Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

དགེ་རྒན་གྱི་གནས་བབ་ཡར་རྒྱས་གཏང་དགོས་པའི་གླེང་སློང་ཤུགས་ཆེ་གནང་བ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ ལས་ཉིན་ ༤ པའི་ཕྱི་དྲོ་ནས་དབུ་འཛུགས་ཏེ་དེ་རིང་ལས་ཉིན་ ༧ པའི་སྔ་དྲོའི་ཚོགས་དུས་དང་པོ་བར་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ནས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༤ ཚེས་༡ བར་གྱི་ལོ་འཁོར་ལས་བསྡོམས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཤེས་རིག་གི་ལས་བསྡོམས་རྒྱས་པའི་ཐོག་རྟོག་ཞིབ་གནང་བའི་སྙན་ཐོར་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་སྐབས་སྤྱི་འཐུས་མང་དག་ཅིག་ནས་མཉམ་ཞུགས་ཀྱིས་བགྲོ་གླེང་ལྷུག་པོ་གནང་སོང་། སྐབས་དེར་སྤྱི་འཐུས་མང་དག་ཅིག་ནས་དེང་སྐབས་སཾ་བྷོ་ཊ་སློབ་གྲྭ་ཁག་གཙོ་གྱུར་བོད་སློབ་ཁག་ཏུ་དགེ་རྒན་གྱི་གསོལ་ཕོགས་ཉུང་ཉུང་ཡོད་པ་དང་། སློབ་གྲྭ་མང་ཆེ་བའི་ནང་དགེ་རྒན་མང་དག་ཅིག་གཏན་འཇགས་ལས་བྱེད་མ་ཡིན་པར་ཆོད་གན་གྱི་གནས་བབ་ཐོག་བཞག་པར་ཐུགས་འཚབ་ཀྱིས་བཀའ་འདྲི་དང་ཤེས་རིག་ལས་ཁུངས་ནས་དོན་དམ་གྱི་ཕྱག་ལས་གནང་གནད་ཡིན་པའི་ཞུ་སྐུལ་གནང་ཡོད། ཤེས་རིག་ལས་བསྡོམས་ནང་ལོ་འདིའི་ནང་ཕྱི་རྒྱལ་རོགས་ཚོགས་དང་བོད་རིགས་སྦྱིན་བདག་ཁག་ ༢༥ ནས་སློབ་ཕྲུག་གྲངས་ ༡༨༥༢ ལ་སློབ་ཡོན་དང་སློབ་དོད་རོགས་དངུལ་གནང་སོན་བྱུང་ཡོད་པ་དང་། ཉམ་ཐག་ཨང་ག་པ་ཅན་དང་གཞན་དབུལ་ཕོངས་ཕྲུ་གུའི་སློབ་ཡོན་རོགས་སྐྱོར་འོག་ཤེས་རིག་ལས་ཁུངས་ནས་ཁྱོན་བསྡོམས་སློབ་ཕྲུག་ ༢༦༥ ལ་བཀའ་ཤག་གི་ཉམ་ཐག་ལྟ་སྐྱོང་རྩ་འཛིན་ལམ་སྟོན་ལྟར་གཟིགས་རྟོག་གནང་མུས་ཡིན་པ་འཁོད་ཡོད་པ་བཞིན་ཕྱི་འཐུས་ཁག་གཅིག་ནས་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་སློབ་ཕྲུག་ཁྲོད་ཕ་མ་སྤུན་མཆེད་མེད་པའི་ཕྲུ་གུ་ཞིག་ཡོད་པ་དང་དེར་དཀའ་ངལ་ཆེན་པོ་འཕྲིན་བཞིན་ཡོད་སྐོར་དང་འབྲེལ། ད་ལྟ་ཤེས་རིག་ལས་ཁུངས་ནས་སློབ་ཡོན་འབུལ་ཕྱོགས་ཀྱི་བརྒྱུད་རིམ་ལ་བསྐྱར་ཞིབ་གནང་བཞིན་ཡོད་པ་དང་འབྲེལ་ཏེ་གནད་དོན་དེ་དག་ཐོག་ཐུགས་ཞིབ་གནང་དགོས་གལ་ཡིན་པའི་དགོངས་འཆར་ཕེབས་ཡོད། དེ་བཞིན་དེང་སྐབས་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཁག་གཅིག་མྱོས་རྫས་ངན་གོམས་ལ་ལངས་ཤོར་བའི་དཀའ་ངལ་འཕྲད་པ་ཤེས་རིག་ལས་བསྡོམས་ནང་འདས་པའི་ལོ་འཁོར་ནང་བོད་པའི་སློབ་ཁག་ནང་སློབ་ཕྲུག་བུ་གྲངས་ ༤༧ བྱུང་ཡོད་སྐོར་འཁོད་པ་དང་འབྲེལ། སྤྱི་འཐུས་མང་དག་ཅིག་ནས་མྱོས་རྫས་ངན་གོམས་ཙམ་མིན་པར་ལག་ཐོགས་ཁ་པར་སོགས་ཀྱི་ཐོག་རྩེད་མོ་རྩེ་རྒྱུ་འམ་ Game Addiction དཀའ་ངལ་ཞིག་ཀྱང་འཕྲད་བཞིན་ཡོད་པ་བཅས་འགོག་ཐབས་ཀྱི་ལས་གཞི་སྤེལ་དགོས་པའི་དགོངས་ཚུལ་ཤུགས་ཆེ་གསུང་མཁན་བྱུང་སོང་། དེ་བཞིན་བོད་པའི་སྤྱི་ཚོགས་ནང་དང་སློབ་གྲྭ་ཁག་ཏུ་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་གནད་དོན་རིགས་བྱུང་བར་འཛིན་སྐྱོང་བཀའ་ཤག་ནས་ Zero Tolerance ཞེས་བཟོད་སྒོམ་རྩ་བ་ནས་མེད་པའི་སྲིད་བྱུས་འཛིན་བཞིན་པ་ལྟར་འདས་ལོའི་ནང་དུའང་སོ་ལན་བོན་གཞིར་དུ་དེ་འབྲེལ་ཚུལ་མིན་གནད་དོན་ཁག་གཅིག་བྱུང་ཡོད་པར་འཛིན་སྐྱོང་བཀའ་ཤག་ནས་ཕྱག་བསྟར་གང་གནང་ཡོད་མེད་བཅས་ཀྱི་ཐོག་བཀའ་འདྲི་དང་བགྲོ་གླེང་གནང་བར་བཀའ་བློན་མཆོག་གིས་གནད་དོན་ཇེ་དྲག་ལ་ངོས་བཞེས་ཀྱིས་དོ་བདག་ལ་ཉེན་བརྡ་ནན་པོ་བཏང་སྟེ་ཕྱག་བསྟར་གནང་ཟིན་སྐོར་གསུངས་སོང་། དེ་བཞིན་འདི་ལོ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་མཐོ་སློབ་གྲགས་ཅན་ JNU ནས་སློབ་ཡོན་བརྒྱ་ཆ་ ༡༠༠ ཐམ་པ་སྤར་བའི་འོག་སློབ་ཕྲུག་མང་དག་ཅིག་འཛུལ་ཞུགས་གནང་མ་ཐུབ་པའི་དཀའ་ངལ་འཕྲད་པ་དང་དཀའ་ངལ་དེ་རིགས་མ་འོངས་པར་ལྡི་ལིའི་མཐོ་སློབ་ཁག་གཞན་ནང་འཕྲད་སྲིད་སྐོར་དང་འབྲེལ་གླེང་སློང་ཡང་ཤུགས་ཆེན་པོ་བྱུང་སོང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཚོགས་པའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ཚོགས་བཅར་བ་ཁག་གཅིག་གིས་བོད་སྐད་འཐུས་ཤིག་བསྐྱོན་མ་ཐུབ་པས་སྤྱི་ཚོགས་ཁྲོད་དུ་ལབ་གླེང་ཤུགས་ཆེ་བྱུང་ཡོད་སྟབས་ད་རེས་གྲོས་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་དགོངས་འཆར་ཕུལ་མཁན་ཁག་གཅིག་བྱུང་ཡོད། རྩ་བའི་ཤེས་རིག་ལས་ཁུངས་ཀྱིས་གྲོས་ཚོགས་སུ་ཕུལ་བའི་ལོ་འཁོར་ལས་བསྡོམས་ནང་འདི་ལོའི་འཛིན་རིམ་ ༡༠ པ་དང་ ༡༢ ཀྱི་གྲུབ་འབྲས་སྐོར་དང་འབྲེལ། འདི་ལོ་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁོངས་འཛིན་རིམ་ ༡༢ ཡོད་པའི་སློབ་གྲྭ་ཁག་ ༡༦ གི་སློབ་ཕྲུག་གྲངས་ ༡༡༤༧ ནས་ཡིག་རྒྱུགས་ནང་དངོས་སུ་ཞུགས་ཏེ་རྒྱུགས་འཕྲོད་པའི་སློབ་ཕྲུག་གྲངས་ ༡༠༩༣ བྱུང་བས་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧་༠༧ སོན་ཡོད་པ་དང། འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭ་ཁག་ ༢༦ གི་སློབ་ཕྲུག་གྲངས་ ༡༢༦༡ ནས་ཡིག་རྒྱུགས་ནང་དངོས་སུ་ཞུགས་ཏེ་རྒྱུགས་འཕྲོད་པའི་སློབ་ཕྲུག་གྲངས་ ༡༡༣༡ བྱུང་བས་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༩༢་༣༣ སོན་ཡོད་པ་རེད།

