Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ལྷན་ཚོགས་ཐོག་སྩལ་བའི་གསུང་འཕྲིན།

ཨ་རིའི་རྒྱལ་ས་ཝ་ཤིན་གྲོང་ཊི་སེ་ནང་དུ་ཟླ་བ་འདིའི་ཚེས་༡༣ ནས་ ༡༥ བར་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཆེས་མཐོའི་ལྷན་ཚོགས་ཐེངས་དང་པོ་དེ་ཚོགས་ཡོད་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ལ་དྲ་ལམ་བརྒྱུད་ནས་གསུང་འཕྲིན་སྩལ་ཏེ། ཆབ་སྲིད་ཀྱི་དགོས་མཁོ་དང་དབང་ཆ་འཐབ་རྩོད་ཀྱི་དབང་གིས་ཆོས་ལུགས་ལོག་སྤྱོད་བྱ་རྒྱུ་མཚམས་འཇོག་གིས། སྔོན་སོང་གི་ཉམས་མྱོང་གཞིར་བཞག་ཕན་ཚུན་མཉམ་གནས་དང་མཉམ་ལས་གནང་དགོས་པའི་ལམ་སྟོན་མཛད་འདུགདེ་ཡང་དེ་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་མཆོག་གི་གསུང་འཕྲིན་གྱི་བརྙན་དེ་དྲ་ལམ་དུ་བཞག་པའི་ནང་དུ། མགོན་པོ་གང་གིས་ཚོགས་ཞུགས་ཀྱི་མཆེད་གྲོགས་རྣམས་ལ་འཚམས་འདྲི་གནང་བ་དང་ལྷན་དུ། སྤྱིར་འགྲོ་བ་མིའི་རིགས་ལ་དུད་འགྲོ་སེམས་ཅན་དང་མི་འདྲ་བའི་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་ཡོད་པ་མ་ཟད་ཕུགས་རྒྱང་རིང་པོའི་བསམ་བློའི་ཐོག་ནས་འབྱུང་འགྱུར་རིགས་ལ་སྔོན་དཔག་བྱེད་པའི་ནུས་བ་ཡང་ཡོད་པར་བརྟེན།  ད་ལྟའི་ཆོས་ལུགས་འདྲ་མིན་སྣ་ཚོགས་ཀྱི་དར་འཕེལ་ཡང་དེའི་ཁྲོད་བྱུང་ཡོད་པར་བཀའ་སྩལ་ཏེ། ཆོས་ལུགས་སྣ་ཚོགས་པར་ལྟ་གྲུབ་དང་ཉམས་ལེན་གྱི་རྣམ་པ་མི་འདྲ་བ་ཡོད་ཀྱང་། དོན་དུ་ཆོས་ལུགས་ཐམས་ཅད་ཀྱི་སྙིང་དོན་དུ་བྱམས་བརྩེ་དང་བཟོད་བསྲན། འདོད་ཆུང་ཆོག་ཤེས། ཚུལ་ཁྲིམས་ཀྱི་བསླབ་པ་བཅས་གསུངས་བཞིན་ཡོད་པ་དང་།  དེ་དག་ནི་ཆོས་ལུགས་ཁས་མི་ལེན་མཁན་རྣམས་ལ་ཡང་དགོས་མཁོ་ཆེན་པོ་ཡོད་པར་བཀའ་སྩལ་འདུག དེ་བཞིན་མགོན་པོ་གང་གིས་གཞི་རྩའི་ཆོས་ཐམས་ཅད་ལ་དབྱེ་ན་གཉིས་ཀྱི་སྒོ་ནས་གཟིགས་དགོས་བར་བཀའ་སྩལ་ཏེ། ད་ལྟའི་ཆོས་ལུགས་ཀྱི་དབྱེ་བའི་ཆ་གཅིག་ནི་དྲང་ཚུགས་དང་ཚུལ་ཁྲིམས་ལྡན་པ། དེ་བཞིན་གཞན་ཕན་གྱི་བསམ་པ་དང་རང་རྒྱུད་ཀྱི་ཁོང་ཁྲོ་ཉུང་དུ་གཏོང་དགོས་བ་དེ་ཡིན་པ་དང་། ཆ་གཞན་ཞིག་ལྟ་གྲུབ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། དེ་དག་ཡོད་ཚད་ཀྱིས་གཞན་ཕན་གྱི་བསམ་བློ་གོང་མཐོར་གཏོང་བའི་ལམ་ཐབས་བསྟན་ཡོད་སྟབས། འཇིག་རྟེན་བཀོད་པ་པོ་ཁས་ལེན་མིན་ལ་མ་ལྟོས་བར་གཞི་རྩའི་ཆོས་ལུགས་ཐམས་ཅད་ཀྱིས་མི་བཟང་པོ་ཞིག་དང་དྲང་ཚུགས་ལྡན་ཞིང་གཡོ་རྒྱུ་མེད་པ་ཞིག་བྱ་དགོས་བའི་བསླབ་བྱ་གནང་གི་ཡོད་པར་བཀའ་གནང་འདུག གཞན་ཡང་མགོན་པོ་གང་གིས། དེང་གི་དུས་སུ་འགྲོ་བ་མི་ཐེར་འབུམ་བདུན་པོ་གཅིག་གྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་ཕན་ཚུན་ལ་གུས་བརྩི་དང་གཅིག་ཕན་གཅིག་གྲོགས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་ལྟ་བུའི་འདུ་ཤེས་དེ་ནི་ཆོས་ལུགས་ཁས་མི་ལེན་མཁན་རྣམས་ལ་ཡང་ལྟོས་བཅོས་ཀྱིས་འབྲེལ་བ་ཆགས་ཡོད་པར་བཀའ་གནང་སྟེ། སྔ་མའི་དུས་སུ་ཆབ་སྲིད་ཀྱི་དགོས་མཁོ་དང་དབང་ཆ་འཐབ་རྩོད་ཀྱི་དབང་གིས་མི་རྣམས་ཀྱིས་ཆོས་ལུགས་ལོག་སྤྱོད་བྱས་དེ་ཆོས་ལུགས་རྗེས་འབྲངས་བ་ཕྱོགས་སོ་སོའི་བར་ལ་འཐབ་འཛིང་བྱུང་ཡོད་ཀྱང་། ད་ཆ་ང་ཚོའི་དེ་ལྟ་བུའི་འཁོན་འཛིན་གྱི་ལྟ་བ་དེ་ཡོངས་སུ་འདོར་དགོས་བའི་བཀའ་སློབ་ལམ་སྟོན་གནང་སྟེ། སྔོན་སོང་གི་ཉམས་མྱོང་གཞིར་བཞག་གིས་དེང་གི་དུས་སུ་ང་ཚོ་ཚང་མ་འཆམ་མཐུན་མཉམ་གནས་དང་མཉམ་ལས་ཡོང་པར་འབད་བརྩོན་གནང་དགོས་བའི་ལམ་སྟོན་མཛད་འདུགརྩ་བའི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་དེ་ནི་ཨ་རིའི་སྲིད་འཛིན་ཟུར་པ་Donald Trump་མཆོག་གི་ལས་ཡུན་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་Sam Brownback ལགས་ཀྱིས་ཕྱག་རོགས་གནང་བའི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལྷན་ཚོགས་ཐོག་འཛམ་གླིང་ཡོངས་ཀྱི་ཆོས་ལུགས་འདྲ་མིན་གྱི་ཚོགས་སྡེ་ཁྱོན་ ༤༠ ལྷག་ཙམ་གྱི་སྐུ་ཚབ་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Mike Pompeo དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi ལགས་ཀྱི་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་གསུང་བཤད་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འཁོད་པར་གཞིགས་ན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚི་རིང་ལགས་ཀྱིས་ཀྱང་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ལྷན་ཚོགས་ཐོག་མཉམ་བཞུགས་གནང་མ་ཟད། སྐུ་ཚབ་དོན་གཅོད་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་གཉིས་ཀྱི་གཙོ་སྐྱོང་གི་ཐོག   རྒྱ་ནག་གི་དམ་དྲག་འོག་གི་བོད་ནང་གི་ཆོས་ལུགས་དད་མོས་རང་དབང་སྲུང་སྐྱོབ་ཅེས་པའི་བརྗོད་གཞི་ཐོག་ཟུར་ཚོགས་ཞིག་ཀྱང་ཚོགས་འདུགསྐབས་དེར་ Sophie Richardson ལགས་ཀྱིས་བོད་ནང་དུ་རྒྱ་ནག་གི་དབང་བསྒྱུར་གྱི་འོག་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་ཐེབས་ཀྱི་ཡོད་པ་དང་། དེ་བཞིན་ཁོང་གིས་ལོ་མང་གི་རིང་ལ་བོད་ནང་གི་ཆོས་ལུགས་དད་མོས་རང་དབང་དང་འབྲེལ་བའི་གནས་ཚུལ་མཁོ་བསྡུ་གནང་བ་བརྒྱུད་ནས་ཤེས་རྟོག་བྱུང་བ་ལྟར་ན། ད་ཆ་རྒྱ་ནག་གིས་བོད་ནང་གི་སློབ་གྲྭ་ཁག་ཡོངས་སུ་གཙོ་རྒྱུགས་ཀྱི་སྐད་ཡིག་དེ་མེད་པར་བཟོས་ནས། བསླབ་གཞི་ཁག་ཡོད་ཚད་རྒྱ་ཡིག་གི་ནང་དུ་སློབ་ཁྲིད་བྱེད་བཞིན་ཡོད་པ་སོགས་ཤེས་རྟོག་བྱུང་ཡོད་སྐོར་དང་འབྲེལ་ནས་གཏམ་བཤད་གནང་འདུགཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བོདམི་ས་ཡ་གཅིག་ལྷག་ལྟོག་སྐོམ་དང་མནར་གཅོད་ཀྱི་ཁྲོད་ནས་རྐྱེན་འདས་སུ་ཕྱིན་པ་དང་བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་ཅིག་རྒྱ་ནག་གིས་རྩ་གཏོར་བཏང་ཡོད་པའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས་ནས། ད་ཆ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕང་གི་འགོ་ཁྲིད་ཀྱི་སྲིད་བྱུས་འོག་ཏུ། རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཁུལ་དུ་སྲིད་བྱུས་འདྲ་མིན་གཏན་འབེབས་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་དང་བོད་མིའི་ངོ་བོ་ཡོད་ཚད་ཡོངས་སུ་རྩ་གཏོར་གཏོང་གི་ཡོད་པའི་ཐད་ནས་གཏམ་བཤད་གནང་འདུག  

རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་ཀྱིས་ས་མཚམས་ཀྱི་རྙོག་གླེང་ལ་གྲོས་བསྡུར།

ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Jai Shankar དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྣམ་གཉིས་དབར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁལ་གྱི་མཐའ་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་གྲོས་བསྡུར་བྱས་བའི་ཁྲོད་ཇེ་ཡ་ཤཾ་ཀར་ལགས་ཀྱིས་ས་མཚམས་ཀྱི་རྩོད་རྙོག་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པར་བརྗོད་འདུག དེའང་Tajiskistan གྱི་རྒྱལ་ས་ Dushanbe ནང་འཚོགས་བཞིན་པའི་ SCO ཞེས་ Eurasia ཡི་མངའ་ཁུལ་གྱི་རྒྱལ་ཁབ་བརྒྱད་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་དང་བསྟུན་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་དབར་ཟུར་དུ་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་བྱུང་ཡོད་པ་དང་། སྐུ་ཞབས་ Jai Shankar ལགས་ཀྱིས་རྗེས་སུ་འཕྲུལ་སྒྲ་དྲ་གནས་སུ་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་ཀྱི་གཞུང་ཐིག་ཐད་ཀྱི་ད་ཡོད་ལངས་ཕྱོགས་ལ་རྒྱ་ནག་གིས་ཕྱོགས་གཅིག་ཁོ་ནའི་ཐོག་ནས་འགྱུར་བ་གཏོང་བའི་ཐབས་ཤེས་རིགས་ལ་རྒྱ་གར་གྱིས་ངོས་ལེན་བྱ་ཐབས་བྲལ་བ་དང་ཕྱོགས་གཉིས་ཀྱིས་འབྲེལ་ལམ་ཡར་རྒྱས་སླད་ས་མཚམས་ཁུལ་དུ་ཞི་བདེ་དང་བརྟན་བརླིང་སླར་གསོ་བྱ་རྒྱུ་གལ་ཆེ་ཡིན་པར་བྲིས་འདུག རྒྱ་གར་གྱི་ Hindu གསར་ཤོག་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་མཇལ་མོལ་དེའི་སྐབས་ Wang Yi ལ་འདི་ལོའི་ཟླ་ ༢ པའི་ནང་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དཔུང་སྤང་གོང་མཚོ་ཁུལ་ནས་ཕྱིར་འཐེན་བྱས་པ་ནས་བཟུང་སྟེ་ཕྱོགས་གཉིས་ཀྱི་བར་དུ་འབྲེལ་ལམ་མཇུག་སྐྱོང་ཐུབ་པ་མངོན་གསལ་གྱིས་རྒྱ་གར་གྱི་ངོས་ནས་སྔར་ཨུ་རུ་སུའི་རྒྱལ་ས་མོ་སུ་ཁཱོ་ཁུལ་དུ་གྲོས་མཐུན་བྱུང་བའི་དོན་ཚན་ལྔར་གཞིར་བཞག་གིས་རྒྱ་ནག་གིས་ཀྱང་གྲོས་མཐུན་དེར་བརྩི་འཇོག་གི་ཐོག་ནས་ཕྱོགས་གཉིས་ཀྱི་རྒྱལ་མཚམས་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད་པར་བརྗོད་འདུགགསར་ཁང་དེས་ད་དུང་སྔར་གྱི་ཨུ་རུ་སུའི་ཁུལ་གྱི་གྲོས་བསྡུར་དང་མི་འདྲ་བར་ཐེངས་འདིར་གྲོས་བསྡུར་གྲུབ་མཚམས་སུ་ཕྱོགས་གཉིས་ཀྱི་བློན་ཆེན་མཉམ་འབྲེལ་གྱི་ཐོག་ནས་གསར་འགོད་གསལ་བསྒྲགས་གནང་མེད་པར་མངོན་གསལ་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་རྒྱ་དཀར་ནག་གཉིས་ཀྱི་བྱང་ཕྱོགས་ཁུལ་གྱི་རྒྱལ་མཚམས་ཀྱི་དཀའ་རྙོག་མ་སེལ་བར་དུ་ཕྱོགས་གཉིས་ཀྱི་བར་དུ་འབྲེལ་ལམ་གཞན་ཁག་ཀྱང་མཇུག་སྐྱོང་གནང་ཐབས་མེད་པར་བརྗོད་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན་གསར་ཁང་གིས་སྔར་དང་མ་འདྲ་བའི་ཆ་གཞན་ཞིག་ནི། རྒྱ་དཀར་ནག་གི་དཔོན་རིགས་ཕན་ཚུན་དབར་གྲོས་བསྡུར་རིམ་པ་བྱུང་ཡོད་ཀྱང་། ས་མཚམས་ཀྱི་རྩོད་རྙོག་འགོ་ཚུགས་པ་ནས་སྲིད་བློན་མོ་དྷི་དང་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་དབར་ད་བར་ཕན་ཚུན་ལ་སྐད་ཆ་བཤད་རེས་བྱས་མེད་པ་དང་། འདི་ལོར་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་སྐབས་སུ་ཡང་རྒྱ་གར་གྱི་སྲིད་བློན་གྱིས་འཚམས་འདྲི་གནང་མེད་པར་འཁོད་འདུག གཞི་རྩའི་སྔར་ལོའི་ཟླ་༧ པའི་ནང་གི་གྷལ་ཝང་ལུང་གཤོངས་ཀྱི་ཕྱོགས་གཉིས་ཀྱི་དམག་འཐབ་ཁྲོད་ཕན་ཚུན་གྱི་དམག་མི་མང་པོའི་ཚེ་སྲོག་ཤོར་ཡོད་སྟབས། སྐབས་དེ་ནས་བཟུང་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་ཀྱི་འབྲེལ་ལམ་ཇེ་སྡུག་དུ་ཕྱིན་ཡོད་པ་རེད། རྒྱ་གར་གྱིས་རྒྱལ་ཁོངས་ཀྱི་བདེ་འཇགས་དང་འབྲེལ་ནས་རྒྱ་ནག་གི་མཉེན་ཆས་མང་པོ་བཀག་སྡོམ་བྱས་ཡོད་པ་མ་ཟད། དེ་བཞིན་རྒྱ་གར་གྱི་མང་ཚོགས་རང་བཞིན་གྱི་ཐོག་ནས་ཀྱང་རྒྱ་ནག་གི་དངོས་ཟོག་བཀག་འགོག་དང་བེད་སྤྱོད་བྱེད་རྒྱུ་མེད་པའི་རྔམ་སྟོན་ཁྲོམ་སྐོར་རིམ་པ་བྱུང་བ། འདི་ལོ་སྲིན་བློན་མོ་དྷི་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་ཡོངས་གྲགས་ཀྱིས་ཞལ་པར་གྱི་ལམ་ནས་འཚམས་འདྲི་ཞུས་པ་མངོན་གསལ་གནང་བ་སོགས་ཀྱི་གནད་དོན་དང་འབྲེལ་ཏེ། ད་ཆ་རྒྱ་དཀར་ནག་གི་འབྲེལ་ལམ་རྣོ་ངར་ཅན་དུ་འགྲོ་བཞིན་པ་མ་ཟད་མཐའ་མཚམས་ཁག་ཏུ་ད་དུང་དམག་མི་འགྲེམས་འཇོག་གིས་གཞུང་ལམ་སོགས་ཀྱི་འཛུགས་སྐྲུན་གྱི་ལས་གཞི་གཞི་རྒྱ་ཆེ་རུ་གཏོང་བཞིན་པ་རེད་འདུག

སེམས་བསྐྱེད་ཀྱི་སྡོམ་པ་འབོགས་མཛད་དེ་ཉིན་གཉིས་ཀྱི་བཀའ་ཆོས་མཇུག་སྒྲིལ་མཛད་པ།

སེམས་བསྐྱེད་ཀྱི་སྡོམ་པ་འབོགས་མཛད་དེ་ཉིན་གཉིས་ཀྱི་བཀའ་ཆོས་མཇུག་སྒྲིལ་མཛད་པ།

ལ་དྭགས་དད་ལྡན་མང་ཚོགས་ལ་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་དབུ་འཛུགས།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག ལ་དྭགས་ནང་པའི་ཚོགས་པ་དང་། ལ་དྭགས་དགོན་པའི་ཚོགས་པ། དེ་བཞིན་ཁྲིག་སེ་རིན་པོ་ཆེ་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་ཚོད་གཅིག་གི་རིང་ལ་དྲ་ཐོག་བརྒྱུད་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་ཉིན་གཉིས་ཀྱི་གསུང་ཆོས་དབུ་འཛུགས་དང་དད་ལྡན་མང་ཚོགས་ཀྱིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་ལན་སྩལ་སོང་།དེ་རིང་གི་གསུང་ཆོས་ཀྱི་ཐོག་མར་མགོན་པོ་གང་གིས་སྔར་བོད་ཁུལ་དུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་བྱུང་བའི་ལོ་རྒྱུས་དང་འབྲེལ་ནས།  