Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་ཆེད་མདོ་སྡེ་བསྐལ་བཟང་ཚར་ ༡༡༣ ལྗགས་ཀློག་གནང་བཞིན་པ།

དེ་རིང་ཟླ་ ༨ ཚེས་ ༣ ཉིན་རྡ་ས་ཆོལ་གསུམ་དང་བླངས་ཚོགས་པས་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཆེད་དྷ་ས་ཁུལ་གྱི་བཙུན་དགོན་ཁག་གཙོས་པའི་བཞུགས་སྒར་དུ་བཅའ་བཞུགས་བ་སེར་སྐྱ་མང་ཚོགས་ཐུན་མོང་གིས་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ་ཚར་ ༡༡༣ ལྗགས་ཀློག་གནང་བཞིན་འདུག དེའང་དེ་རིང་ནས་དབུ་འཛུགས་ཀྱིས་བོད་ཟླ་ ༦ ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་གྱི་དུས་ཁྱད་ཉིན་བར་ཁྱོན་ཉིན་གྲངས་བཞིའི་རིང་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་རྒྱ་གང་ཆེ་ཞུ་ཕྱིར་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ་ཚར་ ༡༡༣ ལྗགས་ཀློག་གནང་རྒྱུའི་ཆོས་ཕྱོགས་ཀྱི་གནང་སྒོ་ཚོགས་འཚོགས་བཞིན་འདུག འདི་ག་རླུང་འཕྲིན་ཁང་གིས་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གོ་སྒྲིག་གནང་མཁན་རྡ་ས་ཆོལ་གསུམ་དང་བླངས་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་དོན་ལྟར། ངེད་ཅག་གིས་རྟེན་འབྲེལ་བཟང་པོ་མཚོན་ཕྱིར་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ་ཚར་ ༡༡༣ ལྗགས་ཀློག་གནང་གི་ཡོད་ཅེས་གསུངས་གནང་སོང་། དེ་བཞིན་བཞུགས་སྒར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་རྒན་དང་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ལྟ་གྲུབ་དགེ་རྒན་གཅིག་ལྕོགས་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་ཀྱང་གསུངས་པར་རྣམ་ཀུན་བླ་མའི་༸སྐུ་ཚེ་བརྟན་པའི་ཆེད་ཞབས་རིམ་གསོག་སྒྲུབ་གནང་སྟངས་མི་འདྲ་བ་མང་དག་ཡོད་པ་ལས། མདོ་སྡེ་བསྐལ་བཟང་ལྗགས་ཀློག་གནང་རྒྱུ་འདི་ནི་དམིགས་བསལ་ཞིག་ཡིན་པ་དང་། ལྷག་དོན་དེའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ཅེས་སོགས་གསུངས་སོང་། རྩ་བའི་ཐེངས་འདིའི་༸སྐུ་ཕྱྭའི་ཞབས་རིམ་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཀྱི་ཉིན་མཐའ་མ་བོད་ཟླ་ ༦ ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཚོགས་མཆོད་རྒྱས་པ་ཞིག་ཀྱང་འཚོགས་རྒྱུ་ཡིན་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ Slovakia ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་གཏན་འཁེལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ Slovakia ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་གཏན་འཁེལ་འདུག དེའང་དེ་རིང་ཟླ་ ༨ ཚེས་ ༢ ཉིན་ཡུལ་དེའི་ས་གནས་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ Slovakia འི་རྒྱལ་ས་ Bratislava ནང་ལ་༸ཞབས་སོར་འཁོད་གནང་གི་འདུག་པ་དང་། མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་འདིའི་ནང་ད་ལན་གྱི་ཆིབས་སྒྱུར་མཛད་པ་དེ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག རྒྱལ་ས་ Bratislava ནང་གི་ཆིབས་བསྒྱུར་དེའི་སྐབས་༸གོང་ས་མཆོག་ནས་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ National Tennis Center ཟེར་བའི་རྩེད་འགྲན་ཁང་དུ་མང་ཚོགས་ལ་བཀའ་སློབ་བཀྲིན་སྩལ་གནང་རྒྱུ་ཡིན་པ་དང་། ༸གང་ཉིད་མཆོག་ལ་གདན་ཞུ་ཕུལ་མཁན་ Suzanne Kiss ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་དེ་ནི་མང་ཚོགས་ལ་ཞི་བདེ་དང་རེ་བའི་བརྡ་ལན་ཆེས་གསལ་པོ་དང་ནུས་པ་ལྡན་པ་ཞིག་ཆགས་ངེས་ཡིན་པར་འགྲེལ་བརྗོད་གནང་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་འདིའི་ནང་ཆིབས་སྒྱུར་ཐོག་མ་དེ་ཕྱི་ལོ་ ༢༠༠༠ ཐམ་པའི་ལོ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༠༩ ལོར་ཡིན་འདུག་ལ། སྐབས་དེར་མགོན་པོ་མཆོག་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་འབྲེལ་བའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ Jan Langos ཞེས་པའི་གྲགས་ཅན་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད། དཔའ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གནས་ཚུལ་བཀོད་པར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༠ པའི་ནང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ Slovakia ནང་ཆིབས་བསྒྱུར་མ་མཛད་གོང་ལ་ Latvia འི་རྒྱལ་ས་ Riga དང་སུད་སིའི་གྲོང་ཁྱེར་ Zurich བཅས་གཉིས་ཀྱི་ནང་ལ་ཆིབས་བསྒྱུར་མཛད་འཆར་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་རང་ཉིད་ཀྱི་མི་ཚེ་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་གཙོ་བོ་འགྲོ་བ་གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱ་རྒྱུུ་དེ་རེད་ཅེས་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཉིད་ཀྱི་མི་ཚེ་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་གཙོ་བོ་འགྲོ་བ་གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱ་རྒྱུ་དེ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེའང་ཁ་སང་ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་སྤྱིའི་ཐོག་ནང་པའི་ཆོས་དང་རིག་གཞུང་། དེ་བཞིན་སྒོམ་གྲུབ་ཉམས་ལེན་གནང་ཕྱོགས་སོགས་དང་འབྲེལ་བའི་དཔྱད་རྩོམ་རིགས་ཁྱབ་སྤེལ་གནང་མཁན་ Lion’s Roar ཐེབས་རྩ་ཁང་གྱི་བརྙན་དེབ་ Lion’s Roar ཞེས་པའི་དེ་ལས་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Melvin McLeod ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་བཟང་སྤྱོད་དང་བདེ་སྡུག དེ་བཞིན་བྱམས་སྙིང་རྗེ། སྒོམ་གྲུབ་ཉམས་ལེན་གནང་ཕྱོགས་སོགས་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་པ་ཁྱབ་སྤེལ་གནང་འདུག སྐུ་ཞབས་ Melvin McLeod ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་དེང་སྐབས་ནུབ་ཕྱོགས་པའི་མི་རིགས་མང་པོ་ཞིག་ནས་རང་ཉིད་ཀྱི་བདེ་སྐྱིད་སླད་གཞན་གྱི་བདེ་སྡུག་ལ་བསམ་ཤེས་དེ་ཙམ་གནང་གི་མེད་སྐོར་དང་འབྲེལ། འགྲོ་བ་གཞན་ལ་བདེ་སྐྱིད་བསྐྲུན་ཐབས་སུ་རང་ཉིད་ཀྱི་བདེ་སྐྱིད་བློས་བཏང་གནང་དགོས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཉིད་ཀྱི་བདེ་སྐྱིད་དང་འགྲོ་བ་གཞན་གྱི་བདེ་སྐྱིད་དབར་ལ་ཁྱད་པར་གྱི་རྩོད་གཞི་གང་ཡང་མེད་སྐོར་བཀའ་བསྩལ་དང་འབྲེལ། ཕྱིའི་སྣང་ཚུལ་གྱི་ཆ་ནས་ང་ཚོས་འགྲོ་བ་གཞན་གྱི་བདེ་སྡུག་ལ་བསམ་ཤེས་གནང་སྐབས་རང་ཉིད་ཀྱི་བདེ་སྐྱིད་བློས་བཏང་བྱས་པ་ལྟར་སྣང་སྲིད་ཀྱང་། དོན་དངོས་ཐོག་འགྲོ་བ་གཞན་ལ་ཇི་ཙམ་གྱིས་ཕན་པ་བྱེད་པ་དེ་ཚོད་ཀྱིས་རང་ཉིད་ལ་བདེ་སྐྱིད་དང་ཕན་ཡོན་ཆེ་བ་ཡོང་བའི་དགེ་མཚན་ཡོད་པ་བཀའ་བསྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་ང་ཚོ་ཚང་མ་སྤྱི་ཚོགས་སེམས་ཅན་ཡིན་སྟབས་གང་ཟག་སྒེར་གྱི་བདེ་སྡུག་གང་འདྲ་ཞིག་ཡིན་ཡང་འགྲོ་བ་གཞན་ལ་ལྟོས་རྒྱུ་གལ་ཆེན་པོ་ཡིན་པ་དང་།  རང་གཅེས་གཛིན་གྱི་བསམ་བློ་ཁོ་ན་བཏང་ཚེ། རང་ཉིད་ཀྱི་མི་ཚེ་ནང་སེམས་ཁྲལ་དང་སེམས་སྡུག དེ་བཞིན་མི་སྐྱིད་པ་དང་རང་ཉིད་ཁེར་རྐྱང་གི་སེམས་འཚོར་ཤུགས་ཆེ་བྱུང་ངེས་རེད་ཅེས་ལམ་སྟོན་བཀའ་སློབ་དང་སྦྲགས། རང་ཉིད་ཀྱི་མི་ཚེ་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་གཙོ་བོ་འགྲོ་བ་གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱ་རྒྱུ་དེ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་རྩོམ་སྒྲིག་པས་དེང་སྐབས་རྒྱལ་སྤྱིའི་ཐོག་འགྲོ་བ་མི་རྣམས་ནས་དཀའ་རྙོག་མང་དག་ཞིག་བཟོ་བཞིན་པའི་དུས་སྐབས་འདིར། ༸གང་ཉིད་མཆོག་ནས་འགྲོ་བ་མིའི་རང་བཞིན་དེ་བཟང་པོ་ཡིན་པའི་གོ་རྟོགས་ཇི་ལྟར་སྤེལ་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༸གང་ཉིད་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་དེ་དག་རྒྱལ་ཁབ་དང་ལུང་ཚན། མི་རིགས་དང་ཆོས་ལུགས། དེ་བཞིན་རིགས་རུས་སོགས་རིམ་པ་གཉིས་པའི་ཁྱད་པར་ལ་དོ་སྣང་ཆེ་དྲགས་པའི་དབང་གིས་བྱུང་གི་ཡོད་སྐོར་བཀའ་བསྩལ་དང་སྦྲགས། ང་ཚོ་ཚང་མ་ཨ་མའི་བྱམས་སྙིང་རྗེའི་འོག་ནས་འཚར་ལོངས་བྱུང་བའི་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་སྟབས། འགྲོ་བ་མིའི་རང་བཞིན་གཙོ་བོ་དེ་ཞི་དུལ་བག་ཕེབས་དང་བྱམས་སྙིང་རྗེ་ལྡན་པ་ཞིག་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་དཀའ་རྙོག་དེ་དག་སེལ་ཐབས་སུ་ཤེས་ཡོན་སློབ་གསོའི་ཁྲོད་ན་གཞོན་རྣམས་ལ་ཕྱི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་སློབ་གསོ་གང་མང་སྤྲོད་གལ་ཆེ་བ་དང་། ལྷག་པར་དུ་ཤེས་ཡོན་སློབ་གསོ་དེ་མིའི་ཀླད་པ་རྒྱ་བསྐྱེད་བཏང་རྒྱུ་ཁོ་ན་མིན་པར་འགྲོ་བ་མིའི་ནང་སེམས་ཀྱི་ཞི་བདེ་དང་བྱམས་སྙིང་རྗེའི་བསམ་པ་གོང་མཐོར་གཏོང་རྒྱུ་བཅས་ལ་དོ་སྣང་ཆེ་བཞེས་གནང་དགོས་པའི་ལན་སྟོན་མཛད་འདུག