གྲོས་ཚོགས་ཀྱི་སྟོང་པའི་དུས་ཚོད་ཐོག་བདམས་ཐོན་བཀའ་བློན་ནས་དམ་བཅའ་མ་བཞེས་པའི་སྐོར་གླེང་བ།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་ ༧ པའི་ཚོགས་དུས་འགྲོ་མུས་ཐོག་ཉིན་དགུང་ཆུ་ཚོད་ ༡༢ ཐོག་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གྲོས་ཚོགས་ཀྱི་སྟོང་པའི་དུས་ཚོད་གོ་སྐབས་བཞེས་ཏེ་དེ་སྔ་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་སུ་བདམས་ཐོན་གསལ་བསྒྲགས་གནང་བའི་བཀའ་བློན་སྟོབས་རྒྱལ་ཚེ་རིང་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་བློན་དུ་ངོས་བཞེས་མ་གནང་སྟབས་བཀའ་བློན་གྱི་དམ་བཅའ་ཕུལ་ས་བྱུང་མེད་པའི་གནས་སྟངས་སྐོར་གླེང་སོང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཚོགས་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བདུན་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་མཚན་འདོན་གནང་བའི་བཀའ་བློན་གྱི་འོས་མི་བཀའ་དྲུང་ལས་ཐོག་སྟོབས་རྒྱལ་ཚེ་རིང་ལགས་གྲོས་ཚོགས་ནས་བཅའ་ཁྲིམས་ཀྱི་དགོངས་དོན་ཇི་བཞིན་བཀའ་བློན་དུ་བདམས་ཐོན་བྱུང་བར་གསལ་བསྒྲགས་གནང་ཡོད་ཀྱང་། རྗེས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དེར་ངོས་བཞེས་མ་གནང་བའི་གནས་སྟངས་བྱུང་ཡོད་པ་སོགས་སྐབས་དེའི་བཀའ་བློན་འོས་འདེབས་ཀྱི་བྱུང་བ་ཁག་འགྲེལ་བརྗོད་དང་སྦྲགས། སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེར་གྲོས་ཚོགས་ནས་ངོས་བཞེས་གང་འདྲ་ཞིག་གནང་དགོས་མིན་དང་ལྷག་པར་དུ་སྐབས་དེའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་པ་ཞིག་ཡིན་ཚེ་སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་གནང་སྟངས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བ་ཞིག་ཏུ་ངོས་འཛིན་མ་ཞུ་ཐབས་མེད་ཡིན་པ་དང་། ཡང་ན་སྐབས་དེར་གྲོས་ཚོགས་ནས་ཐག་གཅོད་གནང་བ་དེ་འགྲིག་ཡོད་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བ་ཞིག་ཡིན་པ་ལས་དེའི་བར་ན་གཉིས་ཀ་ཡིན་པའི་ལམ་དེ་འདྲ་ཡོད་མ་རེད་ཅེས་གསུངས་སོང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ད་དུང་གནད་དོན་དེ་དང་འབྲེལ་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་པའི་གནད་དོན་ཞིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཚོས་ཕན་ཚུན་འཇིགས་སྙོམས་སྟངས་འཛིན་གྱི་ཐོག་ནས་ཐག་གཅོད་གནང་སྟངས་ཁྲིམས་ཐོག་ལ་གང་དང་གང་འཁོད་ཡོད་མེད་གསལ་པོ་ཞིག་མ་ཆགས་ཚེ་མ་འོངས་པར་དེ་མཚུངས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་ངེས་ཡིན་པ་སོགས་གསུངས་ཡོད། སྐབས་དེར་བོད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གནད་དོན་དེའི་ཐོག་མང་ཚོགས་དང་བརྒྱུད་ལམ་ཁག་གི་དྲྭ་བར་ཕེབས་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ལྟར་སྲིད་སྐྱོང་མཆོག་གིས་བཀའ་བློན་དུ་མཚན་འདོན་གནང་ཐོག་སྤྱི་འཐུས་རྣམ་པས་འོས་འཕངས་ཏེ་མཐར་ཚོགས་གཙོ་མཆོག་གིས་བཀའ་བློན་དུ་བདམས་ཐོན་བྱུང་བར་གསལ་བསྒྲགས་གནང་བ་བཞིན་ད་ལྟའང་སྐབས་དེར་གྲོས་ཚོགས་ཀྱི་གནང་བ་དེ་འགྲིག་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པ་དང་ཆབས་ཅིག བཀའ་བློབ་དུ་བདམས་ཐོབ་བྱུང་མཚམས་སུ་དམ་བཅའ་བཞེས་དང་མ་བཞེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་དབང་ཡིན་སྟབས་དེའི་ཐོག་སྲིད་སྐྱོང་དང་ཚོགས་གཙོ། དེ་བཞིན་གྲོས་ཚོགས་བཅས་ནས་ཐེ་གཏོགས་གནང་ན་འགྲིག་གི་ཡོད་མ་རེད་ཅེས་གསུངས་ཡོད། གཞི་རྩའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡ པའི་དགོངས་དོན་ལྟར་སྐབས་དེའི་བཀའ་དྲུང་ལས་ཐོག་སྟོབས་རྒྱལ་ཚེ་རིང་ལགས་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་དུ་མཚན་འདོན་གནང་དོན་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ཀྱི་ངོ་ཡོད་སྤྱི་འཐུས་ ༤༣ ནས་གསང་བའི་འོས་ཤོག་བརྒྱུད་སྟོབས་རྒྱལ་ཚེ་རིང་ལགས་སུ་འོས་པའི་འོས་གྲངས་ ༢༡ ཐོབ་སྟེ་མང་མོས་ཐོག་ནས་སྐབས་ ༡༥ པའི་བཀའ་ཤག་ལྷན་ཚོགས་ཀྱི་བཀའ་བློན་དུ་བདམས་ཐོན་བྱུང་བར་གྲོས་ཚོགས་ནས་གསལ་བསྒྲགས་གནང་ཡོད། འོན་ཀྱང་སྐབས་དེར་བཀའ་བློན་འོས་བདམས་སྐབས་སུ་ངོ་ཡོད་སྤྱི་འཐུས་ ༤༣ ཡོད་པ་ལས་དགོས་མཁོའི་ཆ་གྲངས་ ༢༡ དང་ཕྱེད་ཀ་ཡིན་ཡང་བཀའ་བློན་འོས་མི་སྟོབས་རྒྱལ་ཚེ་རིང་ལགས་ལ་འོས་གྲངས་༢༡ ལས་ཐོབ་མེད་སྟབས། བཅའ་ཁྲིམས་དགོངས་དོན་ལྟར་ཁོང་ལ་ངོ་ཡོད་སྤྱི་འཐུས་རྒྱ་ཆ་ ༥༠ ཡི་རྒྱབ་སྐྱོར་ཐོབ་ཡོད་མེད་ཀྱི་གླེང་གཞི་ཞིག་བྱུང་ཡོད་པ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༨༦ པའི་ནང་གསལ་ལྟར་ངོ་ཡོད་སྤྱི་འཐུས་ཀྱི་རྒྱ་ཆ་ ༥༠ ལོན་མེད་པའི་རྒྱུ་མཚན་དང་འབྲེལ། སྐབས་དེའི་བདམས་ཐོན་བཀའ་བློན་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་ངོས་བཞེས་གནང་མེད་པ་རེད། དེ་རྗེས་གནད་དོན་དེའི་ཐོག་ཚོགས་གཙོ་སྦྲེལ་པོ་དང་ཁྲིམས་ཞིབ་པ་ཆེ་བ། སྲིད་སྐྱོང་བཅས་ཁྲིམས་ཞིབ་ཁང་དུ་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་། དེ་ནས་རིམ་པས་བཀའ་ཤག་ཁྲིམས་ཞིབ་ཁང་དུ་བཅར་ཏེ་བཀའ་བསྡུར་གནང་བ་མ་ཟད། བཀའ་དྲུང་ཡིག་ཚང་ནས་དམ་འབུལ་གྱི་ཞུ་སྐུལ་གནང་ཡོད་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བདམས་ཐོན་བཀའ་བློན་གསལ་བསྒྲགས་གནང་བའི་སྐྱེ་བོ་དེར་བཅའ་ཁྲིམས་ནང་གསལ་གྱི་ཆ་རྐྱེན་ཚང་གི་མེད་སྟབས། དེའི་ཐོག་བཅའ་ཁྲིམས་དང་མཐུན་པའི་གནང་ཕྱོགས་ཤིག་མ་བྱུང་བར་དུ་བཅའ་ཁྲིམས་དོན་ཚན་ ༢༥ པ་ནང་གསལ་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཀྱི་ལས་རིམ་ཐོག་ཕེབས་ཐབས་མེད་པ་སོགས་དོན་གནད་ལྔའི་ཐོག་ནས་གསལ་བཤད་གནང་སྟེ་གང་ལྟར་སྐབས་དེའི་གྲོས་ཚོགས་ནས་བདམས་ཐོན་བྱུང་བའི་བཀའ་བློན་དེ་དུས་ད་ལྟའང་བཀའ་བློན་གྱི་ལས་འགན་བཞེས་མ་ཐུབ་པར་ལུས་ཡོད་པ་རེད།