སྔོན་ཆད་བོད་ཀྱི་བསྟན་པ་རིན་པོ་ཆེ་ཉམས་ཆག་ཆེས་ཆེར་ཕྱིན་མཚམས་སུ་མངའ་རིའི་ཆོས་རྒྱལ་གྱིས་བོད་ཀྱི་བསྟན་པ་རིན་པ་ཆེ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་དགོངས་གཞི་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་ཞུས་ཀྱིས་བྱང་ཆུབ་ལམ་སྒྲོན་ཐོག་མར་གསུངས་ཡོད་པའི་ལོ་རྒྱུས་ངོ་སྤྲོད་མཛད་དེ་དེ་རིང་ཉིན་དང་པོའི་གསུང་ཆོས་དབུ་འཛུགས་མཛད་སོང་།དེ་བཞིན་མགོན་པོ་གང་གིས་བོད་བརྒྱུད་ནང་བསྟན་གྱི་གཞུང་ཆེན་ཁག་སྤྱི་སྟེ། བཀའ་འགྱུར་བསྟན་འགྱུར་ཡོད་ཚད་ཐོག་མར་བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་བོད་བསྒྱུར་གནང་ཡོད་སྐོར་དང་འབྲེལ་ནས། བོད་ཀྱི་དཔེ་ཆ་མང་པོའི་མགོར་རྒྱ་གར་སྐད་དུ་ཞེས་གསལ་ཡོད་པ་མ་ཟད་ལེགས་སྦྱར་གྱི་ཚིག་འཁོད་ཡོད་པ་དེ་ཡིས་གཅིག་ནས་སྐད་ཡིག་ལ་བག་ཆགས་འཇོག་ཡ་དང་། གཉིས་ནས་སྔར་བྱོན་གྱི་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་དྲན་པ་སོགས་ཀྱི་དགོས་དམིགས་ཆེན་པོ་ཡོད་པ་དང་འབྲེལ། རིགས་གསུམ་མགོན་པོའི་ངོ་བོ་དང་གལ་ཆེན་རང་བཞིན་རྒྱས་འགྲེལ་གྱིས་ཆོས་རྣམ་པར་འབྱེད་པའི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་འཇམ་པའི་དབྱངས་ཀྱི་གསུང་སྔགས་བགྲང་ན་ཕན་ནུས་ཆེན་པོ་ཡོད་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་གནང་སོང་།གཞན་ཡང་མགོན་པོ་གང་གིས་ལམ་སྒྲོན་གྱི་སྙིང་བོ་དེ་གང་ཟག་ལས་དང་པོ་བ་རྣམས་ཀྱིས་བློ་སྦྱོང་གནང་གལ་གཙོ་བོར་བསྟན་ཡོད་སྐོར་དང་འབྲེལ་ནས། ཆོས་ཉམས་ལེན་བྱེད་པར་བློ་རྒྱ་ཆེ་ཆུང་གི་དབང་གིས་སྐྱེ་བོ་ཆེ་འབྲིང་ཆུང་གསུམ་གྱི་རིགས་དབྱེ་བཀར་ཡོད་པར་བཀའ་གནང་བའི་ནང་ཕྱི་མ་དོན་གཉེར་གྱི་བློ། འཁོར་བ་སྲིད་པའི་ཕུན་ཚོགས་ལ་ཞེན་པ་ལོག་པའི་བློ། དེ་བཞིན་གཞན་སེམས་རྒྱ་བསྐྱེད་ཀྱི་བློ་སོགས་སྐྱེ་བོ་རེ་རེའི་ཆོས་འཁོར་གྱི་རིགས་སོགས་ལ་རྒྱས་འགྲེལ་མཛད་ཡོད།དེ་རིང་གི་གསུང་ཆོས་གྲུབ་མཚམས་སུ་མགོན་པོ་གང་གིས་དད་ལྡན་ཆོས་ཞུ་བ་ཁག་གིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་སྩོལ་སྐབས། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་གིས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་སྟངས་སྐོར་གྱི་བཀའ་ལན་མཛད་སྐབས། སྐྱེ་བ་སྔ་མ་གང་འདྲ་ཞིག་ཡིན་ནམ་སྙམ་མཁན་གྱི་གང་ཟག་ཅིག་ལ་མཚོན་ན་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་སྟངས་དེ་ཏོག་ཙམ་ཁག་པོ་འདྲ་ཞིག་ཡོད་པར་བཀའ་གནང་སྟེ། སྐྱེ་བ་སྔ་ཕྱི་ཁས་ལེན་མིན་ལ་མ་ལྟོས་པར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ནང་དུ་གསལ་བའི་བདག་གཞན་མཉམ་བརྗེ་ཡི་བློ་བསྐྱེད་སྟངས་དེ་ལུང་འདྲེན་གྱིས། གཞན་སེམས་བསྐྱེད་པ་ཡིན་ན་རང་གཞན་གཉིས་ལ་འཕྲལ་ཕུགས་རྒྱངས་གསུམ་དུ་ལུས་བདེ་བ་དང་སེམས་སྐྱིད་པ་སོགས་ཡོང་གི་ཡོད་པར་བཀའ་ལན་གནང་སོང་།དེ་བཞིན་བཀའ་འདྲི་གཞན་ཞིག་གི་ནང་དུ། འཛམ་གླིང་གི་ཆོས་ལུགས་མཐུན་འབྲེལ་དང་འབྲེལ་བའི་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་ཕར་ཕྱིན་གྱི་བློ་སྦྱོང་ཡ་དེ་ཆོས་ལུགས་ཡོངས་ཀྱི་གཞི་རྩའི་ལྟ་གྲུབ་ཀྱི་ནང་དུ་འཇིག་རྟེན་བཀོད་པ་པོ་ཡོད་མེད་ཁས་ལེན་མིན་གྱི་ལྟ་གྲུབ་ཅི་རིགས་ཤིག་ཡོང་གི་ཡོད་ནའང་། ཆོས་ལུགས་ཐམས་ཅད་ཀྱི་རྩ་བའི་བསླབ་བྱ་དེ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཡིན་ལུགས་ངོ་སྤྲོད་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་དུས་རྒྱུན་ནས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་མང་པོ་དང་མཇལ་འཕྲད་གནང་མྱོང་བ་ལྟར་རྣམ་ཀུན་ཆོས་ལུགས་ཐམས་ཅད་ལ་གུས་བརྩི་གནང་གི་ཡོད་པའི་བཀའ་ལན་སྩལ་ཡོད།སང་ཉིན་ཆོས་འཁོར་དུས་ཆེན་དང་འབྲེལ་ནས་མགོན་པོ་མཆོག་གིས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་ནས་ཐེངས་འདིའི་ཉིན་གཉིས་ཀྱི་གསུང་ཆོས་དེ་མཇུག་སྒྲིལ་མཛད་རྒྱུ་རེད་འདུག

རྒྱ་གར་གྱིས་བོད་དོན་སྤྱོད་པ་དེས་རྒྱ་ནག་ལ་འཇིགས་སྣང་སྐུལ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག

རྒྱ་གར་གྱི་ The Diplomat ཞེས་པའི་གསར་ཁང་གི་ལྷོ་ཨེ་ཤ་ཡ་མངའ་ཁུལ་གྱི་ཆབ་སྲིད་འབྲེལ་ལམ་ཐོག་དཔྱད་ཞིབ་གནང་མཁན་རྩོམ་སྒྲིག་པ་ Sudha Ramachandran ལགས་ཀྱིས་ཉེ་ཆར་ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་ཐེངས་དང་པོ་ཡོངས་གྲགས་ཀྱི་ཐོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུས་པའི་གནད་དོན་ལས་འཕྲོས་ཏེ་སྲིད་བློན་མོ་དྷི་མཆོག་གིས་སླར་བོད་ཀྱི་གནད་དོན་སྤྱོད་པ་དེས་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་རྒྱ་གར་གྱི་མི་སེར་ཁག་གི་བློར་འཇུག་པོ་བྱུང་སྲིད་ཀྱང་རྒྱ་ནག་ལ་འཇིགས་སྣང་སྐུལ་ཐུབ་པ་ཞིག་བྱུང་མེད་པ་རེད་ཅེས་གསུངས་འདུགདེ་རིང་ཕྱི་ཚེས་ ༡༣ ཉིན་རྩོམ་སྒྲིག་པ་ Sudha Ramachandran ལགས་ཀྱིས་ The Diplomat གསར་ཁང་གི་དྲྭ་གནས་ཐོག་སྲིད་བློན་མོ་དྷི་མཆོག་གིས་སླར་ཡང་བོད་ཀྱི་གནད་དོན་བེད་སྤྱོད་བྱས་སོང་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བ་དང་འབྲེལ་ཏེ་ཉེ་ཆར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་རྒྱལ་སྤྱིའི་ས་གནས་འདྲ་མིན་ནས་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་མཁན་མང་དག་ཅིག་བྱུང་བའི་ཁྲོད་ནས་ཆེས་ཡོངས་གྲགས་སུ་འབུར་དུ་ཐོན་པ་ནི་ད་རེས་སྲིད་བློན་མོ་དྷི་མཆོག་གིས་ཆེས་ཐོག་མ་ཡོངས་གྲགས་ཐོག་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དེ་ཆགས་པ་མ་ཟད་དེ་བཞིན་སྲིད་བློན་མཆོག་གི་རྗེས་སུ་བོད་དང་ས་འབྲེལ་ཡོད་པ་རྒྱ་གར་གྱི་འབྲས་ལྗོངས་དང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱིས་ཀྱང་དེ་མཚུངས་འཚམས་འདྲི་ཞུས་པ་རེད་ཅེས་འགྲེལ་བརྗོད་དང་སྦྲགས། གནད་དོན་འདིའི་ཐོག་རྒྱ་ནག་གཞུང་ནས་ད་ལྟའི་ཆར་ཡར་ལན་གང་ཡང་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གིས་དབུས་པའི་བཙན་བྱོལ་གྱི་བོད་མི་རྣམས་ཁ་བྲལ་བ་ཡིན་ལུགས་བརྗོད་བཞིན་པ་དང་རྒྱ་གར་གཞུང་གིས་བོད་མི་འབུམ་གཅིག་ཙམ་ལ་སྐྱབས་བཅོལ་གྱི་མཐུན་རྐྱེན་གནང་བཞིན་པའི་གནས་སྟངས་ཁྲོད་དུ་བོད་ཀྱི་གནད་དོན་དེ་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་གནད་དོན་ཁྲོད་དུ་ཚུད་པ་མ་ཟད་རྒྱ་གར་ལ་མཚོན་ན་བོད་ཀྱི་གནད་དོན་འདི་རྒྱ་ནག་ཐོག་སྤྱོད་ནས་རང་ཉིད་ཀྱི་ཆབ་སྲིད་ཀྱི་གནད་དོན་ལ་ཁེ་ཕན་བསྒྲུབ་རྒྱུའི་ལག་ཆ་ཞིག་ཀྱང་རེད་ཅེས་བཀོད་འདུགསྐུ་ཞབས་མོ་དྷི་མཆོག་གིས་རྒྱ་གར་གྱི་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ད་བར་བོད་ཀྱི་གནད་དོན་དེ་རྒྱ་ནག་དང་ལྷན་དུ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་རིམ་པ་བཏང་ཡོད་པ་དང་ཕྱི་ལོ་ ༢༠༡༤ ལོར་སྐུ་ཞབས་མོ་དྷི་མཆོག་གིས་སྲིད་བློན་གྱི་ལས་འཁུར་དམ་འབུལ་གྱི་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་མགྲོན་འབོད་གནང་བའི་གནས་སྟངས་དང་། རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་ནང་དུ་༸གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ Pranab Mukherjee མཆོག་རྣམ་གཉིས་དབར་ཡོངས་གྲགས་ཐོག་མཇལ་འཕྲད་ཀྱི་གོ་སྐབས་བསྐྲུན་པ། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་བྱང་ཤར་འབྲོག་ལམ་ས་གནས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་སྐབས་སྐབས་དེའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྩོད་རྙོག་ཅན་གྱི་ལ་དྭགས་སྤང་མགོན་མཚོ་ཁུལ་དུ་ཕེབས་ཏེ་བོད་ཀྱི་རྒྱལ་དར་འཕྱར་བའི་གནས་སྟངས་བཅས་བྱུང་ཡོད་པ་ལུང་འདྲེན་དང་འབྲེལ་ནས་སྲིད་བློན་མོ་དྷི་མཆོག་གིས་ ༢༠༡༤ ནས་ ༢༠༡༨ ཀྱི་ལོ་སྟོད་ཙམ་གྱི་བར་དུ་རྒྱ་ནག་དང་ལྷན་དུ་བོད་ཀྱི་གནད་དོན་བེད་སྤྱོད་བྱས་པ་དེས་སྲིད་བློན་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་རྒྱ་གར་གྱི་མི་སེར་ཁག་གི་བློར་འཇུག་པོ་བྱུང་ཡོད་སྲིད་ཀྱང་ཆབ་སྲིད་ཀྱི་གནད་འགག་ཐོག་ནས་རྒྱ་ནག་ལ་འཇིགས་སྣང་གང་ཡང་སྐུལ་ཐུབ་པ་ཞིག་བྱུང་མེད་པ་མ་ཟད་དེ་ལས་ལྡོག་ཏེ་རྒྱ་ནག་ཕྱོགས་ནས་རྒྱ་གར་ལ་སྔར་ལྷག་སྡང་ཟུག་བྱ་ཡུལ་ཞིག་ཏུ་གྱུར་བ་རེད་ཅེས་གསུངས་འདུག ལྷག་པར་དུ་སྲིད་བློན་མོ་དྷི་མཆོག་གིས་བོད་ཀྱི་གནད་དོན་དེ་བེད་སྤྱོད་བྱས་ཏེ་མཇུག་འབྲས་ཡག་པོ་ཞིག་བྱུང་མེད་པའི་རྒྱུ་མཚན་ནི། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་གཉིས་པ་ཙམ་ནས་རྒྱ་ནག་གཞུང་དང་བསྟུན་མཁས་གནང་སྟེ་རྒྱ་གར་གཞུང་འབྲེལ་གྱི་མི་སྣ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་རིམ་ཁག་ཏུ་མཉམ་ཞུགས་གནང་མི་ཆོག་པའི་བཀག་རྒྱ་བཏང་བ་མ་ཟད། སྐབས་དེར་རྒྱལ་ས་ལྡི་ལིར་འཚོགས་གཏན་འཁེལ་བའི་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་དེ་ལོ་ངོ་ ༦༠ འཁོར་བའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་མཛད་རིམ་དེ་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་ཚོགས་དགོས་བྱུང་བ། དེ་བཞིན་སྲིད་བློན་མཆོག་སླར་ཡང་ཕྱི་ལོ་ ༢༠༡༩ ལོར་སྲིད་བློན་དུ་འདེམས་ཐོན་བྱུང་སྐབས་དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གདན་ཞུ་མ་གནང་བ་བཅས་ཀྱི་གནས་སྟངས་ལས་གསལ་པོ་ཤེས་ཐུབ་ཀྱི་རེད་གསུངས་འདུགདེ་བཞིན་རྩོམ་སྒྲིག་པ་ Sudha Ramachandran ལགས་ཀྱི་དཔྱད་རྩོམ་ནང་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱིས་གཙོས་པའི་མཐའ་མཚམས་ས་ཁུལ་ཁག་ཏུ་རྒྱ་དཀར་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་རབ་དང་རིམ་པ་བྱུང་སྟེ་ཕྱོགས་གཉིས་དབར་གྲོས་མོལ་ཐེངས་ ༡༡ ཙམ་གནང་ཡོད་ཀྱང་ཞི་སྒྲིག་མ་བྱུང་བའི་གནས་སྟངས་ཁྲོད་མཐའ་མཚམས་ཁག་ཏུ་བོད་མིའི་དང་ཞབས་དམག་མི་ཆེད་གཏོང་གནང་བ་དང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བོད་དོན་དངོས་སུ་གླེང་སློང་གནང་བ་སོགས་རྒྱ་གར་ཕྱོགས་ནས་སླར་བོད་ཀྱི་གནད་དོན་བེད་སྤྱོད་བྱེད་བཞིན་ཡོད་ཀྱང་། བོད་ཀྱི་གནད་དོན་སྤྱད་པ་དེས་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐོག་དོན་འབྲས་གང་ཡང་སོན་མེད་པ་དང་། རྒྱ་ནག་ཕྱོགས་ནས་མུ་མཐུད་མཐའ་མཚམས་ཁག་ཏུ་བཙན་འཛུལ་དང་བོད་ཀྱི་གནད་དོན་སྤྱོད་ན་རྒྱ་གར་ལ་མཇུག་འབྲས་ངན་པ་ཞིག་ཡོང་སྲིད་སྐོར་གྱི་ཉེན་བརྡ་ཁོ་ན་གཏོང་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། སླར་སྲིད་བློན་མཆོག་གིས་ཅིའི་ཕྱིར་བོད་ཀྱི་གནད་དོན་དེ་སྤྱོད་པ་ཡིན་ནམ་ཞེས་དྲི་བ་ཞིག་ཀྱང་གནང་འདུགལྷག་པར་དུ་༸སྐུའི་འཁྲུངས་ཀྱི་མཚམས་སུ་མ་འོངས་པར་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་བཟང་དུ་ཕྱིན་ན་༸གོང་ས་མཆོག་དང་སྲིད་བློན་མོ་དྷི་མཆོག་རྣམ་གཉིས་དབར་མཇལ་འཕྲད་གནང་འཆར་ཡོད་པའི་གནས་ཚུལ་ཞིག་ཐོན་པ་དེ་ལྟར་ཡང་དངོས་སུ་གནང་ཐུབ་མིན་དང་། གལ་སྲིད་དབུ་ཁྲིད་རྣམ་གཉིས་དབར་མཇལ་འཕྲད་གནང་བའི་རྗེས་སུ་རྒྱ་ནག་ཕྱོགས་ནས་ཡར་ལན་ཞིག་བྱེད་ཀྱི་རེད། དེས་ན་རྒྱ་གར་ཕྱོགས་ནས་དེར་གདོང་ལེན་གནང་རྒྱུར་གྲ་སྒྲིག་ཇི་ཡོད་སྐོར་དྲི་བ་ཞིག་གནང་བ་དང་ཆབས་ཅིག དོན་དངོས་ཐོག་རྒྱ་གར་ཕྱོགས་ནས་བོད་ཀྱི་གནད་དོན་དེ་ཇི་ཙམ་སྤྱོད་ཀྱང་རྒྱ་ནག་ལ་འཇིགས་སྣང་སྐུལ་ཐུབ་པ་ཞིག་བྱུང་མེད་པར་གསུངས་འདུག གཞི་རྩའི་སྐུ་ཞབས་ Narendra Modi མཆོག་གིས་རྒྱ་གར་གྱི་སྲིད་བློན་གྱི་ཐུགས་བཞེས་པའི་རྗེས་སུ་ད་རེས་ཐེངས་དང་པོ་ཡོངས་གྲགས་ཀྱི་ཐོག་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་རྗེས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་མངའ་སྡེ་འདྲ་མིན་གྱི་སྤྱི་ཁྱབ་བློན་ཆེན་སོགས་ནས་ཀྱང་ཡོངས་གྲགས་ཐོག་མགོན་པོ་༸གང་ཉིད་མཆོག་ལ་འཚམས་འདྲི་ཞུས་ཡོད་པ་དང་། སྐབས་དེར་དཔྱད་ཞིབ་པ་ཁག་ཅིག་གིས་སྲིད་བློན་མོ་དྷི་མཆོག་གིས་འཚམས་འདྲི་ཞུས་པ་དེ་ནི་རྒྱ་ནག་ལ་བརྡ་ལན་གལ་ཆེན་ཞིག་ཡིན་པར་གསུངས་འདུག་པ་དང་རྒྱ་གར་གཞུང་དང་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་བ་དམ་ཟབ་གནང་བ། དེ་བཞིན་རྒྱ་གར་གཞུང་ཕྱོགས་ཀྱི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གོམ་སྟབས་གསར་པ་ཞིག་ཡིན་པ་སོགས་གསུང་མཁན་བྱུང་ཡོད།

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Virbhadra Singh མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ།