ཁོང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནུབ་ཕྱོགས་ཁུལ་དུ་མི་མང་པོ་ཞིག་ནས་ནང་ཆོས་མ་ཤེས་ཀྱང་སྒོམ་གྲུབ་ཉམས་ལེན་གྱི་ཐོག་ལ་དོ་དབྱིངས་ཆེན་པོ་གནང་བཞིན་པར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར། མགོན་པོ་ཆོག་ནས་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་གི་ནང་ནས་ཐེར་འབུམ་གཅིག་ལྷག་ཆོས་ཁས་ལེན་གནང་གི་མེད་སྐོར་འགྲེལ་བརྗོད་གནང་པ་དང་ཆབས་ཅིག གཞི་རྩའི་ཆ་ནས་སྒོམ་གྲུབ་ཉམས་ལེན་གནང་རྒྱུ་དེ་ཆོས་ཕྱོགས་ནས་དར་བ་ཞིག་ཡིན་ཀྱང་། འགྲོ་བ་མི་རྣམས་ནས་ཕན་ཡོན་དང་དགེ་མཚན་ལྡན་པར་གཟིགས་ཀྱི་ཡོད་ན་ཆོས་དང་མ་འབྲེལ་བའི་སྒོམ་གྲུབ་ཉམས་ལེན་རིགས་གནང་ཚེ། དེ་ནི་ནོར་འཁྲུལ་གང་ཡང་མེད་པ་མ་ཟད། ལྷག་དོན་སྒོམ་གྲུབ་ཉམས་ལེན་གནང་ཐུབ་ན་རང་ཉིད་ཀྱི་རིག་སྟོབས་འཕེལ་རྒྱུ་དང་བསམ་བློའི་དཔྱད་ཞིབ་ཀྱི་རང་བཞིན་རྒྱ་བསྐྱེད་འགྲོ་རྒྱུ་སོགས་ལ་ཆེས་དགེ་མཚན་ཡོད་པ་བཀའ་བསྩལ་ཡོད། མཐའ་མ་དེར་ Lion’s Roar བརྙན་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Melvin McLeod ལགས་ནས་མགོན་པོ་༸གང་ཉིད་མཆོག་གིས་འཛམ་བུ་འདིའི་ཐོག་ཡོད་པའི་འགྲོ་བ་ཐེར་འབུམ་མང་པོའི་བསམ་བློ་བཀུག་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་གང་ཡིན་པར་གཟིགས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་ངོས་རང་ཏཱ་ལའི་བླ་མ་ཡིན་བསམ་པའི་དམིགས་བསལ་གྱི་བསམ་བློ་གང་ཡང་གཏོང་གི་མེད་པ་མ་ཟད། ངོས་ནས་རྒྱལ་སྤྱིའི་ཐོག་ཆོས་འབྲེལ་དང་གསུང་བཤད་སོགས་གང་བསྩལ་ཡང་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་པ་དེས། འགྲོ་བ་ཡོངས་དང་སེམས་ཐག་ཉེ་པོ་བྱུང་ཐུབ་ཀྱི་ཡོད་པར་བཀའ་བསྩལ་གནང་བཞིན་ཡོད་པ་བཀའ་ལན་དང་སྦྲགས། འགྲོ་བ་མི་རྣམས་ལ་ཆོས་ཁས་བླངས་དང་མི་བླངས་ཀྱི་རང་དབང་ཡོད་ཀྱང་། གལ་ཏེ་ཆོས་གང་རུང་ཞིག་ཁས་ལེན་གནང་རྗེས་རང་ཉིད་ཀྱི་ངོས་ནས་སེམས་པ་རྣམ་དག་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། དེ་ལྟར་གནང་ཚེ་རིམ་པས་རང་ཉིད་ཀྱི་སེམས་རྒྱུད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ངེས་པར་ཐེབས་ཀྱི་རེད་ཅེས་བཀའ་སློབ་བཀྲིན་བསྩལ་འདུག  

༸གོང་ས་མཆོག་གིས་ནང་པའི་གཙུག་ལག་ཁང་དང་ཁ་ཆེའི་ལྷ་ཁང་དུ་གནས་གཟིགས་མཛད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ལ་དྭགས་ཀྱི་རྒྱལ་ས་སླེར་རྟེན་གཞི་བྱས་པའི་ཇོ་བོ་གཙུག་ལག་ཁང་དང་། དེ་བཞིན་ ཤིཡཱ་ དང་ ཤུནི་ཁ་ཆེ་ལྷ་ཁང་གཉིས་བཅས་སུ་གནས་གཟིགས་མཛད་པ་དང་། མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་སྐོར་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག དེ་ཡང་མགོན་པོ་མཆོག་ཁ་ཉིན་ཚེས་ ༢༥ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་ལྟར། དེ་རིང་ཉིན་གསུམ་པའི་སྔ་དྲོ་ཚོུད་ ༨།༠༠ ཡོལ་ཙམ་ལ་རྒྱལ་ས་སླེར་རྟེན་གཞི་བྱས་པའི་ཇོ་བོ་གཙུག་ལག་ཁང་དུ་གནས་གཟིགས་དང་སྨོན་ལམ་གསུང་འདོན་མཛད་འདུག