགས་དང་འབྲེལ་མང་ཚོགས་ལ་ཆོས་དད་དེ་ལམ་ལུགས་སྲོལ་ལྟར་ཕྱིན་ན་དུས་རབས་ཉེར་གཅིག་པ་དང་མཐུན་པ་བྱུང་ཡོད་མ་རེད་ཅེས་ལམ་སྟོན་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ་གིས་རྒྱུན་ཕྱག་གསུམ་པ་དང་ཤེས་རབ་སྙིང་པོ་སྔོན་དུ་འགྲོ་བའི་ཐོག་ལ་དྭགས་པ་གཙོ་བོར་གྱུར་པའི་བོད་མི་དང་། གཞན་ཡང་ཕྱི་རྒྱལ་དད་ལྡན་པ་ཆིག་ཁྲི་བརྒལ་བར་ཉིན་བཞིའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་སོང་། དེའང་ལ་དྭགས་ནང་པའི་ཚོགས་འདུས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་ ༡༨ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༡ བར་མང་ཚོགས་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དང་ཉིན་མཐའ་མར་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་གནང་གི་ཡོད་པ་རེད། དེ་རིང་ཆོས་འབྲེལ་ཉིན་དང་པོའི་སྔ་དྲོ་ཚོུད་ ༨།༣༠ ནས་ཉིན་དགུང་ཚོུད་ ༡༢།༠༠ བར་༸གོང་ས་མཆོག་གིས་མང་ཚོགས་ལ་སྔོན་འགྲོའི་ཆོས་བཤད་སྐབས་ནང་ཆོས་ངོ་སྤྲོད་དང་ཤེས་རབ་སྙིང་པོའི་བཀའ་ཁྲིད་བཀྲིན་བསྩལ་ཏེ་རྐང་ཆོས་ཞུ་དགོས་དོན་དང་ཆོས་ཤེས་དགོས་གལ། ཀུན་སློང་བཅོས་སྟངས་དང་། ལྷག་དོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་སྐོར་གསུངས་ནས་ཉོན་མོངས་སྤོང་རིམ་སོགས་ཀྱི་སྐོར་ལ་བཀའ་གནང་སོང་། མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་དེ་གར་འདུས་པའི་དད་ལྡན་པ་ཡོངས་ལ་ང་ཚོ་ཆོས་ལ་དད་པ་ཡོད་མཁན་ཚོས་སངས་རྒྱས་པའི་ཆོས་ཟེར་བ་དེའི་ངོ་བོ་དང་ཁྱད་པར་གང་འདྲ་ཞིག་ཡོད་མེད་མ་ཤེས་པར་དད་པ་དེ་ལམ་ལུགས་སྲོལ་ལྟར་ཕྱིན་པ་ཡིན་ན། ང་ཚོ་དུས་རབས་ཉེར་གཅིག་པ་དང་མཐུན་པ་བྱུང་ཡོད་མ་རེད་ཅེས་བཀའ་ནན་སྩལ་ཡོད་པ་རེད།   ད་དུང་མགོན་པོ་མཆོག་གིས་སྐབས་འདིའི་འཆད་པར་བྱ་བའི་སྤྱོད་འཇུག་གི་གཞུང་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ལྷག་དོན་རྣམ་མཁྱེན་གྱི་གོ་འཕང་སྒྲུབ་ཡག་ཅིག་ཆགས་ཡོད་སྟབས། བླ་མ་དང་སློབ་མ་གཉིས་ཀས་ཆོས་ལ་འཇུག་པའི་སྒོ་ཀུན་སློང་རྣམ་པར་དག་པ་བཅོས་དགོས་རྒྱུ་གལ་ཆེ་བའི་སྐོར་ལམ་སྟོན་སྩལ་སོང་བ་དང། ཁྱད་པར་དུ་དེ་རིང་ང་ཚོ་འདིར་ཆོས་ཉན་འཆད་བྱེད་ཡག་གི་དམིགས་ཡུལ་དེ་སེམས་མི་སྐྱིད་པ་བཟོ་མཁན་ཉོན་མོངས་ལ་གཉེན་པོ་བསྟེན་ཡག་དེ་རེད་