ཨོ་སི་ཊོ་ལི་ཡར་བོད་མི་གཞིས་སྤོས་ཀྱི་ལས་གཞིའི་ཁྲོད་བོད་མི་ཉམ་ཐག་ཤེས་ཡོན་ཡོད་པ་ཚོ་གཏང་རྒྱུ་ཡིན།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམ་ཐོག་ཞིབ་གཤེར་དང་བགྲོ་གླེང་ཁག་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་སྦྲགས་ཏེ་སྤྱི་འཐུས་རྣམ་པས་ཞིབ་གཤེར་དང་བགྲོ་གླེང་ལས་དོན་ཐོག་ཕེབས་ཡོད།  བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་སྙན་སྒྲོན་གནང་བའི་བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ནང་འདས་ལོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུག་ཁག་གཙོས་པའི་རྒྱ་གར་གྱི་ས་གནས་ཁག་གི་ཆིབས་བསྒྱུར་སྐབས་རྒྱ་གར་གཞུང་ཕྱོགས་ནས་༸སྐུ་ཕྱྭའི་ཉེན་སྲུང་ཞུ་སྒོའི་གྲ་སྒྲིག་གང་ལེགས་གནང་ཡོད་ཐོག་བདེ་སྲུང་ལས་ཁུངས་ནས་ཀྱང་སྔར་ལམ་ལྟར་མི་འགྲོ་སྔོན་བསྐྱོད་དང་། ཆིབས་ཞབས་སུ་ལྷན་བཅར་ཞུ་སྒོ་ཁག་ཞུ་མུས་ཡིན་པ་དང་དེ་བཞིན་འདས་ལོའི་ནང་བོད་ནས་རྒྱ་གར་དུ་ཕེབས་པའི་བོད་མི་གྲངས་ ༣༢ ལ་བསུ་ལེན་ཞུས་ཏེ་༸གོང་ས་མཆོག་གི་མཇལ་ཁ་གོ་སྒྲིག་ཞུས་པ་མ་ཟད་ཁོང་རྣམས་རྒྱ་གར་ནང་གཏན་སྡོད་ཆོག་པའི་ཕྱག་འཁྱེར་ RC བཟོས་ཏེ་སློབ་གྲྭ་དང་ཆོས་སྡེ་ཁག་ལ་རང་ཉིད་ཀྱི་འདོད་མོས་ལྟར་བཏང་ཡོད་པ། རྒྱ་གར་ནང་གསར་སྐྱེས་དང་དྭ་ཕྲུག་བོད་ཕྲུག་གྲངས་ ༥༤༥ ལ་རྒྱ་གར་ནང་གཏན་སྡོད་ཆོག་པའི་ཕྱག་འཁྱེར་ RC བཟོས་ཡོད་པ་སོགས་འཁོད་འདུག སྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་པས་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ཞིབ་གཤེར་དང་བགྲོ་གླེང་གནང་སྐབས་བར་སྐབས་ནས་བོད་ནས་རྒྱ་གར་ནང་ཕེབས་མཁན་གྱི་བོད་མི་ཉུང་དུ་ཕྱིན་ཡོད་པ་དང་། ལྷག་པར་དུ་ཆབ་སྲིད་བཙོན་པ་དང་དེའི་འབྲེལ་ཆགས་ཕེབས་མཁན་གྱི་གྲངས་འབོར་དེ་བས་ཀྱང་ཉུང་དུ་ཕྱིན་ཡོད་སྟབས། བདེ་སྲུང་ལས་ཁུངས་དང་འཛིན་སྐྱོང་བཀའ་ཤག་ནས་དེ་སྔ་ལོ་ལྟར་བཞིན་དུ་ཨ་སི་ཊོ་ལི་ཡར་བོད་མི་གཞིས་སྤོས་ཀྱི་ལས་གཞིའི་ཁོངས་སུ་བོད་མིའི་ཆབ་སྲིད་བཙོན་པ་དང་དེའི་འབྲེལ་ཆགས་རྣམས་གཏོང་བཞིན་པའི་སྒྲིག་གཞིར་བསྒྱུར་བཅོས་གནང་ཡོད་མེད་སོགས་དང་འབྲེལ་བའི་བཀའ་དྲི་ཁག་གཅིག་ཞུས་པར་བདེ་སྲུང་བཀའ་བློན་མཆོག་གིས་འཛིན་སྐྱོང་བཀའ་ཤག་ནས་སྒྲིག་གཞི་དེར་བསྒྱུར་བཅོས་གནང་སྟེ་མ་འོངས་པར་བོད་མིའི་ཆབ་སྲིད་བཙོན་པ་དང་འབྲེལ་ཆགས་བཏང་ཐོག་ས་དམིགས་སྟོང་པ་བྱུང་ཚེ་བོད་མི་ཉམ་ཐག་ཤེས་ཡོན་ཡོད་པ་རྣམས་ལ་གོ་སྐབས་གནང་རྒྱུ་ཡིན་པ་གསུངས་སོང་།    དེ་བཞིན་སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་༸གོང་ས་མཆོག་གི་དགུང་ལོའི་བབས་དང་བསྟུན་མཛད་འཕྲིན་ཁག་ཉུང་འཕྲི་གནང་སྟེ་༸སྐུ་ངལ་གསོ་བཞུགས་མང་ཙམ་གནང་དགོས་གལ་དང་། ལྷག་པར་དུ་བཞུགས་སྒར་དུ་བཀའ་ཆོས་རིགས་གནང་སྐབས་ཕེབས་བདེའི་སླད་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྐས་འཛེག་དེ་དེང་དུས་དང་མཐུན་པའི་གློག་གི་སྐས་འཛེག་གསར་བཟོ་དགོས་གལ་ཡིན་པ་གསུངས་སོང་བ་དང་། སྐབས་དེར་བཀའ་བློན་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྐས་འཛེག་དེ་གློག་གི་སྐས་འཛེག་ཞིག་བཟོ་རྒྱུའི་འཆར་གཞི་གཏན་འབེས་ཟིན་ཡོད་ཀྱང་། འདི་ལོ་༸གོང་ས་མཆོག་གི་༸སྐུའི་དགུང་སྐེག་འཁེལ་གྱི་ཡོད་སྟབས་ལས་གཞི་དེ་རེ་ཞིག་འཕར་འགྱངས་ཞུས་ཡོད་ཅེས་ལན་འདེབས་གནང་ཡོད།   བོད་མི་མང་སྤྱི་འཐུས་ཁག་གཅིག་ནས་བདེ་སྲུང་ལས་ཁུངས་དང་འཛིན་སྐྱོང་བཀའ་ཤག་ནས་མུ་མཐུད་རྒྱ་གར་ནང་གཏན་སྡོད་ཆོག་པའི་ཕྱག་འཁྱེར་ RC མེད་མཁན་ཚོར་གང་ཐུབ་རོགས་རམ་གནང་དགོས་པ་དང་། ལྷག་པར་དུ་བོད་མི་རྣམས་ IC ཞེས་ཕྱི་སྐྱོད་ལག་འཁྱེར་སེར་པོའི་ཐོག་ཕྱོགས་སྐྱོད་གནང་སྐབས་གནམ་ཐང་སོགས་སུ་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་སྟབས། བོད་མི་ཚོར་རྒྱལ་ཁབ་གཞན་ཁག་ཅིག་གི་མི་སེར་ལྟར་ Travel Documet ཞེས་འགྲུལ་བཞུད་ཡིག་ཆ་ཞིག་ཐོབ་ཐབས་གནང་དགོས་པ་སོགས་གནད་དོན་མི་ཉུང་བ་ཞིག་གི་ཐོག་བཀའ་བསྡུར་གཟབ་རྒྱས་གནང་ཡོད། གཞི་རྩའི་དེ་རིང་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་སུ་སྙན་སྒྲོན་གནང་བའི་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ནང་འདས་ལོའི་ནང་༸གོང་མཆོག་གིས་རྒྱལ་སྤྱིའི་རྒྱལ་ཁབ་མི་འདྲ་བ་དྲུག་དང་། རྒྱ་གར་གྱི་ས་གནས་མི་འདྲ་བ་ ༧ ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། སྔར་ལོ་བོད་ནས་གཏན་སྡོད་དང་གནས་སྐོར་ལ་ཕེབས་མཁན་བོད་མི་ ༢༨༦༡ བྱུང་བའི་ནང་ནས་བོད་མི་ ༢༣༠ བོད་དུ་ཕྱིར་ཕེབས་ཡོད་པ། དེ་བཞིན་ཕྱི་ཕྱོགས་ནས་བོད་ནང་གཉེན་འཕྲད་དུ་ཕེབས་མཁན་སེར་སྐྱ་ཕོ་མོ་གྲངས་ ༡༢༤ བྱུང་ཡོད་པ་དང་འདས་ལོའི་ནང་ཕྱི་རྒྱལ་ནས་ཕྱིར་ལོག་མཐོང་མཆན་ནམ་ Return Visa ཞུ་མཁན་གྲངས་ ༥༩༨ དང་། རྒྱ་གར་ནས་ཕྱིར་ཐོན་ལག་འཁྱེར་ Exit Permit ཞུ་མཁན་ ༦༩༦ བྱུང་ཡོད་པ་སོགས་ཀྱང་ཆེད་བཀོད་གནང་འདུག