སྐབས་དེར་ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པའི་སྲིད་སྐྱོང་ཌོཀ་ཊར་བསོད་ནམས་ཟླ་བ་མཆོག་གིས་དབུས་པའི་བློན་ཆེན་རྣམ་པ་དང་། ཁྲིག་རྩེ་དགོན་པའི་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ། གཞུང་གི་གནད་ཡོད་མི་སྣ་བཅས་མང་ཚོགས་བརྒྱ་སྐོར་ཁ་ཤས་ནས་སྤོས་སྣེས་སྔོན་བསུས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་༸གོང་ས་མཆོག་རྒྱལ་ས་སླེར་རྟེན་གཞི་བྱས་པའི་ ཤིཡཱ་ དང་ ཤུ་ནི་ཁ་ཆེ་ལྷ་ཁང་གཉིས་སུ་གནས་གཟིགས་མཛད་པ་དང་། དེ་འབྲེལ་ཁ་ཆེའི་གཙོ་འཛིན་དང་མང་ཚོགས་བརྒྱ་སྐོར་ཁ་ཤས་ལ་མཇལ་ཁ་དང་༸གང་ཉིད་ཀྱི་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་བཀའ་སློབ་བསྩལ་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་དེ་གར་འདུས་པའི་ཁ་ཆེའི་ཆོས་གྲོགས་རྣམས་ལ། ལ་དྭགས་གཙོས་པའི་རྒྱ་གར་ནང་གི་ཁ་ཆེ་བ་ཚོས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་མཚོན་རྟགས་སུ་འགྱུར་ཐུབ་པ་གནང་གལ་ཡིན་པའི་བླང་དོར་ལམ་སྟོན་རྒྱ་ཆེ་མཛད་འདུག མཛད་འཆར་ལྟར་ན་སང་ཉིན་ནས་ཉིན་གྲངས་བཅུ་ཙམ་རིང་ལ་མགོན་པོ་༸གང་ཉིད་མཆོག་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་མཚམས་སུ་བཞུགས་གནང་གི་འདུག་པ་དང། དེ་ནས་ཕྱི་ཚེས་ ༡༠ དང་ ༡༡ བཅས་སུ་ཁྲིག་རྩེ་དགོན་པར་བྱང་ཆུབ་ལམ་སྒྲོན་དང་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བསྩལ་རྒྱུ་མ་ཟད། བཀའ་ཆོས་ཉིན་གཉིས་པའི་སྐབས་ཚེ་དབང་བཀྲིན་བསྩལ་གཏན་འཁེལ་འདུག དེ་ནས་ཕྱི་ཚེས་ ༡༩ ནས་ཉིན་གྲངས་གསུམ་རིང་ལ་༸གོང་ས་མཆོག་གིས་ཞི་བའི་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ཐུགས་རྗེ་ཆེན་པོ་བཀའ་དབང་བཅས་བསྩལ་གཏན་འཁེལ་འདུག

༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ནི་ཆོས་དད་ཡོད་མེད་ལ་ལྟོས་མེད་ཚང་མར་འབྲེལ་བ་དང་ཕན་ཐོགས་ཡོད་པ་རེད་ཅེས་བཀའ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་སྔ་དྲོ་རྡ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་ཇ་མུ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བཀྲིན་བསྐྱངས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཞབས་གསོར་འཁོད་མ་ཐག་ཞི་བའི་ཚལ་ཕོ་བྲང་གི་ཚོམས་ཆེན་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས། འབྲི་དགུ་ཆེ་ཚང་རིན་པོ་ཆེ་མཆོག་སོགས་ནང་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་གཞུང་འབྲེལ་གནད་ཡོད་མི་སྣ། བོད་མིའི་གཞིས་སྒར་སྐུ་ཚབ་ཁག་ཅིག་འདུ་འཛོམས་ཐོག་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རྣམས་ལ་༸གང་ཉིད་ཀྱི་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་པོ་ངོ་སྤྲོད་གནང་པ་དང་ཆབས་ཅིག མགོན་པོ་མཆོག་གིས་དེང་གི་དུས་ཚོད་དང་མཐུན་པའི་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་གལ་འགངས་ཐད་ལ་བཀའ་བསྩལ་མཛད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་དང་མང་ཚོགས་སོགས་ནས་དོ་སྣང་ཇེ་ཆེར་གནང་བཞིན་ཡོད་སྟབས། ༸གང་ཉིད་མཆོག་གིས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་གཞི་དེའང་འདི་ལོའི་ལོ་མཇུག་ནང་འདོན་སྤེལ་བཟོ་སྒྲིག་འཐུས་ཚང་ཟིན་གྱི་ཡོད་སྐོར་བཀའ་བསྩལ་མཛད་འདུག  