ཅེས་བཀའ་སྩལ་སོང་། མགོན་པོ་མཆོག་གིས་ཉོན་མོངས་ལ་གཉེན་པོ་བསྟེན་སྟངས་སྐོར་བཀའ་གནང་པའི་ཁྲོད་མང་ཚོགས་ལ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཀའ་སྤྱད་སྙིང་རུས་མཛད་ནས་སངས་རྒྱས་ཀྱི་གོ་འཕར་ཐོབ་ཡོད་པའི་མཛད་རྣམ་སྙིང་བསྡུས་ཤིག་ཀྱང་ངོ་སྤྲོད་གནང་ཡོད་པ་རེད། དེ་རིང་སྔ་དྲོའི་ཆོས་ཐུན་སྐབས་གཞན་ཡང་༸གོང་ས་མཆོག་གིས་མང་ཚོགས་ཚོས་བཀའ་འདྲི་ཞུས་པར་བཀའ་ལན་མཛད་པའི་ཁྲོད། ཆོས་ཁས་མི་ལེན་མཁན་ཞིག་གིས་སྙིང་རྗེ་ཉམས་ལེན་ཇི་ལྟར་བྱ་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ཚན་རིག་པ་ཚོས་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་པ་བཤད་ཀྱི་འདུག་སྟབས། གང་ཟག་སུ་འདྲ་ཞིག་ཡིན་རུང་དེ་ལ་རང་ཉིད་ཀྱི་དངོས་ཀྱི་མྱོང་བ་དང་འབྲེལ་ཏེ་སློབ་གསོ་ཡག་པོ་ཞིག་སྤྲོད་པ་ཡིན་ན་འཛམ་བུ་གླིང་འདི་བྱམས་བརྩེ་དང་ལྡན་པ་ཞིག་སྐྲུན་ཐུབ་ངེས་ཡིན་སྐོར་སོགས་དཔེ་དང་བཅས་བཀའ་སྩལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་ཐེངས་འདིའི་ཆོས་འབྲེལ་ཐོག་རྒྱ་རིགས་གཙོས་པའི་ཕྱི་རྒྱལ་བ་ཉི་བརྒྱ་ཙམ་དང་། ཁྱད་པར་དུ་རླངས་འཁོར་ནང་ཉི་མ་གཉིས་གསུམ་འགྲུལ་བཞུད་བྱེད་དགོས་པའི་ལ་དྭགས་བྱང་ཐང་དང་ནུབ་ར། དེ་བཞིན་ཟངས་དཀར་སོགས་ལུང་ཁུག་ཁག་ཅིག་ནས་དད་ལྡན་ཆོས་ཞུ་བ་བརྒྱ་སྐོར་ལྷག་བཅར་ཡོད་པ་རེད་འདུག  

༸གོང་ས་མཆོག་གིས་རིགས་ལམ་སློབ་ཡག་དེ་དགེ་ལུགས་པའི་རེད་ཟེར་མཁན་དེ་དག་ནི་ལྐུག་རྟགས་བསྟན་པ་ཞིག་ཡིན་པ་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་ཐོག་ཚོུད་ ༡༡།༠༠ སྟེང་ལ་དྭགས་ཀྱི་རྒྱལ་ས་གླེར་རྟེན་གཞི་བྱས་པའི་ལ་དྭགས་ཆོས་མཛད་མའི་ཚོག ས་པའི་བཙུན་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་ཆིབས་སྒྱུར་གྱིས་བཙུན་མ་རྣམས་ལ་བླང་དོར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། དེ་རིང་མགོན་པོ་མཆོག་བཙུན་དེར་ཆིབས་སྒྱུར་གསོལ་འདེབས་ཞུ་དགོས་དོན་ནི་ལ་དྭགས་ནང་གི་བཙུན་མའི་དཀའ་ངལ་ལ་གཟིགས་རྟོག་དང་དུས་བསྟུན་ཤེས་ཡོན་གྱི་གོ་སྐབས་སྐྲུན་གནང་མཁན་ལ་དྭགས་ཆོས་མཛད་མའི་ཚོགས་པ་དེས་ད་བར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སྤྱི་ཚོགས་ནང་ཞབས་ཏོག་ཇི་ཙམ་ཞུས་ཡོད་པ་དང་། ད་བར་ནང་པའི་གཞུང་དང་རིག་གནས་གཞན་གྱི་ཐོག་ལ་བཙུན་མ་བསླབ་པ་མཐར་སོན་ཇི་ཙམ་བྱུང་ཡོད་མེད་སོགས་ཀྱི་ལས་བསྡོམས་སྙན་གསེང་ཞུ་རྒྱུའི་སླད་ཡིན་འདུག