བྱང་ཀེལ་ཕོ་ནི་ཡའི་ Richmond སྲང་ལམ་ལ་ Dalai Lama གཞུང་ལམ་ཞེས་མཚན་བཏགས་རྒྱུའི་ཞུ་སྐུལ།

བྱང་ཀེལ་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ Richmond གྲོང་སྡེ་ལྷན་ཚོགས་དང་སྤྱི་ཁྱབ་ལ་བོད་རིགས་སྤྱི་མཐུན་ཚོགས་པའི་སྡེ་བཞི་ཕུན་ཚོགས་གླིང་ཚོགས་ཁང་ཆགས་ཡུལ་གཞུང་ལམ་ལ་ Dalai Lama གཞུང་ལམ་ཞེས་མཚན་བཏགས་རྒྱུ་ཞུ་སྐུལ་གནང་འདུག དེ་སྔ་བོད་རིགས་སྤྱི་མཐུན་ཚོགས་པས་གྲོང་སྡེ་ལྷན་ཚོགས་དང་གྲོང་སྡེ་སྤྱི་ཁྱབ་སྐུ་ཞབས་ Tom Butt ལགས་ཀྱི་མཚན་ཐོག་ཏུ་སྡེ་བཞི་ཕུན་ཚོགས་གླིང་ཚོགས་ཁང་ཆགས་ཡུལ་Huntington གཞུང་ལམ་གྱི་ཆ་ཤས་ཤིག་ལ་ Dalai Lama གཞུང་ལམ་ཞེས་མཚན་བསྒྱུར་བཅོས་གནང་དགོས་པ་དང་དེ་བཞིན་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པར་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་མོར་ཏཱ་ལའི་བླ་མའི་ཉིན་མོ་ཞེས་གསལ་བསྒྲགས་དགོས་པའི་འབོད་སྐུལ་ཞུས་པ་བཅས་གཞུང་ལམ་དེར་གནས་སྡོད་མང་ཚོགས་ཁག་ལས་མཚན་རྟགས་བསྡུ་རུབ་ཀྱིས་ཞུ་སྙན་ཕུལ་ཡོད་པ་ལྟར། Richmond གྲོང་སྡེ་ལྷན་ཚོགས་ནས་ཟླ་བ་ ༧ ཚེས་ ༡༦ ཉིན་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས་ཟླ་ ༧ ཚེས་ ༦ ཉིན་མོ་དེ་ཏཱ་ལའི་བླ་མའི་ཉིན་མོ་ཞེས་ཡོངས་བསྒྲགས་གནང་ཡོད་པ་རེད། གཞི་རྩའི་ Dalai Lama གཞུང་ལམ་ཞེས་མཚན་བཏགས་སླད་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་ཐག་གཅོད་མ་གནང་གོང་ Recreation དང་ Parks Commision ཞེས་པའི་ཚོགས་ཆུང་ནས་རྒྱབ་སྐྱོར་དགོས་གལ་ཡིན་པ་དང་དེ་འབྲེལ་རྒྱབ་སྐྱོར་འདི་ལོའི་ཟླ་ ༨ ཚེས་ ༧ ཉིན་ཐོབ་ཡོད་པ་དང་།  མཚན་བསྒྱུར་བཅོས་ཀྱི་མཐའ་མའི་ཐག་གཅོད་དེ་གཟའ་འཁོར་རྗེས་མའི་རེས་གཟའ་མིག་དམར་ཉིན་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་གནང་རྒྱུ་ཡིན་པ་རེད། བྱང་ཀེལ་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་བསྟན་འཛིན་རང་གྲོལ་ལགས་སུ་བཅར་འདྲི་ཞུས་པར་འདི་ལོར་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༨༤ ལ་ཕེབས་པ་དང་བསྟུན་ད་བར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིས་གཙོས་པའི་རྒྱལ་སྤྱིའི་ཁྲོད་ཞི་བདེ་དང་འཚེ་བ་མེད་པ།  བྱམས་བརྩེའི་ཁོར་ཡུག་བསྐྲུན་སླད་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། ནོ་སྦེལ་ཞི་བདེ་གཟེངས་རྟགས་དང་ཨ་རི་གསེར་གྱི་གཟེངས་རྟགས་སོགས་ཆེ་བསྟོད་མང་དག་ཅིག་ཞུས་ཡོད་སྟབས་གྲོང་སྡེ་ངོས་ནས་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་ཆེ་བསྟོད་ཐུབ་སླད་དེ་ལྟར་ཞུ་སྐུལ་གནང་ཡོད་སྐོར་གསུངས་སོང་། རྩ་བའི་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་ཁུར་གྱིས་གཞུང་ལམ་ལ་མིང་བསྒྱུར་གནང་རྒྱུའི་གྲོང་སྡེའི་སྤྱི་ཁྱབ་ལ་རེ་སྐུལ་ཞུས་པ་དེ་ཆེས་ཐོག་མ་ཆགས་ཀྱི་མེད་པར་ཉེ་ལམ་ཨ་རི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཀྱང་སྤྱི་ཁང་ཕུན་ཚོགས་སྡེ་བཞི་མདུན་དུ་ཡོད་པའི་སྲང་ལམ་ལ་བོད་ཀྱི་ལམ་འམ་ Tibet Way ཞེས་མཚན་བཏགས་ཐུབ་པ་བྱུང་ཡོད་པ་རེད།  

སྤྱི་འཐུས་ཚོགས་གཞོན་མཆོག་ལ་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་སྣའི་བྱ་དགའ་ཞིག་བསྩལ་བ།

ཁ་སང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་རྒྱ་གར་གྱི་ Chanakya Foundation ཞེས་པའི་ཐེབས་རྩས་དམིགས་བསལ་ཁྱད་ཆོས་ཅན་གྱི་མི་སྣའི་བྱ་དགའ་ཞིག་གསོལ་རས་གནང་ཡོད་པ་རེད། རྒྱ་གར་གྱི་ད་ལྟའི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྲས་ཡོད་སྐུ་ཞབས་འབུམ་རམས་པ་ Syamaprasad Mookerjee དམ་པ་མཆོག་གི་རྗེས་དྲན་ལོ་བརྒྱ་འཁོར་བ་དང་བསྟུན་ཁ་སང་ཕྱི་དྲོ་རྒྱལ་ས་ལྡི་ལིའི་ Constitution Club ཁུལ་དུ་རྒྱ་གར་གྱི་བྱས་པ་ཅན་ཁག་གཅིག་ལ་ ༢༠༡༩ ལོའི་ཁྱད་སྤྱོད་ལྡན་པའི་མང་ཚོགས་ཀྱི་དབུ་ཁྲིད་ཞེས་པའི་བྱ་དགའ་ཞིག་གསོལ་བསྩལ་གནང་བའི་ཁྲོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་བོད་ཀྱི་བདེན་དོན་འཐབ་རྩོད་བཅས་ཀྱི་ཐོག་ཕྱག་ལས་གཟེངས་སུ་ཐོན་པ་གནང་ཡོད་པར་ངོས་འཛིན་གྱིས་བྱ་དགའ་བསྩལ་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བྱ་དགའ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་དང་འདི་བཞིན་གཞིས་བྱེས་བོད་མིའི་སྙིང་སྟོབས་ཀྱི་རྒྱབ་རྟེན་བཅས་ལ་བརྟེན་ནས་ཐེངས་འདིའི་བྱ་དགའ་གནང་ཡོད་པ་དང་། བྱ་དགའ་དེ་བརྒྱུད་ནས་ཁོང་སྒེར་ལ་བོད་མིའི་ལ་རྒྱ་དང་སྙིང་སྟོབས་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་གསུངས་སོང་། ཁ་སང་བྱ་དགའ་དེ་བཞེས་མཁན་གྲས་སུ་གཞན་ཡང་དེ་སྔོན་ BJP