ཁྱད་པར་དུ་ལ་དྭགས་ས་གནས་འགོ་ཁྲིད་ཚོས་ཀྱང་སློབ་གཞི་དེ་ཁུལ་དེའི་སློབ་གྲྭ་ཁག་གི་སློབ་མའི་སློབ་ཚན་ཁོངས་སུ་བཅུག་དགོས་པའི་ལམ་སྟོན་བསྩལ་བ་དང་སྦྲགས། ༸གང་ཉིད་མཆོག་གིས་སློབ་གཞི་དེ་ཆོས་དད་ཡོད་མེད་ལ་ལྟོས་མེད་ཚང་མར་འབྲེལ་བ་དང་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བཀའ་སྩལ་འདུག བརྙན་འཕྲིན། http://www.youtube.com/watch?v=xXFDIsXDrpg&feature=youtu.be

༸གོང་ས་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་ཤིས་སྨོན་དང་འཚམས་འདྲི་ཞུས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་ལ་ཤིས་སྨོན་དང་འཚམས་འདྲི་ཞུས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་མཟད། གཞན་ལ་ཕན་ཐོགས་གང་ནུས་བྱ་རྒྱུ་དང་། ཅི་སྟེ་ཕན་ཐོགས་མ་ནུས་ཀྱང་འཚེ་བ་སྤང་ཐུབ་པ་བྱུང་ན་ངོས་རང་ཡིད་སྤྲོ་དེ་ལས་ཆེ་བ་ཡོང་ངེས་ཞེས་བཀའ་སྩལ་མཛད་འདུག དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གསུང་འཕྲིན་སྤེལ་བར་གཞིགས་ན། ༸གོང་ས་མཆོག་གིས་ ( བརྩེ་ལྡན་སྤུན་ཟླ་ཕོ་མོ་ཡོངས་ལ། ས་ཕྱོགས་གང་ས་ནས་ངོས་རང་ན་ཚོད་ལོ་ ༨༡ ལོན་པའི་སྐྱེས་ཚེས་ལ་འཚམས་འདྲི་དང་། ཤིས་སྨོན་མང་པོ་འབྱོར་བྱུང་བས་དགའ་སྤྲོ་ངང་ཚང་མར་ཐུགས་རྗེ་ཆེ་ཞུ། ངོས་ནས་ཚང་མར་རེ་རེ་ནས་ལན་བྲིས་ཁོམ་མ་བྱུང་བར་དགོངས་སེལ་དང་འདིར་ཆབས་ཅིག་ཏུ་ཚང་མར་ལན་མདོར་བསྡུས་ཤིག་བྲིས་འདུན་བྱུང་། གལ་ཏེ་ཁྱོད་རྣམས་ཀྱི་ཤིས་སྨོན་དེ་དག་རང་རང་གི་སེམས་རྒྱུད་ཀྱི་བྱམས་བརྩེའི་ངོ་བོར་བསྒྱུར་ཏེ། ལྷག་བསམ་བཟང་པོས་ཕན་ཚུན་བརྩེ་གདུང་གིས་གཞན་གྱི་བདེ་དོན་ལ་ཐུགས་སྣང་ཆེར་བསྐྱེད་ཀྱིས་མདོ་དོན་གཞན་ལ་ཕན་ཐོགས་གང་ནུས་བྱ་རྒྱུ་དང་། ཅི་སྟེ་ཕན་ཐོགས་མ་ནུས་ཀྱང་འཚེ་བ་སྤང་ཐུབ་པ་བྱུང་ན་ངོས་རང་ཡིད་སྤྲོ་དེ་ལས་ཆེ་བ་ཡོང་ངེས། ཉེ་ཆར་བདུན་ཕྲག་གསུམ་རིང་ཨ་རིའི་ཁུལ་དུ་བསྐྱོད་རྗེས་ཚུར་ལམ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་བདུན་གཅིག་བསྡད་དེ་འདི་ཟླ་ ༧ ཚེས་ ༨ ཉིན་རྡ་སར་ཕྱིར་འཁོར་ཟིན། རྒྱུན་དུ་རིགས་རུས་སྐད་ཡིག་དང་འཚོ་འདུན་འདྲ་མིན་སྣ་ཚོགས་པའི་སྐྱེ་བོ་ཚང་མས་ངོས་ལ་བརྩེ་གདུང་དང་མཆེད་གྲོགས་ཀྱི་འདུ་ཤེས་སྟོན་པ་འདིར་ཡིད་འགུལ་ཤུགས་ཆེ་ཐེབས་ཀྱི་འདུག སྐྱབས་སྨོན་བཟང་པོ་བཅས་ཏཱ་ལའི་བླ་མས། ཕྱི་ལོ ༢༠༡༦ ཟླ་ ༧ ཚེས་ ༢༦ ལ། ། ) ཞེས་བཀའ་བསྩལ་འདུག

༸གོང་ས་མཆོག་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་སྔ་དྲོ་ཚོུད་ ༤།༣༠ ཐོག་རྡ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་ཇ་མུ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བཀྲིན་བསྐྱངས་ཡོད་པ་དང་། དེ་ཉིན་སྔ་དྲོ་ཚོུད་ ༡༠།༣༠ ཙམ་ལ་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག མགོན་པོ་༸གང་ཉིད་མཆོག་ལ་དྭགས་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཇ་མུ་ཀཤ་མིར་མངའ་སྡེ་བློན་ཆེན་ཚེ་རིང་རྡོ་རྗེ་ལགས་ཀྱིས་གཙོས་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས་དང་ལ་དྭགས་ཡུལ་ལྗོངས་ཡར་རྒྱས་ཚོགས་ཆེན་སྡེ་དཔོན་འབུམ་རམས་པ་ཟླ་བ་ལགས་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་དང་། དགའ་ལྡན་ཁྲི་རིན་པོ་མཆོག་གིས་དབུས་པའི་འབྲི་གུང་ཆེ་ཚང་རིན་པོ་མཆོག་སོགས་ལ་དྭགས་ནང་པའི་ཚོགས་པ་དང་ཆོས་ལུགས་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་དང། ས་གནས་མང་ཚོགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ཐོག་བ་ཀུ་ལ་གནམ་ཐང་ནས་ཞི་བའི་ཚལ་ཕོ་བྲང་བར་བཀྲིས་པའི་མཆོད་རྫསདང་བདུག་སྤོས། ཞུགས་ཏོག་གཞན་ཡང་དགའ་གུས་ཀྱི་གླུ་སྒར་བཅས་ཀྱིས་གདན་འདྲེན་གཟབ་རྒྱས་ཞུས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་སྔོན་སྒྲིག་ལྟར་ན། ཕྱི་ཟླ་བརྒྱད་པའི་ནང་ལ་དྭགས་སུ་ཆིབས་སྒྱར་གནང་རྒྱུ་ཡིན་ཀྱང་། དེ་རིང་ཉིན་ཤས་སྔ་ནུར་གྱིས་ལ་དྭགས་སུ་ཆིབས་སྒྱུར་མཛད་ཡོད་པ་རེད། ཐེངས་འདིའི་༸གོང་ས་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཆར་དང་བཞུགས་ཞག་གི་དུས་ཡུན་དེའང་ཟླ་ ༧ ཚེས་ ༢༥ ནས་ཟླ་ ༨ ཚེས་ ༢༢ བར་ཐུགས་གཏན་འཁེལ་གནང་འདུག་པ་དང། ཕྱི་ཟླ་ ༨ ཚེས་ ༡༠ བར་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་མཚམས་སུ་བཞུགས་གནང་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༡ ནས་ ༡༣ བར་ཁུལ་དེའི་ཁྲིག་རྩེ་ཚུལ་ཁྲིམས་རྣམ་དག་གླིང་དགོན་ནས་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་ ༤ པའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ། རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག དེ་ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེ་དབང་བཀའ་དྲིན་ལེགས་པར་བསྩལ་གྲུབ་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁྲིག་རྩེ་སེར་སྐྱ་མང་ཚོགས་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག གཞན་ཡང་ཕྱི་ཚེས་ ༡༩ ནས་ ༢༠ བར་༸གང་ཉིད་མཆོག་གིས་ལ་དྭགས་ཀྱི་སླེ་རུ་ཡོད་པའི་ཞི་བའི་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་མཛད་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ཐུགས་རྗེ་ཆེན་པོ་བཀའ་དབང་བཅས་བསྩལ་ཡིན་འདུག གཞི་རྩའི་ལོ་ཤས་གོང་ནས་ལ་དྭགས་ནང་པའི་དགོན་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་བདུན་པ་དང་བརྒྱད་པའི་གཡས་གཡོན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༸སྐུ་ངལ་གསོལ་བཞུགས་མཛད་རྒྱུ་དང་། མང་ཚོགས་ལ་ཆོས་འབྲེལ་བཅས་ཀྱི་སླད་གདན་ཞུ་ཕུལ་གྱི་ཡོད་པ་རེད། ལྷག་དོན་སྔ་ལོར་ལ་དྭགས་ནང་དུ་ཆིབས་སྒྱུར་མཛད་སྐབས་མགོན་པོ་མཆོག་གིས་འདི་ལོའི་ནང་ལ་དྭགས་སུ་རྒྱུན་རིང་བཞུགས་བཞག་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་རེད།