སྐབས་དེར་ལ་དྭགས་ཆོས་མཛད་མའི་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བཙུན་མ་བསྟན་འཛིན་དཔལ་མོ་ལགས་ཀྱིས་༸གོང་ས་མཆོག་དབུ་བཞུགས་གཙོས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་སྐུ་མགྲོན་རྣམ་པར་དགའ་བསུའི་གསུང་བཤད་དང་ལས་བསྡོམས་སྤྱན་འབུལ་ཞུས་པའི་ནང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སྤྱི་ཁྱབ་སློབ་སྟོན་འོག་ཕྱི་ལོ་ ༡༩༩༦ ལོར་གསར་བཙུགས་གནང་པའི་ཚོགས་པ་དེས་ད་བར་གསོ་བ་རིག་པའི་ཐོག་བཙུན་མ་སློབ་མཐར་སོན་པ་ ༤  དང་། མཐོ་རིམ་རིག་གནས་སློབ་མཐར་སོན་པ་བཙུན་མ་ ༨ དང་། རྡ་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་ནས་ཕར་ཕྱིན་རབ་འབྱམས་པ་སློབ་མཐར་སོན་པ་བཙུན་མ་གཅིག་བཅས་བྱུང་ཡོད་པ་དེ་དག་གིས་ད་ཆ་བཙུན་དགོན་ཁག་དང་སྤྱི་ཚོགས་ནང་ལས་དོན་གཉེར་བཞིན་ཡོད་པ་མ་ཟད། ཁྱད་པར་དུ་ཆོས་མཛད་མ་ཚོགས་པ་དེ་ཐོག་མར་གསར་འཛུགས་སྐབས་བཙུན་དགོན་ ༨ ལས་མེད་ཀྱང་།  ད་ཆ་ས་དགེ་བཀའ་རྙིང་རིས་མེད་ཀྱི་བཙུན་དགོན་ ༢༦ ཡོད་པ་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཁྲི་རིན་པོ་མཆོག་གིས་གཟིགས་སྐྱོང་གནང་བཞིན་པའི་ཆོས་མཛད་མའི་ལས་དོན་སྤྱི་ལ་བསྔགས་བརྗོད་དང་སྦྲགས་༸གང་ཉིད་ཐུགས་དགྱེས་ཚོར་དང་བཅས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་དོན་བཙུན་མ་རྣམས་ནས་ནང་པའི་གཞུང་དང་དེ་བཞིན་རིག་གནས་གཞན་གྱི་ཐོག་སློབ་གཉེར་གནང་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་རྗེས་སུ་ཡི་རངས་ཡོད་ཅེས་བཀའ་གནང་སོང་། ད་དུང་ ༸གོང་ས་མཆོག་གིས་བར་ལམ་ཞིག་ནས་ལ་ལས་མཐོང་ཚུལ་ལ་ནང་པའི་གཞུང་ལ་སློབ་སྦྱོང་བྱེད་ཡག་དང་མཚན་ཉིད་སློབ་ཡག་དེ་ནི་དགེ་ལུགས་པའི་རེད་ཟེར་མཁན་དང་། དེ་བཞིན་ཡང་འགའ་ཞིག་གིས་མགོན་པོ་ཀླུ་སྒྲུབ་དགེ་ལུགས་པ་རེད་ཅེས་ཤོད་མཁན་ཡོད་པ་དེ་དག་ནི་མ་ཤེས་པ་དང་ལྐུག་རྟགས་བསྟན་པ་ཞིག་ཆགས་ཡོད་པ་བཀའ་གནང་སྟེ།  