ཆབ་སྲིད་ཚོགས་པའི་ཚོགས་གཙོ་གནང་མྱོང་མཁན་སྐུ་ཞབས་ Murli Manohar Joshi མཆོག་གིས་དབུས་པའི་ད་ལྟ་རྒྱ་གར་གཞུང་གི་བཟའ་ཆས་བཟོ་སྐྲུན་བློན་ཆེན་སྐུ་ཞབས་ Rameshwar Teli  མཆོག་གིས་གཙོས་པའི་ UP མངའ་སྡེའི་བློན་ཆེན་ཞིག་དང་གཞན་ཡང་ RSS ཚོགས་པའི་སྐུ་ཞབས་ Indresh Kumar མཆོག་དང་རྒྱ་གར་ལྷོ་ཕྱོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་གཅིག་གི་གྲོས་ཚོགས་འཐུས་མི་ལ་སོགས་པའི་གནད་ཡོད་མི་སྣ་མང་པོ་ཞིག་ལ་བྱ་དགའ་དེ་གནང་ཡོད་པ་རེད། བྱ་དགའ་གསོལ་བསྩལ་གྱི་མཛད་སྒོའི་ཐོག་ཁྱོན་ཚོགས་བཅར་བ་མི་གྲངས་ ༢༠༠ བརྒལ་བ་ཞིག་འདུ་འཛོམས་བྱུང་འདུག་པ་དང་དེའི་ཁྲོད་ལྡི་ལི་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོ་སོའི་སྐུ་ཚབ་ཁག་གཅིག་ཀྱང་ཆེད་བཅར་ཞུས་འདུག་པ་ལྟར་བོད་མི་དེ་དག་ནས་ཀྱང་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་འཚམས་དྲིའི་མཇལ་དར་སྒྲོན་འབུལ་ཞུས་སོང་།

གཟའ་མཇུག་སློབ་གྲྭ་ཁག་གི་ཆེད་དུ་བསླབ་གཞི་རྩ་འཛིན་གནང་ཟིན་པ།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་ལྔ་པའི་ཐོག་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་ཁྲོད་ཤེས་རིག་བཀའ་བློན་མཆོག་གིས་འདི་ལོ་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གི་གཟའ་མཇུག་སློབ་གྲྭ་ཁག་གི་ཆེད་དུ་བསླབ་གཞི་རྩ་འཛིན་གཏན་འབེབས་གནང་ཐུབ་ཡོད་པ་གསུངས་སོང་། ཁ་སང་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ཐོག་བགྲོ་གླེང་སོགས་ཀྱི་ལས་རིམ་ཡོངས་སུ་མཇུག་སྒྲིལ་གནང་རྗེས་ཉིན་རྒྱབ་ཀྱི་ཚོགས་དུས་ ༤ པའི་ཐོག་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་ཞུས་སོང་བ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་སྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་ལྟ་ཞིབ་ཞུས་པའི་སྙན་ཐོ་སྒྲོག་སྦྱང་། དེ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་སྙན་ཐོ་དང་འབྲེལ་བའི་བཀའ་འདྲི་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་། གྲོས་ཚོགས་འཐུས་མི་རྣམས་ནས་ཤེས་རིག་གི་ལས་སྡོམས་ཐོག་བགྲོ་གླེང་གི་ལས་རིམ་ཐོག་སྤྱི་འཐུས་ཁག་གཅིག་གིས་དེང་སྐབས་བོད་མིའི་མི་འབོར་ཤུགས་ཆེ་ཞིག་ཕྱི་རྒྱལ་ཁག་ཏུ་གཏན་སྡོད་བྱེད་ཀྱི་ཡོད་པ་དང་འབྲེལ། བོད་པའི་ཕྲུ་གུ་རྣམས་ལ་རང་གི་སྐད་དང་རིག་གཞུང་མ་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། སློབ་ཕྲུག་དེ་དག་ལ་བོད་ཀྱི་སྐད་དང་ཡི་གེ་བསླབ་མཁན་གྱི་གཟའ་མཇུག་སློབ་གྲྭ་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད་པས་ད་ལྟའི་ཆར་སློབ་གྲྭ་དེ་རིགས་ག་ཚོད་ཡོད་པ་དང་དེ་དག་ནང་སློབ་ཞུགས་གནང་མཁན་གྱི་སློབ་མའི་གྲངས་འབོར་ཇི་ཡོད་སོགས་ཀྱི་ཐོག་ཤེས་རིག་ལས་ཁུངས་ཀྱི་ཐུགས་སྣང་དང་བཏང་འཛིན་གང་ལེགས་གནང་དགོས་པའི་དགོངས་འཆར་ཕེབས་པར་ཤེས་རིག་བཀའ་བློན་མཆོག་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢ དང་ ༣ ལ་ཨ་རི་སྐུ་ཚབ་དོན་ཁང་དང་ཤེས་རིག་ལས་ཁུངས་མཉམ་འབྲེལ་ཐོག་ཕྱི་རྒྱལ་ཁག་གི་གཟའ་མཇུག་སློབ་གྲྭའམ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་ཚོགས་ཆེན་ཐེངས་དང་པོ་དེ་གོ་སྒྲིག་གནང་ཡོད་པ་དང་། དེའི་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་སྐད་དང་རིག་གཞུང་སློབ་ཁྲིད་ཀྱི་བསླབ་གཞི་རྩ་འཛིན་གཏན་འབེབས་གནང་ཡོད་པ་གསུངས་ཡོད། རྩ་བའི་ཤེས་རིག་ལས་ཁུངས་ཀྱིས་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་ལས་བསྡོམས་སྙིང་བསྡུས་ནང་གསལ་ལྟར་ན། ད་ལྟའི་ཆར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་གཉིས་ནང་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་གྲངས་ ༦༤ ཡོད་པའི་ནང་ལོ་འཁོར་འདིའི་ནང་སློབ་ཕྲུག་ཕོ་མོ་གྲངས་ ༡༦༥༡༣ ཡོད་པའི་ཁོངས་སུ་བོད་ཕྲུག་བརྒྱ་ཆ་ ༦༦ དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་བུ་ཕྲུག་བརྒྱ་ཆ་ ༢༦ དེ་བཞིན་ཡུལ་མིའི་བུ་ཕྲུག་བརྒྱ་ཆ་ ༨ ཡོད་པ་དང་། དགེ་རྒན་ལས་བྱེད་ཁྱོན་བསྡོམས་གྲངས་ ༡༩༥༧ ཡོད་པ་འཁོད་འདུག དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་ཁག་གཅིག་ནས་བོད་པའི་སློབ་གྲྭ་ཁག་གི་ནང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་མང་དུ་འགྲོ་བ་དང་འབྲེལ་བོད་པའི་སློབ་ཕྲུག་རྣམས་ཀྱི་སྐད་ཡིག་བསྲེ་ལྷད་འགྲོ་བཞིན་པ་སོགས་ཀྱི་དགེ་སྐྱོན་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད་པ་ལྟར་ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དེའི་ཐོག་ཐུགས་སྣང་ངེས་པར་དུ་གནང་གི་ཡོད་པ་དང་། ད་ལྟའི་ཆར་སློབ་གྲྭ་ཁག་ཏུ་ཧི་མཱ་ལ་ཡའི་སློབ་ཕྲུག་གི་གྲངས་ཚད་ཚོད་འཛིན་གནང་བཞིན་ཡོད་པ་བཀའ་ལན་གནང་སོང་། ཤེས་རིག་གི་ལས་བསྡོམས་ཐད་བགྲོ་གླེང་ཁྲོད་སློབ་གྲྭ་ཁག་གི་ནང་དགེ་རྒན་ཆེད་ལས་ཡར་རྒྱས་ཀྱི་གནད་དོན་དང་འབྲེལ། ཁྱད་དུ་འཕགས་པའི་ཕྱག་ལས་གནང་མཁན་གྱི་དགེ་རྒན་རྣམས་ལ་གཟེངས་རྟགས་ཕུལ་དགོས་པའི་གནད་དོན་དང་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་རིམ་བཞིན་ཤེས་རིག་ལས་ཁུངས་ཀྱི་རྩིས་ལེན་པ་དང་འབྲེལ་སློབ་གྲྭ་དེ་དག་གི་སྤུས་ཚད་དང་ལས་དོན་ཁག་དེ་སྔ་ལས་ལྷག་པ་མེད་ཀྱང་དེ་སྔ་བཞིན་གནང་དགོས་གལ་སྐོར་སོགས་ཀྱི་དགོངས་ཚུལ་དང་དོགས་དྲི་ཞུས་ཡོད་པ་རེད། དེ་བཞིན་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཐོ་རིམ་སློབ་གཉེར་ཆེད་སློབ་ཡོན་གྱི་གནད་དོན་དང་འབྲེལ་ཏེ་འདི་ལོ་སློབ་མ་ཚུར་ཕྱིར་ལོག་གནང་བ་ཇི་ཙམ་བྱུང་ཡོད་པ་སོགས་ཀྱི་བཀའ་འདྲིར་འདི་ལོ་སློབ་ཕྲུག་གཅིག་ཕྱིར་ལོག་གནང་མེད་པ་དེས་མིང་རྗེས་སུ་འགོད་འབུལ་ཞུ་རྒྱུ་ཡིན་པ་གསུངས་སོང་། འབྲེལ་ཡོད་པར་ཕྱི་དྲིལ་ལས་ཁུངས།

རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆོས་དད་རང་དབང་ཐོག་མཉམ་ལས་གནང་དགོས་པའི་ཞུ་སྐུལ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༧༤ པ་འཚོགས་བཞིན་པ་དང་བསྟུན་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲིད་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཀྱི་ཚོགས་འདུ་ཞིག་ཆེད་བསྐོང་གནང་བའི་ཁྲོད་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་སྲིད་འཛིན་གཞོན་པ Mike Pence མཆོག དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ Sam Brownback ལགས་དང་ཕྱི་སྲིད་བློན་ཆེན་ Mike Pompeo སོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་དབུ་ཁྲིད་མང་དག་ཅིག་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཆོས་ལུགས་དད་མོས་རྐྱེན་པས་སྡུག་སྦྱོང་མནར་གཅོད་མྱོང་མཁན་མང་པོ་གདན་འདྲེན་བྱས་ཡོད་པ་ལྟར་བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་མ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱང་གདན་ཞུ་གནང་འདུག  རྒྱལ་སྤྱིའི་ཆོས་རང་དབང་གི་ལྷན་ཚོགས་དེ་གྲོལ་མཚམས་སུ་ཨ་རིའི་སྲིད་གཞུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུ་བསྐོང་གནང་བའི་ཁྲོད་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་གི་ཆོས་དད་རང་མོས་ཀྱི་གནས་སྟངས་སྐོར་ལ་གསུང་བཤད་གནང་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆོས་དད་རང་མོས་ཀྱི་གནད་དོན་ཐོག་མཉམ་ལས་གནང་རྒྱུའི་དུས་ལ་བབ་ཡོད་པ་དང་། ཨ་རིའི་གཞུང་ ནས་ད་རེས་ཀྱི་ལྷན་ཚོགས་བརྒྱུད་ནས་གོ་སྐབས་འདི་བསྐྲུན་ཐུབ་ཡོད་པ་འགྲེལ་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ཉི་མ་ལྷ་མོ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་གི་བོད་མི་རྣམས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་མེད་པའི་ཁར་གནས་ཚུལ་དེར་ཕྱི་ལ་བསྒྲགས་རྒྱུའི་ཐོབ་ཐང་ཡང་མེད་པར་བརྟེན་ད་རེས་ཁོང་གིས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་བོད་ནང་གི་ཆོས་དད་རང་དབང་སྤྱི་དང་རང་ལུས་མེར་བསྲེགས་ཀྱི་གནད་དོན། དེ་བཞིན་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་སྐོར་སོགས་སྙན་གསེང་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་ངོ་སྤྲོད་གནང་སོང་། ཨ་རིའི་གཞུང་ནས་ཐེངས་འདིའི་ལྷན་ཚོགས་ཐོག་ཉི་མ་ལྷ་མོ་ལགས་དང་ལྷན་དུ་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ཀྱི་བོུ་གཙོས་པའི་ཆོས་ལུགས་དད་མོས་དང་འབྲེལ་བའི་མནར་གཅོད་མྱངས་དང་མྱོང་མཁན་གྱི་མི་སྣ་ཁག་གཅིག་གདན་ཞུ་གནང་ཡོད་པ་རེད། རླུང་འཕྲིན་ཁང་གིས་ཉི་མ་ལྷ་མོ་ལགས་སུ་ཐེངས་འདིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་ཏུ་དམིགས་བསལ་གྱིས་ཁོང་གདན་འདྲེན་ཞུས་པ་དེར་གཟིགས་ཕྱོགས་ཇི་བྱུང་བཀའ་འདྲི་ཞུས་པར་གཙོ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གིས་བོད་ནང་གི་ཆོས་དད་རང་དབང་གི་ཐད་ནས་ཕྱག་ལས་རྒྱ་ཆེར་གནང་སྟེ་མཐར་རྒྱ་ནག་གིས་ཁོང་ལ་མ་ཉེས་ཁ་གཡོགས་ཀྱིས་སྐུ་ཚེ་མ་ཟིན་པའི་གནས་སྟངས་ཤིག་བྱུང་ཡོད་པར་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་གསལ་པོ་ཡོད་པ་ཞིག་ཡིན་སྟབས་ཁོང་ལ་ཆ་མཚོན་ན་རིན་པོ་ཆེའི་གནད་དོན་དེ་དངོས་སུ་མཐོང་མྱོང་མཁན་གྱི་བདེན་དཔང་ལྟ་བུ་ཞིག་ཡིན་པས་ཐེངས་འདིའི་ལྷན་ཚོགས་ཐོག་གདན་འདྲེན་ཞུས་པ་ཞིག་ཆགས་ཡོད་པར་གསུངས་སོང་། རྩ་བའི་ཨ་རིའི་གཞུང་གིས་གོ་སྒྲིག་གནང་བའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཁོང་ནི་འཛམ་གླིང་ནང་གི་ཆོས་ལུགས་རང་དབང་ཐད་ཚོགས་ཆེན་བསྡུ་བསྐོང་གནང་མཁན་ཨ་རིའི་སྲིད་འཛིན་ཐོག་མ་དེ་ཡིན་པ་གསུངས་པ་དང་འབྲེལ། ཨ་རིའི་ངོས་ནས་ཨ་སྒོར་ས་ཡ་ ༢༥ ལྷག་ཆེད་གཏོང་གིས་ཆོས་ལུགས་དད་མོས་རང་དབང་དང་ཆོལ་ལུགས་ཀྱི་གནའ་ཤུལ་སྲུང་སྐྱོབ་གནང་རྒྱུ་ཡིན་པ་མ་ཟད། ཆོས་ལུགས་སྲུང་སྐྱོབ་ཀྱི་ཚོགས་པ་ཞིག་ཀྱང་གསར་དུ་འཛུགས་རྒྱུ་ཡིན་པ་གསུངས་ཏེ་ཆོས་ལུགས་སྲུང་སྐྱོབ་གནང་རྒྱུ་ནི་ཨ་རིའི་དམིགས་འབེན་དང་པོ་ཡིན་པ་གསུངས་འདུག   