དེ་རིང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Virbhadra Singh མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བཅས་འདས་པོ་ཁོང་གི་ཤུ་ལུས་ནང་མིར་ཐུགས་གསོ་མཛད་འདུགཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་ ༦ ཙམ་གནང་མྱོང་མཁན་སྐུ་ཞབས་ Virbhadra Singh མཆོག་འདི་ལོའི་ཕྱི་ཟླ་ ༤ པ་ནང་དུ་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཕོག་པའི་རྗེས་སུ་དྲག་སྐྱེད་བྱུང་ཡང་། ཕྱི་ཟླ་ ༦ པ་ནང་དུ་སླར་ནད་ཡམས་བསྐྱར་ལོག་གི་རྐྱེན་གྱིས་ཉེ་ཆར་དེ་འབྲེལ་སྙིང་གི་དཀའ་ངལ་འཕྲད་པ་དང་འབྲེལ་ཏེ་དེ་རིང་སྔ་དྲོ་ཕྱག་ཚོད་ ༣༌༤༠ ཐོག་སིམ་ལ་ཁུལ་གྱི་སྨན་ཁང་ཆེ་གྲས་ Indira Gandhi Medical College ནང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཁྱབ་བློན་ཆེན་ཟུར་པ་འདས་པོ་ཁོང་གི་སྐུ་ཟླ་ Pratibha Singh ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་དུ་བློན་ཆེན་ཟུར་པ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་གཞན་ལ་ཞབས་འདེགས་བསྒྲུབས་ནས་མི་ཚེ་དོན་དང་ལྡན་པ་སྐྱེལ་ཡོད་པ་དང་། ཁོང་གིས་སེམས་ཐག་ཉེ་པོ་དང་བྱམས་བརྩེ་ལྡན་པའི་ཐོག་ནས་གཞན་གྱི་དཀའ་ངལ་གསན་ཞིབ་གནང་ཕྱོགས་ལ་མགོན་པོ་༸གང་ཉིད་མཆོག་གིས་ཡི་རང་མཛད་བཞིན་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག ལོ་མང་རིང་གི་འབྲེལ་བའི་ཁྲོད་དམ་པ་ཁོང་གིས་མགོན་པོ་མཆོག་ལ་ཐུགས་ཉེ་བའི་མཛའ་གྲོགས་ཀྱི་འདུ་ཤེས་ཐོག་ནས་འབྲེལ་བ་གནང་བ་དེར་བཀྲིན་ཆེན་པོར་དགོངས་ཀྱི་ཡོད་ཅེས་བཀའ་སྩལ་ཡོད།༸གོང་ས་མཆོག་གིས་ད་དུང་བློན་ཆེན་དམ་པ་ཁོང་ཧི་མཱ་ཅལ་མངའ་སྡེའི་ Bushahr རྒྱལ་རྒྱུད་ཞེས་པ་ནས་ཡིན་པ་དང་རྒྱལ་རྒྱུད་དེ་དང་བོད་དབར་གནའ་སྔ་མོ་ནས་འབྲེལ་བ་བཟང་པོ་ཡོད་པར་བཀའ་སྩལ་ཏེ་མངའ་སྡེའི་བློན་ཆེན་ཡུན་རིང་ཤོས་གནང་མྱོང་མཁན་ཁོང་ལ་མངའ་སྡེེ་འདིའི་མང་ཚོགས་ནས་དྲན་ངེས་ཡིན་པར་བཀའ་སྩལ་མཛད་འདུགརྩ་བའི་ Raja Virbhadra Singh ཁོང་ཧི་མཱ་ཅལ་མངའ་ཁུལ་གྱི་ Bushahr རྒྱལ་རྒྱུད་ནས་ཡིན་པ་དང་། མངའ་སྡེའི་མང་ཚོགས་ཀྱིས་ཁོང་ལ་དགའ་མོས་ཐོག་ནས་ Raja Sahib འམ་རྒྱལ་པོ་མཆོག་ཅེས་འབོད་སྲོལ་ཡོད་པ་རེད། ཁོང་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་གྱི་ Congress ཆབ་སྲིད་ཚོགས་པའི་ཚོགས་མིའི་ཁོངས་ནས་རྒྱ་གར་གྱི་ཆབ་སྲིད་ནང་དུ་ཞུགས་པའི་ཁྲོད་ས་གནས་གྲོས་ཚོགས་འཐུས་མི་ཐེངས་ ༩ དང་དབུས་གྲོས་ཚོགས་འཐུས་མི་ཐེངས་ ༥ དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་ ༦ གནང་སྟེ་མངའ་སྡེ་འདིའི་སྤྱི་ཁྱབ་བློན་ཆེན་ཡུན་རིང་ཤོས་དེ་གནང་ཡོད་པ་རེད། དེ་རིང་ཁོང་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པ་དང་འབྲེལ་ཏེ་ཧི་མཱ་ཅལ་མངའ་སྡེ་གཞུང་གི་ངོས་ནས་མངའ་སྡེ་ནང་དུ་དེ་རིང་ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༡༠ བར་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུགདེ་བཞིན་རྒྱ་གར་གྱི་སྲིད་བློན་ Narender Modi མཆོག་གིས་ཀྱང་ཁོང་གི་ Twitter དྲ་ལམ་བརྒྱུད་ཧི་མཱ་ཅལ་སྤྱི་ཁྱབ་བློན་ཆེན་ཟུར་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་འཕྲིན་ཐུང་སྤེལ་བར་སྐུ་ཞབས་ Virbhadra Singh དམ་པ་ཁོང་ནི་ལོ་མང་རིང་ཆབ་སྲིད་ཀྱི་ཉམས་མྱོང་ཡོད་པའི་ཐོག་ལ་འཛིན་སྐྱོང་དང་ཁྲིམས་ཀྱི་ཉམས་མྱོང་ཡང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེ་ནང་དུ་མང་ཚོགས་ཀྱི་བདེ་དོན་སེལ་རྒྱུར་ཕྱག་ལས་རླབས་ཆེན་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ད་རེས་ཁོང་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་གསན་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་གསུངས་ཏེ་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་འདུགདེ་དེ་བཞིན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་གི་ཆེད་དུ་ལས་ཁུངས་སོ་སོའི་ནང་གདུང་སེམས་མཉམ་བསྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་དང་། མྱ་ངན་གུས་འདུད་མཚོན་ཕྱིར་ཉིན་རྒྱབ་ཆུ་ཚོད་ ༡ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྕམ་སྐུ་ Pratibha Singh མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཕུལ་གནང་བ་བརྒྱུད་དེ་སྐུ་ཞབས་དམ་པ་ཁོང་དགོངས་པ་རྫོགས་པར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས་པ་དང་འབྲེལ། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་ཤུལ་ལུས་ནང་མི་དང་ཧི་མཱ་ཅལ་མངའ་སྡེའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་དུང་སྐུ་ཞབས་ Virbhadra Singh དམ་པ་དེ་ཉིད་ཀྱིས་ཡང་དག་པའི་དབུ་ཁྲིད་འོག་ལོ་བཅུ་ཕྲག་མང་པོའི་རིང་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ཉིད་དང་ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེ་ལ་ཞབས་འདེགས་རླབས་ཆེན་ཞུས་གནང་བ་དེས་མི་མང་པོའི་མི་ཚེ་དང་སེམས་ནང་བརྗེད་ཐབས་མེད་པའི་བག་ཆགས་བཟང་པོ་ཞིག་བཞག་ཡོད་སྐོར་གསུངས་པ་དང་སྦྲགས། དམ་པ་ཁོང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མིར་རྒྱབ་སྐྱོར་དང་གཟིགས་སྐྱོང་གནང་ཡོད་སྟབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་ལ་མཚོན་ན་དམ་པ་ཁོང་ཆེས་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུངས་ཏེ། སྐུ་ཞབས་དམ་པ་ཁོང་གི་མཛད་རྗེས་དག་ལ་དྲན་གསོ་ཞུས་ནས་བོད་མི་ཡོངས་ནས་སྐུ་ཉིད་ཀྱི་ནང་མི་ལྷན་རྒྱས་དང་ཧི་མཱ་ཅལ་མི་མང་ལ་མྱ་ངན་གུས་འདུད་ཞུ་བཞིན་ཡོད་པར་གསུངས་ཡོད།    

རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་གཞུང་འབྲེལ་གྱི་ཊྲི་ཊར་དྲྭ་གནས་ཐོག་༸གོང་ས་མཆོག་དགུང་གྲངས་ ༨༦ བདག་གིར་བཞེས་པའི་༸སྐུའི་འཁྲུངས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོར་རང་གི་ཉིན་རེའི་མི་ཚེ་འདི་བག་ཡོད་དང་བྱམས་བརྩེ་ཅན། དེ་བཞིན་བསམ་ཤེས་ཐོག་ནས་སྐྱེལ་དགོས་པའི་སེམས་འགུལ་ཐེབས་ཡོད་པས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུགདེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་ཀྱང་ཨ་རིའི་གྲོས་ཚོགས་འོག་མའི་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཁྲུངས་སྐར་གྱི་དམིགས་བསལ་འཚམས་འདྲི་ཞུས་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག་པ་དང་དེའི་ནང་ལྕམ་སྐུ་མཆོག་ནས་ད་ལན་བོད་མི་ཚོ་དང་དེ་མིན་བོད་ཀྱི་གྲོགས་པོ་ཧ་ཅང་མང་པོ་དང་མཉམ་དུ་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུ་རྒྱུ་བྱུང་བ་འདི་ནི་དགའ་སྤོབས་ཀྱི་རང་བཞིན་ཞིག་ཡིན་པ་དང་འཁྲུངས་སྐར་དུས་ཆེན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་ལ་༸སྐུ་ཉིད་ཀྱི་ཐུགས་རེ་དང་ཆོས་ཕྱོགས་ཀྱི་བསླབ་བྱ་གནང་བ་ཁག་དྲན་གསོ་ཞུ་རྒྱུའི་གོ་སྐབས་དམིགས་བསལ་ཅན་ཞིག་ཡིན་ལ། དེ་བཞིན་ཞི་བདེ་ལ་དགའ་བའི་མི་ཚོས་རྒྱ་ནག་གཞུང་གི་ཐེ་གཏོགས་མེད་པའི་ཐོག་ནས་བོད་