ས་དགེ་བཀའ་རྙིང་རིས་མེད་ཀྱི་བོད་བརྒྱུད་ནང་བསྟན་འདི་ནི་དཔལ་ནཱ་ལེནྜའི་ཆོས་བརྒྱུད་ལ་ཐུག་ཡོད་པ་རེད་ཅེས་བཀའ་སྩལ་ནན་པོ་གནང་ཡོད་པ་རེད། ཁྱད་པར་༸གོང་ས་མཆོག་གིས་སྐབས་དེར་རྙིང་དགོན་རྣམ་གྲོལ་གླིང་དགོན་གྱི་དགོན་བདག་པད་ནོར་རིན་པོ་ཆེ་མཆོག་གིས་དགོན་པར་མཚན་ཉིད་སློབ་རྒྱུའི་ཐད་ཐུགས་འཁུར་རྒྱ་ཆེ་བཞེས་ཡོད་པར་བསྔགས་བརྗོད་དང་འབྲེལ། བཙུན་མ་རྣམས་ནས་ནང་པའི་གཞུང་དང་མཚན་ཉིད་ལ་སློབ་གཉེར་གནང་སྐབས་སྤོམ་བཤད་ཙམ་མ་ཡིིན་པར་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་ཡག་པོ་ཤེས་དགོས་གལ་ཡིན་པ་བཅས་ནང་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་ཕྱོགས་སྐོར་ལ་བཀའ་སློབ་གནང་སོང་། གཞན་ཡང་༸གོང་ས་མཆོག་གིས་རྒྱལ་ས་གླེ་ལ་ཡོད་པའི་ Islamia public school ཞེས་པའི་ཁ་ཆེའི་སློབ་གྲྭ་གཅིག་ཏུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་།  དེ་རྗེས་ཉིན་གུང་ཚོུད་ ༡།༠༠ ཐོག་ཁྲིག་རྩེ་ཉེ་འཁྲིས་ཆུ་ཤོད་གོང་མར་རྟེན་གཞི་བྱས་པའི་ཁ་ཆེའི་ལྷ་ཁང་ཞིག་ཏུའང་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་དང་ལ་དྭགས་ནང་གི་ཆོས་ལུགས་མཐུན་སྒྲིལ་གྱི་དཔེ་ལས་འཛམ་གླིང་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡིན་པ་དང་། ལྷག་པར་མིའི་ལྷན་སྐྱེས་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་མི་རབས་གཞོན་པ་ཚོས་མ་འོངས་པར་འཛམ་གླིང་འདི་བྱམས་བརྩེ་ལྡན་པ་ཞིག་ཏུ་སྐྲུན་ཐུབ་རྒྱུའི་གོ་སྐབས་དང་རེ་བ་ཆ་ཚང་ཡོད་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད།

༸གོང་ས་མཆོག་གིས་སློབ་སྦྱོང་མ་བྱེད་པར་ནང་པའི་ལྟ་གྲུབ་ཁག་པོ་འདུག་ཟེར་ན་རྒྱུ་མཚན་མེད་པའི་སྐད་ཆ་རེད་ཅེས་བཀའ་བསྩལ་བ།

ཁ་སང་ཟླ་ ༨ ཚེས་ ༡༤ ཉིན་ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་གུང་ཚིགས་གསོལ་སྟོན་འདེབས་འབུལ་ཞུས་པའི་མཛད་སྒོའི་སྟེང་མགོན་པོ་མཆོག་གིས་ལས་བྱེད་ཚོར་བླར་དོར་བཀའ་སློབ་སྩལ་གྲུབ་བསྟུན་མང་ཚོགས་ནས་༸གང་ཉིད་ལ་བཀའ་འདྲི་དགོངས་བསྐོར་ཞུས་ཡོད་པ་དང་།  སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ནད་པར་ཤི་སྨན་སྤྲད་རྒྱུའི་ཐད་དགོངས་པ་བཞེས་ཕྱོགས་དང་ནང་པའི་ལྟ་གྲུབ་ཐོག་སློབ་སྦྱོང་བྱེད་སྟངས་སྐོར་བཀའ་སློབ་གནང་ཡོད་པ་རེད། རྩ་བའི་ཁ་སང་༸གོང་ས་མཆོག་ལ་གུང་ཚིགས་གསོལ་སྟོན་འདེགས་འབུལ་ཞུས་པའི་མཛད་སྒོ་དེའི་ཐོག་༸གང་ཉིད་མཆོག་གིས་ད་ལྟ་བོད་དེ་དཀའ་ངལ་ཞིག་དང་གནས་སྟངས་ཉག་ཕྲ་བོ་ཞིག་གི་འོག་ཏུ་ལྷུང་ཡོད་པའི་དུས་ཚོད་འདིར། རྒྱལ་ཁབ་དང་རང་དབང་ཡོད་པའི་ལ་དྭགས་གཙོས་པའི་ཧི་མཱ་ལ་ཡའི་བརྒྱུད་ཀྱི་མང་ཚོགས་ནས་སྔར་ལྟར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མུ་མཐུད་གནང་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་སོང་བ་དང་།   