འཛམ་གླིང་དབུ་ཁྲིད་ཚོས་ཆོས་དད་རང་དབང་ལ་དམ་དྲག་གི་ལས་དོན་ཡོངས་སུ་མཚམས་འཇོག་དགོས་པ་དང་ཆོས་ལུགས་དད་མོས་དང་འབྲེལ་བའི་བཙོན་པ་ཡོད་ཚད་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་ཆོས་དད་རང་དབང་ལ་དམ་དྲག་བྱས་པའི་ཁྲིམས་སྒྲིག་ཡོངས་ལ་བསྒྱུར་བཅོས་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། ཨ་རིའི་ངོས་ནས་ཐེངས་དང་པོར་དམིབས་བསལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་སུ་ཆོས་ལུགས་དད་མོས་ཀྱི་རང་དབང་གི་སྐོར་ཚོགས་འདུ་བསྐོང་བ་དེའི་གལ་གནད་དང་འབྲེལ་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་  ད་ལྟའི་གཞུང་འཛིན་གྱི་ཆབ་སྲིད་ཚོགས་པའི་ངོས་ནས་ཆོས་དད་དབང་དེ་གཙོ་ཆེར་འཛིན་བཞིན་པ་མ་ཟད་ཨ་རིའི་འཛིན་གཞོན་པ་སྐུ་ཞབས་ Mike Pence ལགས་དུས་རྒྱུན་ནས་ཆོས་དད་རང་དབང་གི་ཐོག་ཐུགས་སྣང་ཆེས་ཆེར་ཡོད་པའི་མི་སྣ་ཞིག་ཡིན་པ་བཤད་སྲོལ་ཡོད་པ་བཞིན་འདི་ལོའི་ཕྱི་ཟླ་ ༧ ནང་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཚོགས་འདུ་བསྡུ་བསྐོང་བྱས་ཡོད་པ་སོགས་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག་ཏུ་ཨ་རིའི་ངོས་ནས་ཆོས་དད་རང་དབང་གི་གནད་དོན་ལ་རྒྱབ་སྐྱོར་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད། ཨ་རིའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོགས་བཞིན་པ་དང་བསྟུན་རྒྱལ་སྤྱིའི་ཆོས་དད་རང་མོས་ལ་འབོད་སྐུལ་ཞེས་པའི་བརྗོད་གཞིའི་འོག་ཉིན་གཉིས་ཀྱི་རིང་ཚོགས་འདུ་བསྡུ་བསྐོང་བྱས་ཡོད་པ་ལྟར་ཁ་སང་ཨ་རིའི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ John Sullivan ལགས་ཀྱིས་རྒྱ་ནག་ནང་གི་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཞེས་པའི་བརྗོད་གཞི་ཐོག་དམིགས་བསལ་ཚོགས་འདུ་ཞིག་ཀྱང་བསྡུ་བསྐོང་གནང་བའི་ཁྲོད་འཇར་མན་དང་དབྱིན་ཡུལ་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་ ༢༡ ནས་ཚོགས་ཞུགས་གནང་འདུག རྒྱལ་སྤྱིའི་རྒྱལ་ཁབ་ཡོངས་ཀྱི་ངོས་ནས་རྒྱ་ནག་ལ་གནོད་ཤུགས་སྤྲད་ཐོག་རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་ཁུལ་དུ་མི་སྤྱོད་ལས་འདས་པའི་དམ་དྲག་བྱེད་བཞིན་པའི་གནས་བབ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་འདུག

བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དེ་དྲྭ་ཐོག་བརྒྱུད་ནས་བསྡུ་རྒྱུའི་ཚོད་ལྟའི་ལས་གཞི་དབུ་འཛུགས་གནང་འཆར་ཡོད།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དཔལ་འབྱོར་ལས་ཁུངས་དང་འབྲེལ་བའི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་ལས་གཞི་དང་། བེུད་ནུས་སྟོབས་གོང་སྤེལ་ལས་དོན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་དང་བོད་མིའི་འཛིན་སྐྱོང་བདེ་དོན་ལྷན་ཚོགས་སོགས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་སྦྲགས་སྤྱི་འཐུས་རྣམ་པས་ཞིབ་གཤེར་དང་བགྲོ་གླེང་ལས་དོན་ཐོག་ཕེབས་སོང་།  སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་གཅིག་ནས་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་དཔྱ་དངུལ་ལག་དེབ་བོར་བརླག་བྱུང་བ་ཚོར་གསར་བཟོ་གནང་སྟངས་དང་། དཔྱ་དངུལ་གྱི་བསྡུ་བྱ་དེ་བཞིན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ལ་བཞུགས་པ་ཚོའི་དབར་ཆ་སྙོམས་བཟོ་དགོས་པ། ལྷག་པར་དུ་ཕྱི་རྒྱལ་ཁག་ནས་དཔྱ་དངུལ་བསྡུ་བྱ་སྔར་ལྷག་ཡོང་ཐབས་སུ་དྲྭ་ཐོག་ནས་བསྡུ་རྒྱུ་ཡོད་པ་ཞིག་བཟོ་གལ་ཡིན་པ་སོགས་ཀྱི་ཐོག་དགོངས་ཚུལ་ཤུགས་ཆེན་པོ་ཕེབས་ཡོད་དང་། སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་ནས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དེ་དྲྭ་ཐོག་བརྒྱུད་ནས་བསྡུ་རྒྱུའི་ཚོད་ལྟའི་ལས་གཞི་དབུ་འཛུགས་གནང་འཆར་ཡོད་པ་གསུངས་ཡོད། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་སྟངས་དང་ལས་གཞི་ཇི་སྤེལ་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་གཅིག་ཞུས་སོང་བ་དང་། བཀའ་བློན་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གསར་འཛུགས་གནང་རྗེས་ད་ལྟའི་ཆར་རྒྱ་གར་དངུལ་ཁང་ཆེན་མོ་ནས་བུན་གཡར་སོགས་དང་འབྲེལ་བའི་ལས་གཞི་སྤེལ་ཆོག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་ཐོབ་ཡོད་པ་མ་ཟད། འདས་ལོའི་ནང་བོད་མི་སུད་ཚོང་བ་གྲངས་ ༡༣༡༦ དང་རྒྱན་ཆ་ཙག་གི་ཙིག་གི་ཚོང་པ་ ༡༩༡ དེ་བཞིན་རྟ་དྲེལ་ཁྱིམ་ཚང་ ༤༢ དང་གླ་རྒྱུག་སྣུམ་འཁོར་གཏོང་མཁན་ ༡༨༠ དབྱར་ཚོང་གནང་མཁན་ཁྱིམ་ཚང་ ༡༠༣ སོགས་ལ་བུན་གཡར་གྱི་ལས་གཞི་སྤེལ་ཏེ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རིམ་པས་ཚོང་ཆེན་པོ་གནང་མཁན་ཚོར་འབུམ་བཅུ་དང་བཅོ་ལྔའི་བར་གྱི་བུན་གཡར་ལས་གཞི་སྤེལ་འཆར་ཡོད་པ་དང་སླད་མར་ད་ལྟའི་བཀའ་ཤག་འདི་འཁྱུར་བའི་སྐབས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་དངུལ་གནས་ཚད་དེ་བྱེ་བ་བརྒྱ་བཟོ་རྒྱུའི་དམིགས་ཚད་འཛིན་བཞིན་ཡོད་པ་གསུངས་ཡོད། སུད་ཚོང་གནང་མཁན་ཚོའི་ཚོང་གི་བདེ་འཇགས་དང་ས་ཆའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ཐོག་བཀའ་འདྲི་ཁག་གཅིག་ཕེབས་ཡོད་པ་ལྟར། དཔལ་འབྱོར་ལས་ཁུངས་ནས་འདས་པའི་ལོ་དུས་ནང་དགུན་ཚོང་གནང་མཁན་ཚོར་དངུལ་ཟོག་གྱི་ཁྲལ་བབས་དང་། ངེས་སྲུང་། དེ་བཞིན་ཚོང་ཟོག་འོར་འདྲེན་གྱི་གྱན་རྒྱ་སོགས་དང་འབྲེལ་བའི་ཟབ་སྦྱོང་དང་། དགོས་ངེས་ཀྱི་ལམ་སྟོན་གནང་མུས་ཡིན་པ། དགུན་ཚོང་བའི་དཀའ་ངལ་དེ་དག་སེལ་ཐབས་སུ་ཚོང་ལས་དེ་དག་ཁྲིམས་དང་མཐུན་པ་ཞིག་གནང་དགོས་གལ་ཡིན་པ་གསུངས་ཡོད།  