༸གོང་ས་མཆོག་གིས་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲི་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་དེའི་ནང་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་ལེགས་གསོལ་དང་སྦྲགས། ཁོང་གིས་སྣེ་ཁྲིད་འོག་མངའ་སྡེ་དེ་གའི་ནང་གི་ཉམ་ཐག་དབུལ་ཕོངས་རྣམས་ཀྱིས་གཙོས། ཕྱོགས་ཀུན་ནས་ཡར་རྒྱས་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུར་ཡིད་ཆེས་ཡོད་པ་གསུངས་དང་ཆབས་ཅིག ཁོང་གིས་སྤྱི་ཁྱབ་བློན་ཆེན་གནང་པའི་དུས་ཡུན་དེའི་རིང་དཀའ་ངལ་ལ་གདོང་ལེན་གནང་སྟེ་མང་ཚོགས་ཀྱི་མངོན་འདོད་དང་རེ་བ་རྣམས་བསྐོང་ཐུབ་པའི་ཐུགས་སྨོན་བསྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ད་རེས་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ནས་ཁོང་གི་ཡབ་དམ་པ་ལྟར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་ཐུབ་པ་དེས་ཡབ་དམ་པའི་སྤོབས་སེམས་འཕེལ་ངེས་ཡིན་པ་བཅས་ཀྱི་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ཧྥ་རན་སི་མང་ཚོགས་ལ་ཐུགས་གསོ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཧྥ་རན་སིའི་སྲིད་འཛིན་ Francois Hollande མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཏེ་ཉེ་ཆར་ཁུལ་དེར་བསམ་ཡུལ་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་གསོ་ཡོད་པ་བཀའ་གནང་འདུག དེ་ཡང་ཉིན་ཤས་གོང་ཕྱི་ཚེས་ ༡༤ ཕྱི་དྲོ་ཧྥ་རན་སིའི་གྲོང་ཁྱེར་ Nice  ནང་དུ་མང་ཚོགས་བརྒྱ་སྐོར་ཁ་ཤས་ནས་ Bastille ཞེས་རྒྱལ་ཡོངས་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་དེར་ Tunisia འི་མི་རིགས་ཡིན་པ་ Mohamed Lahouaiej ཞུ་མཁན་ཞིག་གིས་མང་ཚོགས་སྟེང་བསྐྱེལ་འདྲེན་རླུངས་འཁོར་ཆེ་བ་གང་བྱུང་བཏང་ནས་མི་གྲངས་བརྒྱད་ཅུ་རྐྱེན་ལམ་དུ་བཏང་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་འབྲེལ། ༸གང་ཉིད་མཆོག་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Francois Hollande མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་།  ༸གང་ཉིད་མཆོག་གིས་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་གསན་རྗེས་ཧ་ཅང་གི་ཐུགས་སྐྱོ་སྣང་བྱུང་ཡོད་པ་བཀའ་བསྩལ་དང་། ལྷག་པར་དུ་སྐབས་དེའི་དོན་རྐྱེན་འོག་ཚེ་སྲོག་ཤོར་བའི་ནང་མི་ཉེ་འབྲེལ་དང་ཕྲུ་གུ་སོགས་ཀྱི་ཤུལ་ལུས་ནང་མི་གཙོས་དགའ་ཉེ་སྤུན་མཆེད་རྣམས་དང་། ཧྥ་རན་སིའི་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་བསྩལ་བ་དང་སྦྲགས། རྨས་སྐྱོན་ཕོག་པ་རྣམས་དྲག་སྐྱེད་གང་མྱུར་ཡོང་པའི་ཐུགས་སྨོན་མཛད་འདུག ཁྱད་པར་༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་དེའི་ཐོག་ནས་མང་ཚོགས་ལ་ད་ཆ་ཡིད་སྐྱོ་བའི་གནས་སྟངས་འདི་འདྲའི་འོག་ལྷུང་སྐབས། ཁོང་ཁྲོ་དང་ཞེ་སྡང་མ་བྱེད་པར་རང་གི་སེམས་ཞི་བདེ་ལྷིང་འཇགས་ངང་གནས་པའི་ཐོག ད་དུང་དེ་ལྟར་མི་ཡོང་བའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཐོག་རྣོ་བསམ་བཞེས་དགོས་གལ་ཡིན་པ་སོགས་གསུངས་འདུག

Latest news