མང་ཚོགས་ནས་༸གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་ཁྲོད་ལ་དྭགས་པ་ན་ཆུང་ཞིག་གིས་ཁོ་མོ་དུས་རྒྱུན་དཔེ་ཆ་ལྟ་ཀློག་བྱེད་སྐབས་མིང་ཚིག་ཁག་གི་གོ་དོན་མི་ཤེས་པས་ཁག་པོ་ཡོད་སྟབས། ནང་ཆོས་ལ་སློབ་སྦྱོང་བྱེད་སྟངས་དང་འགོ་གང་ནས་འཛུགས་དགོས་ཀྱི་ཡོད་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་སློབ་ཚན་གང་འདྲ་ཞིག་ཡིན་རུང་དེ་དག་ལ་སློབ་གཉེར་གནང་སྟངས་གཅིག་མཚུངས་ཡིན་པ་རེད།  དཔེར་ན། མཐོ་རིམ་སློབ་ཚན་ཞིག་སྔོན་འགྲོ་འཛིན་གྲྭས་ཤེས་ཐུབ་ཀྱི་མེད་པ་ལྟར། དེ་དོན་འཛིན་གྲྭ་དང་པོ་དང་གཉིས་པ། དེ་ནས་གསུམ་སོགས་རིམ་པ་བཞིན་འགྲོ་དགོས་ལ་ལྟར།  ནང་པའི་མཁས་པ་རྣམས་ནས་ཀྱང་ཐོག་མར་བསྡུས་སྒྲ་ནས་འགོ་འཛུགས་ཏེ་རིམ་པས་ལོ་ནས་ལོ་བསྟུད་ནས་དཔེ་ཆ་གཟིགས་གནང་གི་ཡོད་སྟབས་སློབ་སྦྱོང་མ་བྱེད་པར་ནང་པའི་ལྟ་གྲུབ་ཁག་པོ་འདུག་ཟེར་ན་རྒྱུ་མཚན་མེད་པའི་སྐད་ཆ་རེད་ཅེས་བཀའ་གནང་ཡོད་པ་རེད། ད་དུང་སྐབས་དེར་༸གོང་ས་མཆོག་༸སྐུ་སྒེར་གྱི་ཉམས་མྱོང་སྐོར་བཀའ་གནང་སྟེ། ༸གང་ཉིད་མཆོག་དེ་སྔ་སྐུ་ན་ཕྲ་མོའི་དུས་སུ་རྩེད་མོ་རྩེད་གནང་རྒྱུ་ལས་ཕྱག་དཔེ་གཟིགས་རྒྱུར་དེ་ཙམ་ཐུགས་འདོད་མེད་པ་དང་། དགུང་ལོ་ ༧ ཕེབས་སྐབས་ཐོག་མར་སློབ་སྦྱོང་གནང་འགོ་ཚུགས་ཡོད། དེ་ནས་དགུང་ན་ ༡༡ ནས་ ༡༣ བར་ནང་ཆོས་ལ་ཐུགས་སྣང་དང་དབྱིངས་ཆེན་པོ་སླེབས་ཡོད་པ་མ་ཟད། ལྷག་དོན་༸གང་ཉིད་མཆོག་དགུང་ལོ་ ༡༦ ནས་ཉམས་ལེན་གྱི་ཕྱོགས་སུ་ཞུགས་འགོ་ཚུགས་ནས་ད་བར་མཁས་པ་དང་སྐྱེས་བུ་དམ་པ་མང་དག་བསྟེན་ནས་སློབ་སྦྱོང་རྒྱ་ཆེ་མཛད་ཡོད་སྐོར་བཀའ་སྩལ་གནང་ཡོད་པ་རེད། ཁྱད་པར་དུ་༸གོང་ས་མཆོག་གིས་རྟགས་གསལ་བཏང་ནས་རིགས་ལམ་སློབ་སྦྱོང་བྱེད་པ་ཡིན་ན། ཤེས་རབ་མྱུར་པོ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་གནང་པ་དང་སྦྲགས། བཙན་བྱོལ་ནང་གི་དེ་སྔ་དཔེ་ཆ་མ་གཟིགས་མཁན་དགོན་པ་གྲྭ་ཚང་ནས་འདས་པའི་ལོ་ ༢༠ ཙམ་ནས་དཔེ་ཆ་གཟིགས་འགོ་ཚུགས་ནས་མཚན་ཉིད་ཀྱི་སློབ་ཚན་ཡང་བསླབ་ཡོད་སྟབས། ད་ཆ་དེ་དག་ལ་ཕན་ཐོགས་ཆེན་པོ་བྱུང་བཞིན་ཡོད་པའང་བཀའ་གནང་སོང་བ་མ་ཟད། ༸གོང་ས་མཆོག་གིས་སྐབས་དེའི་བཀའ་ལན་ནས་འཕྲོས་ཏེ། ལ་དྭགས་ནང་གི་དགོན་པ་ཁ་ཤས་ད་དུང་ཡང་ཕུགས་རྒྱང་རིང་པོའི་བསམ་བློ་མ་འཁོར་ནས་དཔེ་ཆར་སློབ་སྦྱོང་དང་རིགས་ལམ་ལ་དོ་དབྱིངས་མེད་པ་དེས་ཡར་རྒྱས་ལ་འགོག་རྐྱེན་ཆགས་རྒྱུ་ཡིན་ཞིང་། ང་ཚོ་དུས་རབས་ཉེར་གཅིག་པ་འདིའི་ནང་ཚན་རིག་དང་མཐུན་པའི་ཤེས་ཡོན་ཡར་རྒྱས་འགྲོ་དང་འགྲོ་མུས་ཡིན་སྟབས། མ་འོངས་པར་ཁུངས་མ་འཁྱོལ་བའི་ཉེན་ཁ་གཟིགས་ཀྱི་ཡོད་པ་བཅས་ནང་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་བཀའ་ལན་ཟབ་མོ་བསྩལ་ཡོད། ཡང་སྐབས་དེར་ས་གནས་ཀྱི་སྨན་པ་པདྨ་ཞུ་མཁན་ཞིག་གིས་ནད་པར་ཤི་སྨན་སྤྲད་རྒྱུའི་ཐད་༸གོང་ས་མཆོག་གིས་དགོངས་པ་བཞེད་ཕྱོགས་ཇི་ལྟར་ཡིན་པའི་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་སྤྱིར་མི་ལུས་རིན་པོ་ཆེ་འདི་ནི་ཧ་ཅང་གི་རྩ་ཆེན་པོ་ཞིག་ཡིན་ནའང་སྐབས་རེ་ནད་པ་དེ་དབུགས་གཏོང་ཐུབ་ཙམ་ལས་གཞན་སྨན་བཅོས་དང་དྲག་སྐྱེད་ཡོང་རྒྱུའི་རེ་བ་རྩ་བ་ནས་མེད་པའི་དུས་མཚམས་དང་། ད་དུང་ནང་མིར་དཀའ་ངལ་དང་དཔལ་འབྱོར་གྱི་འགྲོ་གྲོན་ཧ་ཅང་ཆེན་འགྲོ་བཞིན་ཡོད་ན། ཉེ་འབྲེལ་ནང་མི་དང་ལྷན་དུ་མོས་མཐུན་ཡོད་པའི་ཐོག་ནས་ཤི་སྨན་སྤྲད་ན་འགྲིག་གི་ཡོད་པ་དགོངས་གནང་གི་ཡོད་ཅེས་དང་།  ལྷག་དོན་ཨ་མའི་མངལ་ནང་ཕྲུ་གུ་མེད་པ་བཟོས་ཡག་དང་ཕྲུ་གུའི་སྐྱེས་སྒོ་བཀག་པའི་རིགས་ནམ་ཡང་གནང་རྒྱུ་མེད་པའི་ལམ་སྟོན་གནང་པ་དང་ཆབས་ཅིག   སྐབས་རེ་ཨ་མའི་མངལ་ནང་ཆགས་པའི་ཕྲུ་གུ་དེ་དབང་པོ་མ་ཚང་བའམ་གཟུགས་དབྱིབས་ཆ་ཚང་མ་ཚང་བ་ཞིག་དང་། དེའི་རྐྱེན་པས་ཕྲུ་གུ་རང་ཉིད་དང་ཨ་མ་གཉིས་ཀའི་ལུས་ཁམས་ལ་གནོད་ཆེ་བ་ཡོང་གི་ཡོད་ན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་ལྟར། ལས་ཅི་འདྲ་ཞིིག་བྱ་རུང་དེའི་དགེ་སྐྱོན་ལ་གཟིགས་དགོས་གལ་ཡིན་པ་རེད་བཅས་བཀའ་ལན་བསྩལ་ཡོད་པ་རེད། གཞི་རྩའི་ཁ་སང་ཚེས་ ༡༤ ཉིན་ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུང་ཚིགས་གསོལ་སྟོན་འདེབས་འབུལ་ཞུས་པའི་མཛད་སྒོ་དེའི་ཐོག་ལ་ལ་དྭགས་པའི་གཞུང་གི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། ལས་བྱེད་དང་སྨན་པ་སོགས་ཤེས་ཡོན་ཅན་བརྒྱ་སྐོར་ཞིག་ཆེད་བཅར་ཞུས་འདུག