མི་རྣམས་ལ་རང་གི་ཆོས་དང་སྐད་ཡིག་དེ་བཞིན་རིག་གཞུང་བཅས་ལ་དམ་དྲག་མེད་པའི་ཐོག་ནས་གཅེས་སྲུང་བྱེད་ཐུབ་རྒྱུར་རྒྱབ་སྐྱོར་གྱི་ཆོད་སེམས་བརྟན་པོ་གཏོང་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན་སྟབས། ཨ་རིའི་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་རྒྱ་ནག་ལ་འགན་འཁྲི་འཛུབ་སྟོན་དང་བོད་མི་དམངས་ལ་རྒྱབ་སྐྱོར་མཚོན་ཆེད་ད་ཆ་ཨ་རིའི་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ནང་འཁོད་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུ་སོགས་ཀྱི་མཚོན་པའི་གདོང་ལེན་སྣ་མང་ཞིག་གནང་ཡོད་པ་མ་ཟད། ང་ཚོས་མུ་མཐུད་བོད་དོན་རྒྱབ་སྐྱོར་ཆེད་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུ་ཡིན་ཞེས་གསུངས་འདུགད་དུང་ཁོང་གིས་དེ་རིང་གི་དམིགས་བསལ་ཉིན་མོ་དེར་དེ་སྔ་རྡ་རམ་ས་ལར་གྲོས་ཚོགས་ཀྱི་ཚོགས་མིའི་སྐུ་ཚབ་ཀྱི་འགོ་ཁྲིད་ཀྱི་ངོ་བོའི་ཐོག་ནས་བཅར་རྒྱུ་བྱུང་བ་དེ་སླར་ཡང་དྲན་བཞིན་ཡོད་ཅེས་དང་དེ་གར་ཁོང་རྣམ་པར་༸གོང་ས་མཆོག་ནས་སྣེ་ལེན་ཞུས་པའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་ལ་དེ་བཞིན་བོད་མིའི་མངོན་འདོད་ངོ་མ་ཇི་ཡིན་བོད་མི་སྤྱི་དང་སྒོས་བོད་ཕྲུག་ཚོའི་དམིགས་ལམ་ནས་ཐད་ཀར་ཤེས་རྟོགས་ཐུབ་པའི་གོ་སྐབས་ཀྱང་བྱུང་སྐོར་གསུངས་སོགས་གསུངས་ཏེ། ༸གོང་ས་མཆོག་གི་༸སྐུའི་འཁྲུངས་བརྒྱུད་བོད་མི་དང་འཛམ་གླིང་ཡོངས་ལ་བདེ་སྐྱིད་དང་བདེ་ཐང་། སྲུང་སྐྱོབ་བཅས་ཡོང་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག་ཐུགས་རྗེ་ཆེ་ཞུས་འདུགདེ་དེ་བཞིན་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་ཉིན་རེའི་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་ཐོག་དེ་རིང་གི་གནས་ཚུལ་གལ་ཆེ་ཤོས་ནི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་འདི་ཡིན་ཞེས་གསུངས་འདུག  སྐབས་དེར་སྐུ་ཞབས་ Ned Price ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་གཟི་བྱིན་དང་བྱམས་བརྩེའི་རང་བཞིན་གྱིས་ང་ཚོ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད་ཅེས་དང་༸གོང་ས་མཆོག་གི་ཞི་བདེ་དང་བྱམས་བརྩེ་འདྲ་མཉམ་སོགས་རླབས་ཆེན་གྱི་དགོངས་པ་ཁག་མཉམ་སྤྱོད་གནང་མཁན་གོ་ལ་འདིའི་སྟེང་གི་བོད་མིའི་སྤྱི་ཚོགས་དང་གཞན་ཡང་འཛམ་གླིང་གི་ཡུལ་གྲུ་གཞན་དུ་གནས་པ་ཚང་མར་བསྔགས་བརྗོད་ཞུས་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པར་རེ་སྨོན་ཞུ་མཁན་ཚོ་དང་ལྷན་དུ་ང་ཚོས་ཀྱང་དེ་དོན་ཞུ་བཞིན་ཡོད་པ་གསུངས་འདུགརྩ་བའི་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། ཐེ་ཝན་གྱི་སྲིད་འཛིན་ལྕམ་ Tsai Ing wen མཆོག་དང་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་རྣམ་གཉིས་ཀྱི་དབུས་པའི་ཆེས་མཐོའི་བློན་ཆེན་ཁག་ཅིག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པའི་ཁྲོད། ཁ་སང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་རྣམ་གཉིས་ནས་རང་ཉིད་ཀྱི་ངོ་དེབ་ཐོག་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཏེ། སྐུ་ཞབས་ Genius ལགས་ཀྱིས་ཁོང་ནས་མུ་མཐུད་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་རྒྱུ་དང་སྒོས་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གོང་འཕེལ་གཏོང་རྒྱུའི་ཆོས་སེམས་བརྟན་པོ་ཡོད་ཅེས་གསུངས་པ་མ་ཟད། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ Manish Sisodia མཆོག་ནས་༸གོང་ས་མཆོག་གི་བཀའ་དགོངས་འོག་ལྡི་ལི་ཁུལ་གྱི་སློབ་གྲྭ་ཁག་ནང་བདེ་སྐྱིད་སྐྲུན་ཐབས་སམ་ Happiness Curriculum ཞེས་པའི་བསླབ་གཞི་དབུ་འབྱེད་གནང་ཐུབ་པ་འདི་གཟི་བརྗིད་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་བྱམས་བརྩེ་དང་ཕན་སེམས། དེ་བཞིན་བག་ཡོད་རང་བཞིན་དག་ནི་འགྲོ་བ་མིའི་རིགས་ལ་སེམས་འགུལ་ཐེབས་གཞིར་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུགགཞི་རྩའི་འདི་ལོའང་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་བཙན་བྱོལ་རྒྱ་གར་ནང་མང་ཚོགས་ཕོན་ཆེ་འདུ་འཛོམས་ཀྱིས་དགའ་དད་སྤྲོ་གསུམ་ངང་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གནང་ཐབས་བྲལ་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་ས་གནས་སོ་སོའི་ནང་སྔ་ཐོག་བསང་གསོལ་དང་སྨོན་ལམ་གསུང་འདོན། དེ་བཞིན་དཀར་སྐྱོང་གནས་བབ་བརྒྱུད་དེ་ཉིན་གང་བོར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ་སྲུང་བརྩི་ཞུས་ཡོད་པ་མ་ཟད། དྲྭ་ཐོག་བརྒྱུད་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲིའི་བརྙན་པར་འདོན་སྤེལ་དང་དེ་བཞིན་བོད་མིའི་ཚོགས་སྒེར་ཁག་ནས་གཞིས་མི་ཉམ་ཐག་དང་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་སྐམ་ཟས་བགོ་འགྲེམས་བརྒྱུད་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཡོད་པ་རེད། དེའི་ཁྲོད་བཞུགས་སྒར་རྡ་རམ་ས་ལར་མཚོན་ན། ཁ་སང་སྔ་ཐོག་༸གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ ༸སྐྱབས་རྗེ་ཡོངས་འཛིན་མཆོག་སྤྲུལ་གླིང་རིན་པོ་ཆེ་མཆོག་གིས་བདེ་ལེགས་སྨན་ཁང་གི་བརྟག་དཔྱད་དང་ཛ་དྲག་སྨྱུར་སྐྱོབ་ཚན་པ་གཉིས་དབུ་འབྱེད་གནང་འདུག་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་ཁོང་༸སྐུའི་འཁྲུངས་སྐར་ཉིན་མོ་སྟེ་དུས་ཚིགས་ཁྱད་པར་ཅན་ཞིག་ལ་བདེ་ལེགས་སྨན་ཁང་དུ་ཕེབས་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་འབྲེལ། བཙན་བྱོལ་བོད་མི་རྣམས་ད་ཆ་རྒྱལ་ཁབ་ཡོད་པའི་མི་རིགས་དག་དང་དཔུང་པ་མཉམ་གཤིབ་ཀྱིས་མི་ཚོགས་ཁྲོད་དུ་འགྲེང་ཐུབ་པ་ནི་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་སྟབས་བོད་མི་ཚོས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་ཁོང་གི་བཀའ་གསུང་བསྒྲུབ་རྒྱུ་ནི་བོད་མི་ཚང་མའི་འགན་འཁྲི་ཡིན་པ་མ་ཟད། བོད་ཀྱི་ཆེས་ཛ་དྲག་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ཚང་མས་འགན་འཁུར་མཉམ་ལེན་བྱ་དགོས་ཞེས་གཞེན་སྐུལ་གནང་འདུག