གཞན་ཡང་སྐབས་དེར་སྤྱི་འཐུས་ཁག་ལ་ལས་བེུད་ནུས་སྟོབས་གོང་སྤེལ་ལས་གཞིའི་ཐོག་བཀའ་འདྲི་ཁག་གཅིག་ཞུས་པ་བརྒྱུད་ནས་ཚན་པ་དེའི་ལས་དོན་ཚགས་ཚུད་ཡོང་ཐབས་སུ་གོ་གནས་ཡོད་པའི་སྲི་ཞུ་བ་ཞིག་སྡེ་ཚན་དེའི་འགན་འཛིན་དུ་ངེས་བསྐོ་གནང་དགོས་པ་དང་། བེུད་རྣམས་ནུས་སྟོབས་འཕེལ་ཐབས་སུ་ཟབ་སྦྱོང་གི་ལས་གཞི་ཁག་ཏུ་སྐྱེས་པ་ཚོས་ཀྱང་མཉམ་ཞུགས་གནང་བ། དེ་བཞིན་གཙོ་བོ་མིའི་བསམ་བློ་ལ་འགྱུར་བ་ཐེབས་པ་ཞིག་གནང་གལ་ཡིན་པ་སོགས་ཀྱི་དགོངས་ཚུལ་ཕུལ་སོང་།  གཞི་རྩའི་དེ་རིང་ཉིན་འཁྱོངས་རིང་ལ་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་སྤྱི་འཐུས་ཁག་ ༢༠ ལྷག་ནས་བགྲོ་གླེང་གི་ཆ་ཤས་བླངས་བཞེས་ཏེ་ཕྱིའི་རོགས་ཚོགས་ཁག་གི་རོགས་དངུལ་གནས་བབས་དང་། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཁང་། དེ་བཞིན་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་དོན་སོགས་དཔལ་འབྱོར་ལས་ཁུངས་དང་འབྲེལ་བའི་ལས་ཁུངས་མ་ལག་དང་བཅས་པའི་ལས་གཞི་མང་དག་ཐོག་བཀའ་བསྡུར་གཟབ་རྒྱས་གནང་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ལག་ཐོགས་ཁ་པར་བརྒྱུད་ནད་འབུ་གཏོང་བཞིན་པ་མངོན་གསལ།

ཁེ་ན་ཌར་རྟེན་གཞི་བྱས་པའི་ Toronto གཙུག་ལག་སློབ་གཉེར་ཁང་གི་འོག་ཡོད་པའི་ Citizen Lab དྲྭ་རྒྱའི་བདེ་འཇགས་ཉམས་ཞིབ་ཁང་གི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ལག་ཐོགས་ཁ་པར་བརྒྱུད་ནད་འབུ་བཏང་སྟེ་སྒེར་གྱི་གསང་བ་རྐུ་ཁྱེར་དང་ལྟ་སྲུང་བྱེད་བཞིན་པ་མངོན་གསལ་གནང་འདུག སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དྲྭ་རྒྱ་བརྒྱུད་ཉན་སྲུང་གིས་འགོག་རྒོལ་བྱེད་པའི་གནད་དོན་མང་དག་ཅིག་བྱུང་ཡོད་པ་ལས་ལག་ཐོགས་ཁ་པར་བརྒྱུད་ནད་འབུ་བཏང་བའི་གནད་དོན་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། དེ་རིང་ Citizen Lab ཀྱི་དྲྭ་གནས་ཐོག་སྙན་ཐོ་དེ་འདོན་སྤེལ་གནང་བའི་ནང་སྔ་ལོའི་ཕྱི་ཟླ་ ༨ པ་ནས་འདི་ལོའི་ཕྱི་ཟླ་ ༥ པའི་བར་བོད་མིའི་སྒྲིག་འཛུགས་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གཅིག་བཅས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་མང་དག་ཅིག་ལ་ Whatsapp ཞེས་པའི་ལག་ཐོགས་ཁ་པར་གྱི་བརྙན་ཆས་བརྒྱུད་དྲྭ་རྒྱའི་ཁ་བྱང་ཞིག་བཏང་སྟེ་དེའི་ཐོག་གནོན་པ་ཡིན་ན་ཁ་པར་དེའི་ཐོག་གི་འཕྲིན་ཐུང་དང་འབྲེལ་གཏུགས་ཁ་བྱང་། དེ་བཞིན་མི་གཞན་དང་འབྲེལ་བ་གནང་བའི་གནས་ཚུལ་ཆ་ཚང་རྐུ་ཁྱེར་བྱས་པ་མ་ཟད་དེ་བཞིན་ GPS ཞེས་ཕྱོགས་སྟོན་འཕྲུལ་ཆས་བརྒྱུད་སྒེར་གྱི་གནས་ཚུལ་ཤེས་ཐབས་བྱེད་ཀྱི་ཡོད་པ་རེད་འདུག ནད་འབུ་གཏོང་མཁན་དེ་གསར་འགོད་པའམ་ཡང་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱི་མི་ཡིན་ཁུལ་བྱེད་ཀྱི་ཡོད་པ་དང་།   དེའང་ཀུ་ཤུ་རྟགས་ཅན་དང་ Android ཞེས་པའི་ཁ་པར་རིགས་གཉིས་ཀའི་ཐོག་བཏང་ཡོད་པ་མངོན་གསལ་གནང་འདུག Citizen lab ཀྱིས་ནད་འབུ་དེའི་འབྱུང་ཁུངས་ལ་ Poison Carp ཞེས་མིང་བཏགས་ཡོད་པ་རེད། རྩ་བའི་གནས་ཚུལ་དེ་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་གོ་སྒྲིགས་འོག་ Tib CERT ཞེས་པའི་དྲྭ་རྒྱའི་བདེ་འཇགས་ཐོག་མཉམ་ལས་ཀྱི་ལས་གཞི་བརྒྱུད་ནས་ Citizen Lab ཉམས་ཞིབ་ཁང་དང་ལྷན་དུ་མངོན་གསལ་གནང་བ་ཞིག་དང། ཉེ་ཆར་ Google དང་ Volexity ཞེས་པའི་ཉམས་ཞིབ་ཁང་གཉིས་ཀྱི་སྙན་ཐོའི་ནང་ཡུ་གུར་མང་ཚོགས་ཐོག་ནད་འབུ་བཏང་བའི་གནས་ཚུལ་ཐོན་ཡོད་ལྟར་ནད་འབུ་གཏོང་མཁན་དེ་གཅིག་ཡིན་པར་མངོན་གསལ་གནང་ཐུབ་ཡོད་པ་རེད། Cititzen Lab ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ Bill Marczak ལགས་ཀྱི་གསུངས་པར་དུས་རྒྱུན་བོད་མིར་འབྱོར་བཞིན་པའི་དྲྭ་ནད་འབུ་དང་བསྡུར་ན་ད་ལྟ་གང་ཟག་ཞིག་གི་ཁ་པར་ནང་འཛུལ་ནས་གསང་བ་རྐུ་ཁྱེར་བྱེད་བཞིན་པའི་ནད་འབུ་དེ་ལྟར་བཟོ་བར་འགྲོ་གྲོན་ཧ་ཅང་ཆེན་པོ་བཏང་དགོས་པ་དང། སྤྱིར་བོད་མིའི་སྤྱི་ཚོགས་ཁྲོད་དུ་དྲྭ་འབུ་བཏང་བའི་གནས་ཚུལ་ཡང་ཡང་འབྱུང་བཞིན་ཡོད་ཀྱང། ད་ལྟ་ Poison Carp ཡིས་བཏང་བའི་ནད་འབུ་དེ་བོད་མིའི་སྤྱི་ཚོགས་ནང་ཉན་སྲུང་གི་གནད་དོན་ལ་ཧ་ཅང་ཛ་དྲག་ཏུ་ཕྱིན་ཡོད་པ་མངོན་རྒྱུ་ཡོད་སྐོར་གསུངས་འདུག བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲྭ་རྒྱའི་བདེ་འཇག་ལས་ཆར་ངེས་སྟོན་པ་དང་ Tib CERT ལས་གཞིའི་དྲུང་ཆེ་བློ་བཟང་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པར་ད་བར་བོད་མིའི་སྤྱི་ཚོགས་ཁྲོད་དུ་ནད་འབུ་ལྡན་པའི་དྲྭ་རྒྱའི་ཁ་བྱང་ཐོག་གནོན་མཁན་མི་ ༡༤༠ བྱུང་ཡོད་པ་དེ་ལྟར་ཡང། དེའི་ཁོངས་ནས་མང་ཆེ་བའི་ཁ་པར་གྱི་བརྙན་ཆས་དུས་ཐོག་ Update འམ་ཁ་སྐོང་གནང་ཡོད་སྟབས་གནོད་འཚེ་དེ་ཙམ་བཟོ་ཐུབ་མེད་ཀྱང་། ནད་འབུ་གཏོང་མཁན་དེས་གང་ཟག་གི་ཁ་པར་ཨང་གྲངས་དང་མི་སུ་ཡིན་མིན་སོགས་ཆ་ཚང་ཤེས་ཐོག་ནད་འབུ་གཏོང་གི་ཡོད་པར་བློ་འཚབ་གནང་དགོས་པའི་གནད་དོན་ཞིག་ཡིན་པ་གསུངས་སོང་།

Latest news