མཛད་འཆར་ལྟར་ན། ༸གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༨ ནས་དབུ་འཛུགས་ཀྱིས་ཚེས་ ༢༡ བར་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དང་ཉིན་མཐའ་མའི་སྐབས་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་གནང་རྒྱུ་ཡིན་འདུག  

ལ་དྭགས་ཁྲིག་རྩེ་དགོན་དང་ལ་དྭགས་མི་མང་ཡོངས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ལ་དྭགས་ཁྲིག་རྩེར་ཆོས་འབྲེལ་ཉིན་མཐའ་མའི་སྐབས་ཁ་སང་དབུ་འཛུགས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་། ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིས་ཆེ་བ་སྩལ་གྲུབ་བསྟུན། དེ་རྗེས་ཁྲིག་རྩེ་འདུས་མང་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་སྐབས་སངས་རྒྱས་པའི་ཆོས་ལ་འཆད་ཉན་གནང་པར་བླ་མ་དང་སློབ་མ་གཉིས་ཀྱི་ངོས་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་ཐོག་ནས་ཀུན་སློང་རྣམ་དག་བཅོས་གལ་ཆེ་བ་མ་ཟད། ལྷག་དོན་སངས་རྒྱས་པའི་ཆོས་ལ་དད་པ་ཁོ་ནའི་རྗེས་སུ་མི་འཇུག་པར་ཆོས་ལ་སློབ་གཉེར་གནང་ནས་གོ་བ་གཏིང་ཟབ་ཆགས་པ་ཞིག་གནང་གལ་ཆེ་བ་ཡིན་པའི་བཀའ་ནན་སྩལ་སོང་། ༸གང་ཉིད་མཆོག་གིས་མུ་མཐུད་བཀའ་སྩལ་གནང་པར་ད་ལན་གྱི་བཀའ་ཆོས་སྩལ་ཡུལ་ལ་དྭགས་ཀྱི་མང་ཚོགས་རྣམས་ལ་དད་པ་འདུག་པས་དད་པ་དེ་ཡོད་ཐོག་ས་དགེ་བཀའ་རྙིང་རིས་མེད་ཀྱི་གཞུང་ལུགས་དག་ལ་སློབ་གཉེར་རྒྱ་གང་ཆེ་གནང་འགངས་ཆེ་བ་ཡིན་སྐོར་བཀའ་བསྩལ་མཛད་ཡོད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་སྔ་ཐོག་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་སྐབས་ཚེ་རིང་པོ་ཡོང་བར་རྒྱུ་རྐྱེན་གཙོ་བོ་དེ་རང་ཉིད་ཀྱི་འཕྲོད་བསྟེན་ལེགས་པོ་གནང་རྒྱུ་དེ་ཡིན་པས་དེར་གཟབ་ནན་གནང་དགོས་གལ་ཡིན་པ་སོགས་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱུང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་བཀྲིན་ཆེ་བ་ལེགས་པར་གྲུབ་བསྟུན། ཁྲིག་རྩེ་དགོན་པའི་མཁན་རིན་པོ་ཆེས་༸གང་ཉིད་མཆོག་ལ་བཀྲིན་གཏང་རག་ཚུལ་དུ་མཎྜལ་འདེབས་འབུལ་དང་མང་ཚོགས་ཚོས་ཀྱང་སྟོན་པ་ཐུབ་དབང་གི་སྐུ་བརྙན་གཙོས་བརྟན་བཞུགས་ཀྱི་འབུལ་རྫས་རྣམས་འདེགས་འབུལ་ཞུས་ཡོད་པ་རེད།    

Latest news