ཕྱོགས་མཚུངས་ཁ་སང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་བརྩམས་པའི་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་ཁ་སང་བོད་མི་ཚོང་པ་ཚོའི་ཅ་དངོས་ཉོ་སའི་ལྟེ་གནས་རྒྱ་གར་ Punjab མངའ་ཁོངས་ཀྱི་རྒྱལ་ས་ Ludhiana ནང་། རྒྱ་གར་ཚོང་པ་ཚོགས་པའི་འཐུས་མི་དང་ཚོང་པ་སོགས་ཁག་ཅིག་ནས་མངར་ཟས་བགོ་འགྲེམས་ཐོག་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཏེ་ ༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུག ཕྱོགས་མཚུངས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་སོ་ན་ཌ་གྲོང་སྡེ་ནང་ཁ་སང་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བཀྲ་ཤིས་ཕུན་ཚོགས་ཞེས་པའི་ཤར་པ་ཞིག་གིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སྩལ་བ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༧ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༩ ཙམ་ལ་ Dr. Reddy's ཡི་དགེ་རྩ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་བརྒྱུད་ Dr. Reddy's  ཡི་ནད་རིགས་བརྟག་དཔྱད་ཁང་གི་ཟུང་འབྲེལ་གཙོ་སྐྱོང་དང་འཛིན་སྐྱོང་གཙོ་འཛིན་སྨན་པ་ G.V. Prasad ལགས་ཀྱིས་གཙོས་ཆེད་ལས་སྨན་པ་ཁག་ཅིག་དང་ལྷན་དུ་བྱམས་བརྩེ་དང་འཕྲོད་བསྟེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་གླེང་མཛད་སོང་བ་མ་ཟད་སྐབས་དེར་འཕྲོད་བསྟེན་ཆེད་ལས་པ་ཁག་ཅིག་གི་དོགས་འདྲིར་ཐུགས་བརྩེ་ཆེན་པོས་བཀའ་ལན་བཀའ་དྲིན་ཆེ་བར་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་གསུང་གླེང་ལས་རིམ་དངོས་སུ་དབུ་འཛུགས་མ་གནང་གོང་ཁ་སང་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཛམ་གླིང་ཡུལ་གྲུ་གང་སར་སྲུང་བརྩི་ཞུས་པ་དང་། ལྷག་པར་དུ་མང་ཚོགས་དང་བྱེ་བྲག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་  Nancy Pelosi མཆོག་གིས་གཙོས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མངའ་སྡེ་ཁག་གི་བློན་ཆེན། གཞན་ཡང་དབུ་ཁྲིད་མི་སྣ་མང་དག་ཅིག་གིས་མགོན་པོ་མཆོག་ལ་དགའ་གུས་ཆེན་པོས་ཞལ་ཞེ་གཉིས་མེད་ཀྱིས་འཚམས་འདྲི་ཞུས་པ་མ་ཟད། ༸སྐུ་ཚེའི་མཛད་འཕྲིན་ཁག་ལ་ཡི་རངས་བསྔགས་བརྗོད་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་ཆབས་ཅིག ཁོང་རྣམ་པའི་ཡི་རངས་ཀྱི་ཚིག་བརྗོད་དེ་དག་གིས་མགོན་པོ་མཆོག་གི་གཟིམ་ལམ་དང་མཚན་མ་གཞན་ཁག་ཏུ་དགུང་གྲངས་ ༡༡༠ དང་ཡང་ན་དགུང་གྲངས་ ༡༡༣ བར་སྐུ་འཚོ་བཞུགས་མཛད་རྒྱུ་གསལ་དོན་ལྟར་དགུང་གྲངས་ ༡༡༠ བར་དུ་སྐུ་འཚོ་བཞུགས་མཛད་རྒྱུའི་ཐུགས་དགོངས་ཆེན་པོ་ཡོད་པར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིིས་སྐབས་དེར་མགོན་པོ་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་རྒྱུན་རིང་ཤོས་ཤིག་དང་རྒྱལ་ཁབ་ལ་དམིགས་བསལ་གྱི་ངལ་བ་གང་ཡང་བཟོས་གནང་མཛད་མེད་སྟབས་ག ནས་ཡུལ་རྒྱལ་ཁབ་ཏུ་རང་དབང་གི་སྒོ་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་༸དཔལ་ཎ་ལེནྡཱའི་རིག་གནས་ལ་ཉམས་བཞེས་་མཛད་རྒྱུ་དང་ལྷག་པར་དུ་མགོན་པོ་མཆོག་གི་མཛའ་གྲོགས་རྒྱ་གར་ཉེན་རྟོག་པ་DSP ཞིག་གིས་༸དཔལ་ཎ་ལེནྡཱའི་རིག་བདག་ཆེན་པོ་ཞིག་ཡིན་པར་ཞུས་དོན་ལྟར་མགོན་པོ་མཆོག་བཙན་བྱོལ་ནང་གི་དགེ་འདུན་པ་དཀྱུས་མ་ཞིག་དང་༸དཔལ་ཎ་ལེནྡཱའི་སློབ་མ་ཞིག་ཡིན་པ་མ་ཟད། ཏོག་ཙམ་འུར་ཤོབ་ཀྱི་ཐོག་ནས་ཞུས་ན་༸དཔལ་ཎ་ལེནྡཱའི་རིག་བདག་ཆེན་མོའམ་མཁས་དབང་ཞེས་བརྗོད་ཆོག་ཅེས་བཀའ་སྩལ་ཡོད།༸གོང་ས་མཆོག་གི་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང་འབྲེན་ནས་དེང་རབས་ཀྱི་ཚན་རིག་པ་ཚོས་ཀླད་པ་ལ་ཞིབ་འཇུག་གནང་རྒྱུ་ཙམ་ལས་སེམས་ལ་ཞིབ་འཇུག་གནང་རྒྱུའི་ཐབས་ལམ་ཧ་ལམ་མེད་སྟབས་ནང་པའི་གཞུང་ལས་གསུངས་པའི་སེམས་ཞི་བདེ་བསྐྲུན་ཐབས་དང་ཉོན་མོངས་པའི་བློ་ལ་གཉེན་པོ་བསྟེན་ཐབས་སོགས་ལ་ཚན་རིག་པ་ཚོས་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད་ཅེས་བཀའ་སྩལ་བ་དང་འབྲེལ། དེང་གི་དུས་སུ་ཁོར་ཡུག་གི་དཀའ་ངལ་ལས་གཞན་པའི་དཀའ་ངལ་ཕལ་མོ་ཆེ་མིས་བཟོས་པ་འབའ་ཞིག་ཡིན་སྟབས་དེའི་རྒྱུ་རྐྱེན་ནི་བྱམས་སྙིང་རྗེའི་ཉམས་ལེན་མ་འདང་ནས་བྱུང་བ་ཞིག་རེད། དེས་ན་དཀའ་ངལ་དེ་དག་སེལ་ཕྱིར་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་དོ་སྣང་གནང་དགོས་པ་བཀའ་སྩལ་ཡོད། ལྷག་དོན་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་གནང་གལ་དང་འབྲེལ་ནས་ནད་ཡམས་འདི་ཞི་རྗེས་རྒྱས་ས་ལྡི་ལིར་ཆིབས་བསྒྱུར་ཀྱིས་སྲིད་བློན་མོ་དྷི་མཆོག་གིས་དབུས་པའི་བློན་ཆེན་ཁག དེ་བཞིན་ཤེས་ཡོན་མི་སྣ་རྣམས་དང་མཇལ་མོལ་མཛད་དེ་གནད་དོན་དེའི་ཐད་བཀའ་བསྡུར་མཛད་རྒྱུའི་ཐུགས་དགོངས་ཡོད་པར་བཀའ་སྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ་སྩལ་གྲུབ་མཚམས་སུ་སྨན་པ་ཁག་ནས་དོགས་འདྲི་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བཀའ་དྲིན་ཆེ་བར་སྩལ་བ་ལྟར། སྨན་པ་ཞིག་གིས་ནད་ཡམས་མཆེད་པའི་སྐབས་དུས་ཚོད་མ་འདང་བས་ནད་པར་རོགས་རམ་གནང་དཀའ་བར་གདོང་ལེན་གནང་ཐབས་ཐད་ལམ་སྟོན་ཞུས་པར་དངངས་སྐྲག་ཡོད་པའི་སྐབས་སུ་བྱམས་བརྩེའི་ཉམས་ལེན་ཡོད་ན་ཕན་ཐོགས་ཆེན་པོ་ཡོད་པ་དང་ལྷག་པར་དུ་སྨན་པ་དང་སྨན་ཞབས་པ་ཚོས་རང་ཉིད་ཀྱི་ལས་ཀ་དེ་རླབས་ཆེན་ལ་ངོས་འཛིན་གནང་རྒྱུ་དང་འགྲོ་བ་མིའི་འཕྲོད་བསྟེན་དང་འབྲེལ་ནས་སྨན་པ་དང་སྨན་པའི་རོགས་པ་ཚོས་སོ་སོའི་ལས་ཀ་དེ་ཆོས་ཀྱི་ངོ་བོར་ངོས་འཛིན་དགོས་པ་ལས་ཚོང་གྱི་ངོ་བོར་ངོས་འཛིན་རྒྱུ་མེད་པ་མ་ཟད་ནད་པའི་སེམས་ཀྱི་ཞི་བདེའི་སྐོར་ལ་འགན་འཁུར་བཞེས་དགོས་པར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།  

སྲིད་བློན་མོ་དྷི་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དེ་རྒྱ་ནག་ལ་བརྡ་ལན་གལ་ཆེན་ཞིག་ཡིན་པ་གསུངས་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་ནས་རང་ཉིད་ཀྱི་ Tweeter དྲ་གནས་ཐོག་ཞལ་པར་བརྒྱུད་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པ་ཡོངས་གྲགས་གནང་རྗེས་དཔྱད་ཞིབ་པ་དང་གནད་ཡོད་མི་སྣ་ཁག་ཅིག་གིས་ད་རེས་སྲིད་བློན་མོ་དྷི་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དེ་སྐུ་ཞབས་མོ་དྷི་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གོམ་སྟབས་གསར་པ་ཞིག་ཡིན་པ་མ་ཟད་རྒྱ་ནག་ལ་མཚོན་ན་བརྡ་ལན་ཆེན་པོ་ཞིག་ཡིན་སོགས་གསུང་བཞིན་འདུགསྐུ་ཞབས་ Modi མཆོག་གིས་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱི་སྲིད་བློན་གྱི་ཐུགས་འགན་བཞེས་ཏེ་ལོ་ངོ་བརྒྱད་ཙམ་འགྲོ་བཞིན་པའི་མཚམས་འདིར་ཐེངས་དང་པོ་ཡོངས་གྲགས་ཀྱི་ཐོག་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་གནང་ཡོད་པ་དང་། གནད་དོན་དེ་དང་འབྲེལ་བོད་དོན་ཆེད་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ནས་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཀྱི་གནད་དོན་ལ་གཞིགས་སྐབས་སྲིད་བློན་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དེ་རྒྱ་ནག་ལ་བརྡ་ལན་ཆེན་པོ་ཞིག་དང་། བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་གནད་དོན་ལ་གཞིགས་ན། ད་རེས་ཀྱི་འཚམས་འདྲི་འདིས་རྒྱ་གར་གཞུང་དང་༸གོང་ས་མཆོག་དབར་གྱི་འབྲེལ་བ་ཙམ་མིན་པར་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཡོད་པར་གསུངས་འདུག ལྷག་པར་དུ་ཁོང་གིས་སྲིད་བློན་མོ་དྷི་མཆོག་ནས་ད་རེས་༸སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་དང་འབྲེལ་བའི་གནད་དོན་དེ་ཡོངས་གྲངས་གནང་བ་དེས་རྒྱ་གར་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་མ་འོངས་པར་༸གོང་ས་མཆོག་གིས་ཐུགས་ཐག་གང་མཛད་པ་དེར་རྒྱབ་སྐྱོར་ཡོད་པའི་མཚོན་རྟགས་ཤིག་ཀྱང་རེད་ཅེས་གསུངས་འདུག  རྒྱ་གར་དབུས་ནང་སྲིད་ལྷན་ཁང་ལ་བོད་དོན་ཀྱི་གནད་དོན་ཐོག་སློབ་སྟོན་གནང་མཁན་ཟུར་པ་སྐུ་ཞབས་ Amitabh Mathur ལགས་ཀྱིས་སྲིད་བློན་མཆོག་གི་འཚམས་འདྲི་བརྒྱུད་དེ་རིམ་པས་རྒྱ་གར་གཞུང་ནས་ད་བར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་གང་ཡིན་གསལ་པོ་གསུངས་མེད་པ་དེ་གསལ་པོ་ཆགས་རྒྱུ་དང་། དེ་ཡང་གཙོ་བོ་༸གོང་ས་མཆོག་གི་དགོངས་བཞེས་གང་ཡིན་པ་དེར་རྒྱ་གར་གཞུང་ནས་རྒྱབ་སྐྱོར་ཡོད་པའི་གོམ་སྟབས་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པར་གསུངས་འདུག དེ་བཞིན་རྒྱ་གར་གྱི་བརྒྱུད་ཁག་ཏུ་དཔྱད་ཞིབ་པ་ཁག་ཅིག་གིས་འདས་པའི་ལོ་དུས་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་གཙོས་བོད་དང་ས་འབྲེལ་ཡོད་པའི་མཚམས་ཁག་ཏུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་རབ་དང་རིམ་པ་བྱུང་བ་དང་། རྒྱ་གཞུང་ནས་རྒྱ་དང་གྲོས་བསྡུར་ཙམ་ཡང་མེད་པར་པ་ཀིས་ཐན་དང་ལྷན་དུ་ཚོང་འབྲེལ་གྱི་བརྒྱུད་ལམ་གསར་རྒྱག་བྱས་ཡོད་པའི་གནད་དོན་སོགས་དང་འབྲེལ་ཏེ། སྲིད་བློན་མོ་དྷི་མཆོག་ནས་བོད་ཀྱི་གནད་དོན་བེད་སྤྱོད་བྱས་ཏེ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུས་པ་དེ་ཡོངས་གྲགས་གནང་བ་རེད་ཅེས་གསུང་བཞིན་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་ The Indian Express གསར་ཁང་ལ་༸སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་གནང་བ་འདི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་འགྱུར་འདོད་མེད་ཀྱང་། ད་རེས་སྲིད་བློན་སྐུ་ཞབས་མོ་དྷི་མཆོག་གིས་དབུས་པའི་གནད་ཡོད་མི་སྣ་མང་པོས་ཡོངས་གྲགས་སུ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་སྲིད་བློན་ Modi མཆོག་དེ་སྔ་ Gujarat  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཚོགས་འཐུས་མི་གནང་སྐབས་སུ་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་དང་ཆེས་མཐོའི་མཛད་སྒོ་ཁག་ཏུ་ལྷན་ཞུགས་སོགས་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱི་སྲིད་བློན་དུ་འོས་འདེམས་གནང་སྟེ་ལས་འཁུར་དམ་འབུལ་གྱི་མཛད་སྒོའི་སྐབས་དེའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་མགྲོན་བརྡ་ཕུལ་བའི་གནས་སྟངས་སོགས་བྱུང་ཡོད་ཀྱང་། སྲིད་བློན་མཆོག་གི་ལས་ཡུན་ལོ་བརྒྱད་ཙམ་འགྲོ་བཞིན་པའི་རིང་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་གནང་མེད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་རྒྱལ་ས་ལྡི་ལིར་འཚོགས་གཏན་འཁེལ་བའི་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་འཁོད་དེ་ལོ་ངོ་ ༦༠ འཁོར་བའི་གཞུང་འབྲེལ་གྱི་མཛད་རིམ་དེ་བཞིན་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་བཞུགས་སྒར་ཚོགས་དགོས་བྱུང་བ་དང་། སྐབས་དེའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་རིམ་ཁག་ཏུ་གཞུང་འབྲེལ་གྱི་མི་སྣ་མཉམ་ཞུགས་གནང་མི་ཆོག་པའི་བཀག་རྒྱ་གནང་བའི་གནས་སྟངས་སོགས་ བྱུང་ཡོད་པ་རེད། ད་རེས་སྲིད་བློན་མོ་དྷི་མཆོག་གིས་སྲིད་བློན་གྱི་ལས་ཡུན་ཁྲོད་ཐེངས་དང་པོ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་ཡོངས་གྲགས་གནང་མ་ཐག་ཏུ་སྐུ་ཞབས་ Modi མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། ཨ་རུ་ན་ཅལ། འབྲས་ལྗོངས། མཱདྷ་ཡ། གྷོ་ཝ། མེ་གྷ་ལ་ཡ།  དེ་བཞིན་ལྡི་ལི།  པན་ཇབ་སོགས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་ནས་ཡོངས་གྲགས་སུ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུས་ཡོད་པ་རེད།ཁ་སང་༸གོང་ས་མཆོག་གིས་དབྱིན་སྐད་ཐོག་སྩལ་བའི་༸སྐུའི་འཁྲུངས་སྐར་གྱི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཀྱང་རྒྱ་གར་རང་དབང་ལུང་པའི་རང་དབང་རྣམས་ལོངས་སུ་སྤྱད་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་དང་ཆོས་ལུགས་མཐུན་སྒྲིལ་སོགས་གོང་སྤེལ་མཛད་བཞིན་པ་འདི་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཤིག་ཡིན་ཅེས་བཀའ་སྩལ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་གཅིག་པོ་དེ་ཡིན་པའི་དངོས་དོན་ངོ་མ་ངོས་འཛིན་ཞུས་ཏེ། ལོ་རྒྱུས་ཀྱི་གོ་སྐབས་ཆུད་ཟོས་སུ་མ་བཏང་བར་གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་འོག སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་མཆོག་རྒྱ་ནག་དང་བོད་ནང་གཟིགས་སྐོར་དུ་༸ཞབས་སོར་འཁོད་ཐབས་བསམ་ཞིབ་གང་མགྱོགས་ཡོང་བའི་འབོད་སྐུལ་ཞུས་ཡོད།

Latest news